ང་ལ་གདམ་དུ་བཅུག་ན།
------d.r ལ་བྲིས་པའི་སྙན་ངག་བདུན་པ།
ང་ལ་གདམ་དུ་བཅུག་ན
ཁྱོད་དང་རྟག་ཏུ་འགྲོགས་པའི་སྐྲ་ལོ་སྣུམ་པོ་དེ་བྱེད་མི་འདོད
སྐྲ་ལོའི་གསེང་ན་འཐུལ་བའི་དྲི་བསུང་ཞིམ་པོ་དེ་བྱེད་མི་འདོད
སྐྲ་ལོ་ནག་པོ་གཉིས་སྔས་ཐོག་གཅིག་ནས་དཀར་ཞིང
བརྩེ་སེམས་ཟབ་མོ་གཉིས་སེམས་ན་གཅིག་ཏུ་འདྲེས་པའི
ཁྱོད་དང་ཚེ་གཅིག་འགྲོགས་མཁན་དེ་བྱེད་འདོད
ང་ལ་གདམ་དུ་བཅུག་ན
ཁྱོད་ཀྱི་ལག་ན་བསྣམས་པའི་སྒྲུང་གཏམ་ཡག་པོ་དེ་བྱེད་མི་འདོད
སྒྲུང་དང་དབྱེར་མེད་འདྲེས་པའི་ཚོར་བ་ཟབ་མོ་དེ་བྱེད་མི་འདོད
མིག་ཆུ་དྲོན་མོ་གཉིས་སྐྱོ་སྡུག་གཅིག་ལ་བསྟིམས་ཤིང
དགོད་སྒྲ་འཇམ་པོ་གཉིས་དགའ་སྤྲོ་གཅིག་ལ་འབུལ་བའི
ཁྱོད་ཀྱི་དགའ་རོགས་སྡུག་གྲོགས་དེ་བྱེད་འདོད
ང་ལ་གདམ་དུ་བཅུག་ན
ཁྱོད་ཀྱི་ལག་མགོར་འཁྱུད་པའི་གསེར་གྱི་གདུ་བུ་དེ་བྱེད་མི་འདོད
གདུ་བུའི་ངོས་སུ་བརྐོས་པའི་འབྲུག་རིས་མཛེས་མོ་དེ་བྱེད་མི་འདོད
སེམས་པ་ཐ་དད་གཉིས་ཞེ་འདང་གཅིག་གིས་སྦྲེལ་ཞིང
མི་ཚེའི་ལམ་བུ་གཉིས་གོམ་འགྲོས་གཅིག་གིས་གནོན་པའི
འཆི་ཁའི་ཕྱི་མིག་ཁྱོད་ལ་ལྟ་མཁན་དེ་བྱེད་འདོད
ད་དུང་ང་ལ་གདམ་དུ་བཅུག་ན
ཁྱོད་རང་སྐྱོ་དུས མིག་ཆུ་ཕྱིས་ཤིང་སེམས་གསོ་བྱེད་མཁན་དེ་བྱེད་འདོད
ཁྱོད་རང་སྤྲོ་དུས གླུ་སྒྲར་ཉན་ཅིང་ཐལ་མོ་རྡེབ་མཁན་དེ་བྱེད་འདོད
མདོར་ན་བདག་གི་འཇིག་རྟེན་འདིར་གཙོ་འཛིན་ཞིག་འདེམས་དགོས་ན
ཨའོ་པ་མ་སོགས་མིན་པར་བདག་གིས་བདག་ཁོ་ནར་དབང་
དགོས་པའི་ཁྱོད་གཅིག་པུ་འདེམས་ངེས
2011.5.18ཉིན་གྲོང་ཁྱེར་ཧྲང་ཧེ་ནས།
རྩོམ་ཁུངས། ངེད་དྲ་བ།