ན་ཟུག་གིས་གཙེས་པའི་སེམས་ཀྱི་རྨ་ཁ།

གངས་ཞེན།༼མགོ་ལོག༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-17

ས་ཆེན་དྲག་ཏུ་གཡོ་བས    བདེན་དོན་བྲལ་བའི་གནས་ལུགས་མཐའ་དག
ལྡོག་མེད་ཀྱི་བསླུ་བྲིད་འོག   ནམ་ཡང་འཚང་ཁ་ཤིག་ཤིག
རྡོ་ལེབ་འོག་གི་གྲོག་མ་བཞིན  སེམས་འདུན་ཁྲི་ཕྲག་གི་འོག་ན
ནམ་ཡང་ངལ་དུབ་ཀྱིས
རང་ཉིད་དང་འཚམས་པའི་ཁྱིམ་གཞིས་ཤིག་བསྐྲུན་ན་འདོད

ཁྱེད་རང་མེད་པའི་གོང་རོལ་ནས  ཟླ་བ་མེད་པའི་མཚན་མོར་རེར
བྱང་ཕྱོགས་ནས་ལྡང་བའི་གྲང་རླུང་དེ་སྔར་བཞིན་འཁྱག་ལ
རེ་སྒུག་གིས་འཚོ་བའི་སེམས་པ་དེ་ཇི་འདྲ་སྐྱོའང

ངའི་དྲན་འཛིན་གྱི་མེ་ལོང་ན་འཚེར་བའི་སེམས་ཀྱི་བདག་མོ་ཡྰ
ཁྱེད་རང་ཞོགས་པའི་ཉི་གཞོན་བཞིན་དུ་འོངས་སྲིད་ན
ངའི་རེ་སྒུག་གི་ས་གཞི་ལ་ཇི་འདྲའི་དྲོད་ཁོལ་ལྡན་ཨང
ཁྱེད་རང་ཉ་གང་ཟླ་བཞིན་དུ་ཤར་རིའི་རྩེ་ནས་འཕགས་སྲིད་ན
ཚ་བའི་ཉེན་པའི་བ དག་གི་དམར་ཆུང་གི་སེམས་པར་ཇི་འདྲའི་བསིལ་བ་སྟེར་ཨང
ད་ལྟ མཐོང་འདོད་པའི་སྤྲིན་པ་དེ་དག་རྒྱང་ལ་བཞུད་ཟིན
གླེང་འདོད་པའི་གཏམ་རྒྱུད་དེ་དག་རླུང་བུས་ཁུར་ཟིན
ཁྱོད་ཁོ་ན  ངའི་དམར་ཆུང་གི་སེམས་པའི་དབུས་ན
སྐྱོ་སྡུག་གི་རྨི་ལམ་སྲུང་མཁན  ལས་དབང་གི་ཁ་དོག་གླེང་མཁན
དམར་ཆུང་སྲོག་གི་རྟེན་གཞི   ཁྱེད་མེད་པས
ངའི་འཇིགས་རུང་གི་ཉེན་པའི་སེམས་ཀྱི་རྨ་ཁ་འདི་སུ་ཡིས་གསོ

ཐོགས་སྒྲ་ལྡིར་བོ་ཞིག་གིས
ངའི་མཚན་ལྗོངས་ཀྱི་རྨི་ལམ་གསོན་པོ་དེ་རྨང་ནས་དཀྲོགས་ཤིང
སྤྲིན་དཀར་ལྟར་འཚོ་བའི་ལུག་ཁྱུར་འཇིགས་སྣང་སྟེར་བའི་ཅེ་སྤྱང་ཚོགས
གློག་དམར་བཞིན་དུ་ཇི་འདྲ་འཁྲིགས་ཀྱང
སྡུག་བོའུ་ཁྲ་རིང་གི་སོ་ཁ་ནས་ཐར་བའི་རི་སྤྱང་དར་མ
མཐོ་སྒང་གི་གཡུལ་ས་ནས  དྭངས་གཙང་གི་གྲང་ངར་ནག་པོ་ཧུབ་ཀྱིས་བཏུང

གཙང་བོའི་བཞུར་རྒྱུན་དང་མཐོ་སྒང་གི་ལས་དབང་སྲུང་བའི་གངས་ཅན་པ
འཇིགས་རུང་དང་ཐན་པའི་ཉེན་པའི་ལོ་ཟླའི་ཁྲོད
ཡ་མཚར་བའི་གེ་སར་རྒྱལ་བོའི་རྟོགས་བརྗོད་ལ་ཡིད་སྨོན་འཆོར་བཞིན
ཐ་མག་རྐང་གཅིག་དང་ཝུ་རག་དེམ་གང་གི་སེམས་གསོའི་ཁྲོད
མགོ་བོ་རུམ་ལ་བཅུག་ནས་གཉིད་ཆོག་ཆོག་བྱེད་ག་ལ་རུང

གནས་ལུགས་གསལ་བོ་ཞིག་ལ་ལ་གོ་བ་མ་བསྐྱོན་པའི་སྔ་རོལ་དུ
ཆོ་འཕྲུལ་གྱིས་གཙེས་པའི་སེམས་ཀྱི་རྨ་ཁ་དེ
ནམ་ཡང་ན་ཟུག་གིས་འཚོ་ནའང
ངའི་ནམ་མཁའ་ལྟ་བའི་བདེན་དོན་གྱི་སེམས་རྒྱ་བསྐྱེད་ནས
བསྐལ་བའི་ཆགས་འཇིག་ལས་བྱུང་བའི་གཏམ་རྒྱུད་དག་གི་སྔོན་འགྲོ་ལ
ཅིས་ཀྱང་བདེན་ལུགས་ཀྱི་དྲི་རྟགས་གསལ་བོ་ཞིག་བཀོད་ན་འདོད

ཟླ་བ་མེད་པའི་མཚན་གཞུང་དེ་ལ
ཨ་རི་ནས་ཐོན་པའི་མེ་ཤུགས་འཕུར་མདའ་ཞིག་
ངའི་སྙན་ངག་གི་ཡིག་འབྲུའི་གསེབ་ནས་རྡུལ་དུ་གྲུབ་ཅིང
རྡུལ་ནག་གིས་བཏུམ་པའི་ཤོག་བུའི་གཡུལ་ཐང་དེར
ལོ་རྒྱུས་ཀྱི་གཏེ་བོར་གྱུར་བའི་དབྱི་རག་སཱ་ཏུམ་རྒྱལ་བོ
ཤི་ཉེན་ཕོག་པའི་རྣམ་ཤིས་གསོན་པོ་དེ་གཉིད་ལས་དཀྲོགས་ཤིང
འདུ་འཛི་རྒོད་པའི་འཇིག་རྟེན་གྱི་ཞིང་ས་འདི་ནས
གོ་ཐོབ་ཀྱིས་སྦྲས་པའི་མིང་བྱང་བརྗིད་པོ་དེ་ཕྱགས་ལུད་དུ་འཕངས་ནས
ཐག་ནག་འདོམ་གང་སྐེ་ལ་བསྐོན་ནས
གང་སྐུ་བརྗིད་པོ་དེ   རྣམ་ཤིས་གསོན་པོ་དེ་དང་མི་འབྲལ་ཀ་མེད་བྱུང

དག་ཞིང་ནས་དམྱལ་ཁམས་བར་གྱི་ལྕགས་ལམ་བརྒྱུད་པའི་མེ་འཁོར་དེས
ནང་སེམས་ཀྱི་བཟོ་སྐྲུན་ལ་མཁོ་བའི་ཅ་ལག་མོད་པོ་དེ་དག
ཁྱད་འཕགས་ཐོན་རྫས་ཀྱི་ཚོང་རྟགས་རྫུན་མ་ཞིག་དང་ལྷན་དུ
འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཚོང་རར་བཀྲམ་ཟིན

ད་ལྟ་ངའི་ཉེ་གམ་ན་ཁ་པར་མེད་ལ་མཛེས་མ་འང་མེད
ས་ཁུ་སའི་རོལ་དབྱངས་དེ་བས་དབེན
ཡིན་ནའང   ཡིད་ཆེས་དང་རེ་སྙེགས་ཁྲོད
གནས་ལུགས་ཀྱི་རྫ་རི་སྲུང་བའི་འབྲོང་ཆུང་དར་མས
ངའི་དྲན་གདུང་གི་རི་སུལ་ཏུ་ཕབས་པའི་རྐང་རྗེས་ལེབ་མོ་དེ
དྲན་གདུང་གི་ལོ་ཟླའི་ཁྲོད་སེམས་ཀྱི་རྨ་ཁར་གྱུར་ཟིན
སྡུག་གི་རྨ་ཁ་ལག་པས་སྐྱོར་ཐེངས་རེ་ལ
སྲིན་པོའི་ཁྲོ་གཉེར་གྱི་ངོ་གདོང་ལས་རྩུབ་པའི་ནམ་ཟླའི་ཁྲོད
ས་སྟིང་གི་འགྲོ་བ་དེ་དག་ཇི་འདྲའི་ཉམས་རེ་ཆུང་ཨང

རྣམ་ཤིས་བྲལ་བའི་བེམ་རོ་དེ་དག་གིས    འགྲམ་པ་ལག་པས་སྐྱོར་བཞིན
ཝུ་རག་སྣུམ་པོའི་མངར་ཁ་ནས  ཚེ་སྲོག་གི་དབྱངས་རྟ་དེ་དག་རྡོག་བརྫི་བྱེད་བཞིན
སྟག་གི་ལྭ་བ་ཀྱོན་ཞིང    ཁྱི་ཡི་ཞབས་བྲོ་འཁྲབ

ལོ་རྒྱུས་ལ་མགོ་མཇུག་བཟློག་པའི་ཉིན་མོ་ནས
རྡུལ་འཚུབ་ཀྱིས་ནམ་མཁའ་གཡོག་པའི་སྣང་བརྙན་དེ་དག
བཙན་པོ་སུ་ཞིག་གི་རྟོགས་བརྗོད་རིང་མོའི་ཤོག་གྲལ་དུ་ཞུགས་ཟིན
བཙན་རྫོང་ཐོག་གིས་གཏོར་བའི་ཉིན་མོ་དེར
ཨུ་ཏུམ་བཙན་པོ་ན་ཟུག་གིས་གཙེས་པའི་སེམས་ཀྱི་རྨ་ཁས་དེས
དུས་རབས་ཤིག་གི་བྱུང་རིམ་ལ་རྫོགས་ཚིག་བཀོད

ང་ཁ་སང་ཟི་ལིང་ལ་ཐོན་དུས
ངའི་ཐོག་མར་དྲན་འོངས་བ་ནི་མདོ་རྨད་ཙོང་ཁའི་རྒྱལ་བོའི་རྟོགས་བརྗོད་རེད
གནའ་བོའི་ཙོང་ཁ་བ་ཚོས་གནས་འདི་ནས་ཤིས་རིག་གི་དར་ཆ་འཕྱར་མྱོང་ལ
རྒྱལ་ཁ་ཡི་དཔའ་གླུ་ལེན་མྱོང
ད་ལྟའི་ཙོང་ཁ་བ་ཚོ    ཙོང་ཆུ་སྔོན་མོའི་འགྲམ་ངོགས་སུ
རྣམ་ཤིས་བྲལ་བའི་བེམ་རོ་བཞིན
ཤིས་མེད་ཚོར་མེད་དུ་གཉིད་ལ་ཤོར་འདུག

བསམ་གཞིགས་རྨས་མ་ཞིག་ལས
ངེད་ཚང་གི་དབྱར་སའི་མཚེར་ས་དེ་ཡིད་ལ་དྲན་ཞིང
ངའི་བྱིས་དུས་ཀྱི་ཐབ་རྡོ་དང་རྭ་ཅོ་སྒྲིག་སའི་རྩེད་ར་ཆུང་ཆུང་དེའང་དྲན་འོངས
ཡིན་ནའང    དེ་ནི་བྱ་ཁྱུ་འཕུར་ཤུལ་གྱི་ནགས་ཚལ་ཡིན་ལ
ཆུ་བོ་བཞུར་ཤུལ་གྱི་གྲམ་པ་རེད

ཡིན་ནའང  ང་ལ་བྱམས་བརྩེ་ཡི་དྲོད་ཁོལ་སྟེར་བའི་དྲིན་ཅན་ཕ་མ
ང་ལ་བརྩེ་དུང་གི་མིག་ཟུང་གཏད་པའི་སེམས་ཀྱི་བདག་མོ
ང་དང་ལྷག་བསམ་གྱི་འདུན་མ་གཅིག་པའི་སྙིང་གི་གྲོགས་པོ
ང་དང་ལས་དབང་གཅིག་ལ་སྙེགས་པའི་སློབ་བུ་ཚོ
ངའི་ལས་སེམས་ཀྱི་རྨ་ཁ་ཇི་འདྲའི་ན་ཟུག་ཆེ་རུང
ངའི་འབྱུང་འགྱུར་གྱི་ལམ་བུ་ཇི་འདྲའི་ཀྱག་ཀྱོག་ལྡན་རུང
ང་ཚོ་ནམ་ཡང་   སྒྱོགས་མདེལ་གྱིས་གཏོར་མི་ཚུགས་ལ
གྲང་རླུང་གིས་འཇིག་མི་སྲིད་པའི་ཕ་མཁར་ཞིག་གི་བདག་པོར་འགྱུར་བར་སྨོན
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ན་ཟུག་གིས་གཙེས་པའི་སེམས་ཀྱི་རྨ་ཁ།

2012-01-17 གངས་ཞེན།༼མགོ་ལོག༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།