གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་ངོགས་ཀྱི་དྲན་ཤིང་།(ཞར་བཀོད་གཉིས་ཡོད)

2008-11-07 13:53:00 ལྷ་སྡེ་གནམ་ལོ་ཡག ཀློག་གྲངས། མཆན ཡོད།


                       ____T.Lལ་ཕུལ་བ།
ངས་ཁྱོད་རང་ངོ་ཤེས་པ་ཐོག་མ་མིན་ལ་མཐའ་མར་ཡང་མ་ངེས
ཟླ་མཇུག་དེར
སེམས་འགྱུའི་ཁར་སྙིང་རླུང་བསྲེས་པའི་རྒྱུན་མ་གཉོམ་པོ་ཞིག
སེམས་ངོགས་ནས་ཡ་ཆུང་བརྒྱུད་དེ་དལ་བུར་ཕྱི་ལ་ཆས་སྐབས
ད་གཟོད་ངས་རང་ཉིད་ལ་ཕྱིར་འཁོར་མེད་པའི་ནད་དུག་འཕར་བའི་ཚོར་ཤེས་རྙེད
ཅི་འདྲའི་དྲགས་སྐྱེད་མེད་པའི་གཅོང་ནད་ཁྱད་མཚར་ཞིག་ཨང
སྙིང་ཆུང་གི་ཕྱེད་ཀའང་ཟོས་ཚར
བཟོད་གསོལ་ཞུ
ནམ་ཞིག་འཕར་སླ་ལ་སོས་དལ་བའི་ནད་རྙིང་འདིར་བཅོས་ཐབས་རེ་རྙེད་ན
ཕྱི་ལམ་གྱི་གནས་ཚང་མཐའ་དག
དྲན་ཞེན་གྱིས་བསྒྲོན་པའི་མར་མེ་དང
བྲང་ཁུང་དུ་བརྩིགས་པའི་འཁྱག་རོམ་གྱི་སྤྱིལ་བུ་རེ་རེ་སྟེ
ནམ་ཡང་དྲན་ཤིང་དང་དུས་ཀུན་སྨྲེང་སློང་དུ་འགྱུར་སྲིད་ལ
སྐྲ་དཀར་གྱི་མཐའ་ལ་འགྲེངས་ནས་གྲིབ་ཆེན་གྱི་བསྐྱོར་མ་འཇོག་སྐབས་ཀྱང
སེམས་ཁུང་དུ་ཁ་བ་ལྟར་དཀར་ལྷབ་ལྷབ
སྨྱུག་རྩེ་རུ་འཇའ་ཚོན་བཞིན་འོད་ལམ་ལམ
                   ༢༠༠༢ ༡༢ ༢༣
    
       དགུན་མཐའི་རྒྱང་ལྟ།
དགུན་མཐའ་རུ་འགྲེངས་ནས
དགུན་ལྗོངས་སུ་ལྟ་ཐེངས་རེ་རེར
དགུན་ཁྲོད་ཀྱི་རྐང་ལམ་མིག་ཁར་འགྱུ
གྲང་ལྷགས་ཀྱིས་གཙེས་པའི་མི་རྣམས་ཡིད་ལ་འཁོར
རྨི་ལམ་རུམ་ཞིང་སྐྱོ་གདུང་མིད་དོན་ཅི

ཐུགས་རྗེ་ཆེ
འཕར་རྩའི་རྒྱུན་ཚེ་སྲོག་གི་གླུ་སྒྲས་གྱེར
སྐར་ཆའི་ཀློང་ལངས་འགྱེལ་གྱི་བསྐྱར་ཟློས་རྩེན
གཏམ་རྒྱུད་ཅིག
ཡང་ན
ངག་རྒྱུན་དུ་བརྡོལ་ངེས་པའི་གྱ་གྱུའི་རི་མོ་འགའ
སུ་ཚང་གི་མི་རབས་རེད
ཅིའི་ཕྱིར་དུ་འདི་ལྟར་འཚོ
ཁ་བའི་མངལ་ལས་ཐོན
གཡང་གཟར་བརྟོལ་ཏེ་བབས
རང་རློམ་གྱི་གོམ་ཁ་དང་བོ་གང་ནས་འཇོག
ཚོད་བགམ་ནི་ལས་དབང་མིན་པའང་དེ་དུས་ནས་ཤེས་སམ

ཐུགས་རྗེ་ཆེ
རླུང་ཁ་རུ་རལ་རྗེས་རྩྭ་མགོ་ལ་རེག་ཆོག
                  ༢༠༠༡ ༢ ༡༩
 
      བཞུད་སྔ་བའི་སྐར་ཆེན། 
              _____རྗེ་གུང་ཐང་ཚང་དགོངས་པ་ཞི་དབྱིངས་སུ་ཐིམ་རྗེས།
མདང་དགོང
མིག་ཆུ་ཁ་བས་མིད་པའི་གསིང་ལུང་ཀུན
ཁུ་སིམ་མེར
ལོ་ཟླའི་འཁོར་རྒྱུན་ཁྲོད་བག་ལ་ཞ་དུས
འོད་དཀར་གྱི་ཟེགས་མ་ཤམ་མེ
སྤོབས་སྟོབས་ཀྱི་གཟི་བྱིན་གྱི་ལེར
མུ་མེད་སྟོང་དབྱིངས་སུ་རང་ཉིད་བསྒྲོན་པས
མུན་པས་སྔངས་འདར་བསྐྱོན
སྐྱེ་དངོས་གཉིད་ལས་དཀྲོགས
བསང་ཆུ་སྔོན་མོ་མ་གཏོགས་གྱེར་མཁན་མེད་པ་ག་ལ་ཡིན
བཞུད་སྔ་བའི་སྐར་ཆེན་ཡ
འཇིག་རྟེན་གྱི་གྲུ་ག་ཡོངས་སུ་འདར་ཡོམ་ཐེངས་ཤིག་བསླངས

བཞུད་སྔ་བའི་སྐར་ཆེན་ཨང
མདང་དགོང་ལ་རྫོགས་མཐའ་མེད་བཞིན
ཐོ་རེངས་ལ་འང་མངོན་མཐའ་བྲལ
མུན་པའི་ཁྲོད
མི་རྣམས་ཀྱི་དྲན་ཤིང་དུ་རང་ཉིད་འཇོག་དོན་ཅི
མུན་པའི་རྔམས་ཀ་མཐོ
མུན་པར་བརྣབ་སེམས་རྒོད
སྨག་རླབས་ཀྱིས་མིད་པའི་སྐྱེ་དངོས་ཇི་ལྟར་བྱ
རེ་སྙེག་གིས་དེད་པའི་བྱ་ཚོགས་གང་དུ་འཚོ
བཞུད་སྔ་བའི་སྐར་ཆེན་ལགས
ནམ་རྒྱུན་ངས་འདི་ལྟར་བཤད་ཅིང་དེ་ལྟར་འབྲི་བཞིན་ཡོད
                  ༢༠༠༠ ༥ ༡༧
                                  
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།