གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྗེས་དྲན་སྙིང་གི་འབོད་པ།

2012-03-14 03:40:00 ཅོ་བྱང་སྐར། ཀློག་གྲངས། མཆན ཡོད།

                 __དོན་གྲུབ་རྒྱལ་ལ་རྗེས་དྲན་དུ།
ཨ་ཕས་བཤད་ན།
ཁོ་བོ་ནི་རི་རྩེ་ནས་ལུག་ཁྱུར་རྒྱུགས་ལ་ཁད་བྱེད་པའི་སྤྱང་གི་དེ་རེད་ཟེར།
ཨ་མས་བཤད་ན།
ཁོ་བོ་ནི་ལུང་ཤུར་གྱི་གྲུ་ཟུར་ན་ནོར་ཁྱུ་ལ་འཇབ་རྒོལ་བྱེད་པར་གྲ་སྒྲིག་ཡོད་པའི་འཕར་བ་དེ་རེད་ཟེར།
ཕུ་བོས་བཤད་ན།
ཁོ་བོ་ནི་ལུག་ཁྱུའི་མཐའ་སྐོར་ན་ནམ་རྒྱུན་ཟུག་སྐད་འབྱིན་པའི་སྒོ་ཁྱི་དེ་རེད་ཟེར།
ནུ་བོས་བཤད་ན།
ཁོ་བོ་ནི་ནོར་ཁྱུའི་རྗེས་ཀྱི་གཉིད་བཅགས་ཟས་བརྗེད་ཀྱི་རྗི་བོ་དེ་རེད་ཟེར།
 
ཨ་ཕས་བཤད་ན།
ཁོ་བོ་ནི་འོད་སྣང་ལ་ཕོག་ཐུག་བཟོ་བའི་ནུབ་ཕྱོགས་ཀྱི་སྤྲིན་ཕུང་དེ་རེད་ཟེར།
ཨ་མས་བཤད་ན།
ཁོ་བོ་ནི་བུ་ཕྲུག་ལ་འཕྲུལ་སྣང་བསྟེར་བའི་ཆར་ཤུལ་གྱི་འཇའ་ཚོན་དེ་རེད་ཟེར།
ཕུ་བོས་བཤད་ན།
ཁོ་བོ་ནི་རྩྭི་ཏོག་གི་ཚེ་སྲོག་གསོ་བའི་ཟིམ་ཟིམ་གྱི་སྦྲང་ཆར་དེ་རེད་ཟེར།
ནུ་བོས་བཤད་ན།
ཁོ་བོ་ནི་ཤར་ཕྱོགས་ཀྱི་རི་བོའི་ཕྲག་ནས་མི་ཡུལ་ལ་འོད་སྣང་བསྟེར་བའི་འོད་སྣང་གི་སྐྱ་རེངས་དེ་རེད་ཟེར།
 
དོན་དམ་པར་ཁོ་བོ་ནི།
སྒྱིད་ལུད་ཀྱི་གྲོང་ཚོ་ན་རྒྱུན་འཁྱོངས་གི་སྤོབས་པ་མེད་པའི་རྟོག་གེ་བ་ཚོའི་སེམས་ཁོངས་སུ་ཙག་ཤེར་འདྲེན་བྱེད་ཀྱི་ལྷོ་ཕྱོགས་ཀྱི་འབྲུག་སྐད་དེ་རེད།
དོན་དམ་པ་ཁོ་བོ་ནི།
ཤེས་རིག་གི་རལ་གྲི་བཟུང་ནས་མི་རྟག་པའི་དམག་དཔུང་ཆམས་ལ་ཕབ་པའི་ཁྲབ་རྨོག་ཕུག་གསུམ་སྐོར་བའི་རྒྱལ་སྲས་དཔའ་བོ་དེ་རེད།
དོན་དམ་པ་ཁོ་བོ་ནི།
ཨ་གསར་གྱི་ཐང་ཆེན་ནས་ཧོལ་རྒྱུགས་ཀྱི་འདུ་ཤེས་བར་འཕྲུལ་མེད་ཀྱི་སློབ་གསོ་བྱེད་པའི་སྔོན་ཐོན་གྱི་བསམ་བློ་བ་དེ་རེད།
 
 ★ཨ་ཕ་ནི་སྲོལ་རྒྱུན་ནས་སྲོལ་རྒྱུན་ལ་དད་པའི་མི་བུ་ཞིག་རེད།
★ཨ་མ་ནི་མ་ཎི་ཡིག་དྲུག་གི་དོན་སྙིང་མི་གོ་རུང་དད་པ་བླ་ལྷག་ཆེ་བའི་སྐྱེས་མ་ཞིག་རེད།
★ཕུ་བོ་ནི་དུས་རབས་དགུ་བཅུ་བའི་རབས་རྗེས་མར་འཇིག་རྟེན་འདིར་ཡོང་བའི་མི་བུ་ཞིག་རེད།
★ནུ་བོ་ནི་དུས་རབས་བརྒྱད་བཅུ་བའི་ལོ་རབས་དགུ་བཅུའི་དུས་སུ་འཇིག་རྟེན་འདི་རུ་ཡོང་བའི་མི་བུ་ཞིག་རེད།
          ༢༠༡༢ལོའི་ཟླ་༣་པའི་ཚེས་༡༠ཉིན།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།