གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསླུ་བྲིད།

2012-12-17 16:31:00 སྐྲན། ཀློག་གྲངས། མཆན ཡོད།

       …… གྲོགས་པོ་ཞིག་གིས་རང་གི་སྐྱེས་སྨན་རྒྱལ་ཁབ་གཞན་དུ་བཏང་རྗེས་ཀྱི་ཚོར་བའི་ཚབ་ཏུ་བྲིས་པ།
 

འོད་དང་དྲོད་ཀྱིས་གཏམས་པའི་མི་ཚང་ཞིག་སྟེ།
སྐྱིད་དང་དགོད་སྒྲ་འཁྱིལ་མྱོང་བའི་མི་ཚང་འདི།
དེ་རིང་། གློ་བུར་དུ། ཁུ་སིམ་མེར།
ཡོད་ཚད་འཇམ་ཅག་གེར་གྱུར་སོང་།
 
ཐམས་ཅད་࿉སྒོར་མོས་བསླུས་ནས་བུད་སོང་།
ཡོད་དགུ་སྒོར་མོས་བཅོམས་ནས་བུད་སོང་།
སྒོར་མོ་སྒོར་མོ་ཞེས་པའི་ཁ་ནག་ཞེ་ནག་འདིས།
དེ་རིང་། ངའི་གློ་སྙིང་ལ་འགྲམ་ལྕག་ཚད་མེད་དུ་གཞུས་སོང་།
 
࿊ཇོ་ཇོ་སེར་སྣས་བསྡམས་པ་མ་ཡིན་མོད།
མི་ཡུལ་ཧམ་པས་འགྲེང་དུ་བཅུག་པས།
ལོ་ངོ་ཆེན་མོ་བཅུ་ལ་བསགས་པའི་དཀའ་སྡུག་དང་རྔུལ་ཆུ་ཡོད་ཚད།
དེ་རིང་ཐོང་མཆན་ཤོག་ལྷེ་གཅིག་ལ་བརྗེ་དགོས་བྱུང་བ་རེད།

དེ་ཡང་། ཁོ་བོ་དེ་ལ་འགྱོད་པ་གཏན་ནས་མིན་ན་ཡང་།
ཁོ་བོའི་བུ་ཆུང་ཟུང་དང་ཨ་མ་ཟེར་ན།
ད་ལྟ། ས་དང་གནམ་རེད། སྟོད་དང་སྨད་རེད།
ད་དུང་། ཡོད་ཚད་བདེ་འཇགས་དང་ལྷན་འཛོམས་ཁོ་ནའི་འགྲུབ་བམ་སྙམ་ན།
ངས། དེ་ལྟར་བསམ་ཞིང་དེ་ལྟར་ཞིབ་ཀྱིས་བསམས་ན།
ངའི་ཡོད་ཚད་འཁྱགས་པ་རྡོ་རེད།
ངའི་ཡོད་ཚད་སྟོང་པ་ཉིད་རེད།


སྒོར་མོ་སྒོར་མོ་ཞེས་པའི་ཁ་ནག་ཞེ་ནག་འདིས།
ངའི་ཡོད་ཚད་གཏོར་ཞིང་ཡོད་ཚད་བཅོམས་ནས་བུད་སོང་།
 
࿉སྒོར་མོ་ནི་ཡུལ་སྐད་དུ་ལག་དངུལ་གྱི་མིང་སྟེ། འདི་ནས་ཀྱང་ལག་དངུལ་ལམ་ཀུན་དགའ་དོན་གྲུབ་ཁོ་ནར་གོ་བས་ཆོག།
࿊ཇོ་ཇོ་ནི་ཕུ་བོའམ་སྐྱེས་པ་སྤྱིའི་མིང་དུ་འགྲོ་མོད། འདིར་སེམས་ཚོར་འདི་རྒྱུད་ལ་སྐྱེ་སའི་གྲོགས་པོ་རང་ལ་གོ་བས་ཆོག།

༢༠༡༢།༡༡།༠༩མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།