གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུད་མེད་དང་གཙང་བོ།

2012-03-09 11:31:00 དགའ་བཀྲ་ཤིས་རྡོ་རྗེ། ཀློག་གྲངས། མཆན ཡོད།

                    ༼ མི་སེམས་ཉུལ་བའི་གཏམ་རྒྱུད་ ༽ལས་ཁག་གཉིས་པ།
      
ཞོགས་པའི་ཉི་ཟེར་གྱི་འོད་སྣང་གིས་ངོ་གདོང་གི་གཉེར་མ་འབྲད་བྱུང་།
རྩྭ་ལྗང་གི་བསིལ་བས་ཤེལ་གྱི་མེ་ལོང་དེ་བསྐྲུས་བྱུང་།
བསིལ་འཇམ་གྱི་རླུང་བུས་མེ་ཏོག་གི་འདབ་མ་གྲོལ་བྱུང་།
སྦྲང་མའི་གར་སྟབས་ཀྱི་གཤོག་པས་སྙིང་ལ་དྲན་ཤིང་ཞིག་བཙུགས་བྱུང་།
དྲན་ཤིང་དེ།   ཡིད་ཀྱི་གཏིང་རིམ་ན་ལུས་པའི་རྨ་ཁ་ཞིག
དྲན་ཤིང་དེ།  ཁམས་དང་སྣང་བ་ན་ཟུག་པའི་ཚེར་མའི་མེ་ཏོག་ཅིག
 
བརྒལ་དཀའ་བའི་ཆོད་སེམས་ཀྱི་གཙང་བོ།
འབྲལ་མི་ཕོད་པའི་སྙིང་གི་ཡུལ་གྲུ །
 
གང་ལྟར།   ཡིད་ཆེས་ཀྱི་སྤོབས་པ་མ་ཉམས་ན །
མི་སེམས་ཀྱི་དབང་རྩ་ན་འཐིམས་པའི་བརྩེ་དུང་གི་བསླུ་བྲིད།
རྟག་བརྟན་གྱི་སྙིང་ཁོང་ན་རྩེན་པའི་ཕྱི་ནང་བར་གསུམ།
ཁྲུང་ཁྲུང་གི་འཕུར་སྟངས་དང་མེ་ཏོག་གི་འདབ་བརྒྱ་ལས།
སླར་ཡང་།   ཁད་ཀྱིས་མངོན་དུས།
ང་ཚོ་ནི་ས་སྒང་གི་མཐོ་ས་ན་འགྱིང་བའི་སྐྱ་རེངས་ཐོག་མ་ཡིན་ལ།
མི་སེམས་ཁྲི་ཕྲག་གི་ཡིད་ཀྱི་རྦ་རླབས་བཅོམ་པའི་ཉི་གཞོན་གསར་བའང་ཡིན་སྲིད།
 
གང་ལྟར།  བརྩེ་བའི་ཨ་ལུང་གི་མདུད་པ་མ་ལྷོད་ན །
སེམས་ཁོང་ན་དྲོད་ལྷོག་ལྷོག་གི་གཏམ་རྒྱུད་ཀྱི་ཁ་དོག་དང་བྲོ་བ།
བསིལ་འཇམ་རླུང་བུ་དང་འགྲོགས་ནས་ཡིད་མཐུན་མའི །
འོ་འཛིན་གྱི་བུམ་པ་དཀར་པོའི་དཀྱིལ་དབུས་སུ་ལྷུང་དུས།
ཡུན་རིང་གི་འདོད་འདུན་དང་རེ་སྒུག་གི་མེ་དཔུང་གསོན་པོ།
དུས་རླུང་གི་ས་མཚམས་དང་མི་ཁའི་སོ་མཚམས་ན །
འུར་གྱིས་ལྡང་ཞིང་ཤུགས་ཀྱིས་མཆེད །
 
གང་ལྟར།   མཐུན་སྒྲིལ་གྱི་གསེར་ཟམ་མ་བཤིག་ན །
ལུས་ཀྱི་བར་ཐག་རླུང་གིས་དེད་ནས་གཙང་བོའི་ཕར་ངོགས་སུ་སྐྱེལ་ནའང་།
སེམས་ཀྱི་འོད་སྣང་རེ་བའི་མཁའ་ནས་འཕྲོ་དུས།
ང་ཁྱེད་ཀྱི་ཉེ་འགྲམ་ན་ཡོད་ལ །    ཁྱོད་ང་ཡི་སེམས་གཏིང་ན་འབྱར།
གཏིང་དཔག་མི་ཕོད་པའི་བརྩེ་སེམས་ཀྱི་རྦ་རླབས་དྲགས་ཏུ་གཡོ་དུས།
དགུན་གཞུང་གི་རླུང་ནག་འཚུབ་མས་མིག་ཟུང་གི་འོད་སྣང་བསྒྲིབས་རུང་།
བརྩེ་ཆེན་འོད་ཀྱི་སྣང་བ་རེ་བའི་སྙིང་ན་བཏབ་ཡོད།
མི་འགྱུར་རྡོ་རྗེའི་དམ་ཚིག་སྙིང་གི་ཁོག་ན་བརྐོས་ཡོད།
ཡིད་མཐུན་མ།   སྐབས་འགར་ཁམས་དང་སྣང་བ་དྭངས་དྭངས་ཏུ་བསྐྱེད་རོགས།
 
སྔོ་བསང་གི་མཁའ་དབྱིངས་ན་ཞོ་རྩི་མ་ཡལ་བའི་སྤྲིན་དཀར་ལེབ་མོ་ཅིག
རང་དབང་དང་ཡིད་ཆེས་ཀྱིས་བསྐྱོད་པ་མཐོང་ཐེངས་རེར།
མིག་ཟུང་གི་བུང་བ་ཀེམ་ཀེམ་དུ་གཡོ་བའི་གཤོག་པ་དེ།
འགྲམ་ཆུ་ཤོར་བའི་སྐྱེད་ཚལ་ཅིག་ཏུ་སླེབས་པ་དང་ཅི་འདྲའི་མཚུངས་ཨང་།
 
སྔོན་གྱི་གཏམ་རྒྱུད་སྐྱ་བོ་དག་ཆོད་སེམས་བརྟན་པོས་རྫོགས་ཚིག་བཀོད་པ་ནས།
རང་ཉིད་ལ་དབང་བའི་ཡུལ་གྲུ་གཙང་མ་ཞིག་བཟོ་འགོད་བྱས་པ་ནས།
སླར་ཡང་།   སེར་ཆེན་མེ་ཏོག་གི་ས་བོན་སྙིང་དུ་བཏབ་པ་ནས།
……
          ༢༠༡༡ལོའི་ཟླ༡༢ཚེས་༢༢་ཉིན་ལ །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།