གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེ་སྐྱིད།

2012-10-16 17:40:00 ཤོ་ཤར་ཚེ་རིང་རྒྱལ་པོ། ཀློག་གྲངས། མཆན ཡོད།


ཕྱི་དངོས་པོའི་དཔལ་ཡོན་ཐོགས་པ་མེད་པའི་ཕྱུག་བདག་ཞིག་གི་ངོས་ནས་བཤད་ན་།
བདེ་སྐྱིད་ནི་བསགས་བསགས་པའི་རྒྱུ་ནོར་དེ་དག་ནང་མི་དང་མཉམ་དུ་ལོངས་སྤྱོད་བྱེད་རྒྱུ་དེ་རེད་།
རྒྱུ་ནོར་གྱི་དབུལ་བའི་ཅང་མེད་དབུལ་ཕོངས་ཀྱི་བཟའ་ཚོ་ཟུང་གི་ངོས་ནས་བརྗོད་ན་།
བདེ་སྐྱིད་ནི་ཟས་ཁམ་གང་ལས་མེད་ཀྱང་མཉམ་དུ་བཟའ་ཀྱིན་སྐྱིད་ལ་ཁའི་རྩ་ལ་མཉམ་བཟའ་དང་སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་གྱི་ལྷད་མེད་དགོད་སྒྲ་དེ་ཡིན་པ་རེད་།
འབྱུང་འཁྲུགས་ནད་ཀྱིས་མི་མནར་བར་གནས་སྐབས་བདེ་ཐང་དུ་གནས་པའི་སྐྱེ་བོ་ཞིག་གི་ངོས་ནས་བརྗོད་ན་།
བདེ་སྐྱིད་ནི་ལུས་སེམས་ལས་སུ་རུང་བར་རང་རང་གི་ལས་ཀ་དང་བྱ་གཞག་འགྲུབ་རྒྱུ་བྱུང་བ་དེ་རེད་།
ནད་ཀྱི་ཟུག་རྔུ་དྲག་པོས་སྐད་ཅིག་ཀྱང་བཟོད་ཐབས་དཀའ་བའི་ནད་ཡུན་རིང་བའི་ནད་པ་ཞིག་གི་ངོས་ནས་བརྗོད་ན་།
བདེ་སྐྱིད་ནི་ནད་ཀྱི་ཟུག་རྔུ་མི་ལྡང་བའི་གནས་སྐབས་ཕྲ་མོ་དེ་ཡིན་པ་རེད་།
མགོ་བོར་བ་མོས་བརྒྱན་པའི་དྲིན་ཅན་ཕ་མ་ཟུང་གི་ངོས་ནས་བརྗོད་ན་།
བདེ་སྐྱིད་ནི་ཆུང་སྦར་མོ་གང་ནས་གསོ་སྐྱོང་བྱས་པའི་རང་ཉིད་ཀྱི་བུ་ཕྲུག་ཡོད་ཚད་རང་རང་གི་འཚོ་བིའ་ལམ་བུའི་ཐོག་བདེ་ཐང་དུ་འཚོ་ཐུབ་པ་དེ་རེད་།
ཐེངས་མང་པོའི་བརྩེ་དུང་ལ་ཕམ་ཁ་འཕྲད་པའི་ཕོ་མོ་ཟུང་གི་ངོས་ནས་བརྗོད་ན་།
བདེ་སྐྱིད་ནི་ལས་འཕྲོས་བཅིངས་པའི་སྙིང་གྲོགས་དང་འཕྲད་དེ་དྲོ་སྐྱིད་ཀྱི་ཁྱིམ་ཚང་ཞིག་རང་བཞིན་ལྷུན་འགྲུབ་བྱུང་བ་དེ་རེད་།
ཆོས་ཕུག་སྤྲང་ལ་གཏད་།སྤྲང་ཕུག་བྲག་ཁུང་སྐམ་པོར་གཏད་པའི་གཏན་བདེར་ཕྱོགས་པའི་རྣལ་འབྱོར་ཞིག་གི་ངོས་ནས་བརྗོད་ན་།
བདེ་སྐྱིད་ནི་དགྲ་ཟུན་ལ་ཆགས་སྡང་མེད་པ་།གསོག་བསྲུང་གི་སྡུག་བསྔལ་དང་བྲལ་བ་།མཁའ་མཉམ་སེམས་ཅན་ཐམས་ཅད་ཕ་མར་གོ་ཏེ་ནམ་འཆི་འགྱོད་མེད་ཀྱི་སྤོབས་པ་རྙེད་པ་དེ་རེད་།
                    ༢༠༡༢ལོའི་ཟླ་༡ཚེས་༡༤ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།