གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱོ་གླུ་ཞིག་ལེན་འདོད།

2013-05-12 15:06:00 པད་མ་ཆོས་འཕེལ། ཀློག་གྲངས། མཆན ཡོད།

         -----རྨོ་བོ་འདས་རྗེས།
རྣ་བར་གཟན་པའི་ཆར་ཁྲོད་ཀྱི་འབྲུག་སྒྲ་དེས།
ངའི་མཚན་གང་པོའི་རྨི་ལམ་གྱི་རྟ་ཕོ་དཀྲོགས་སོང་།
གློག་དམར་འཁྱུག་པའི་འོད་ཟེར་དེས།
གྱང་འདེབས་སུ་བཀལ་བའི་ཁྱེད་ཀྱི་འདྲ་པར།
ངའི་འདྲེན་བྱེད་དུ་གསལ་ལེར་ཡང་ཡང་འཆར།
དེ་དུས།  ངས་ཡང་བསྐྱར་ཁྱེད་ཉིད་དྲན་བཞིན།
སྐད་ཤུགས་ཆུང་ངུས་སྐྱོ་གླུ་ཞིག་ལེན་སྙིང་འདོད་ལ།
དྲན་གདུང་མཚོན་པའི་སྙན་རྩོམ་ཞིག་ཀྱང་འབྲི་འགོ་བརྩམས།

རྨོ་བོ་ལགས་ཁྱེད་ཕེབས་ཟིན།
རང་ཁྱིམ་གྱི་མིག་ཆུའི་སྐྱེལ་མའི་ཁྲོད་ནས་ཕེབས་ཟིན།
ཕ་ཡུལ་ཀྱི་ཞིང་ཐང་ཆེན་པོ་འཕྲེད་དུ་བཅད་ནས་ཕེབས་ཟིན།
རྨོ་བོ་ལགས་ཁྱེད་ཕེབས་ཟིན་པས་ང་དྲན་གདུང་གི་རྒྱ་མཚོར་ལྷུངས།
ངས་སྙན་ངག་གི་ལམ་ནས་ཁྱེད་དང་མཇལ་འཛོམས་ཀྱི་རེ་སྨོན་
བཅངས་བཞིན་ཡོད།
ཡིན་ནའང་།    རྨོ་བོ་ལགས།
སྔར་བཞིན་ཁྱེད་ཀྱི་གྲིབ་གཟུགས་ཙམ་ཡང་མ་མཐོང་ལ།
ཐ་ན་རྨོ་བོ་ལགས་ཁྱེད་ཀྱི་གསུང་སྐད་ཙམ་ཡང་མ་ཐོས་པས།
སྐྱི་གཡའ་བའི་འཇིག་སྣང་ཞིག་གིས་ངའི་ལུས་པོ་འདར།
ཁ་སང་ལམ་ལ་ཆས་པའི་ང་རང་།
དེ་རིང་ཁེར་རྐྱང་གཅིག་པུ་ཡིན་པས།
ངའི་ལུས་པོར་ཚ་དྲོད་ཀྱི་འཕར་རྩ་རྒྱས་མི་ཐུབ་ལ།
སྤྲོ་སྣང་གི་ཚོར་བ་ནི་ངའི་འཇིག་རྟེན་དང་ཡོངས་སུ་བྲལ།

དུས་ད་ཆ།  
རྣ་བར་གཟན་པའི་འབྲུག་སྒྲ།
འཇིགས་སྐྲག་ཆེ་བའི་གློག་དམར།
བྲིས་མི་ཚར་བའི་སྙན་ངག
ངས་སླར་ཡང་ཕྱིར་མིག་ཞིག་ལྟ་དུས།
བརྗོད་མི་ཤེས་པའི་ཚོར་སྣང་དུ་མས་སེམས་པ་བརླན་བྱུང་།
འདོམ་གང་གི་ཁང་ཆུང་འདིའི་ནང་།
ཁྱེད་ཀྱིས་ངའི་མིང་ནས་ལན་གསུམ་འབོད་སྐབས།
བདག་ཇི་འདྲའི་སེམས་པ་སྐྱིད་པོ་ཞིག་དང་།
ཇི་འདྲའི་སྤྲོ་སྣང་དང་ལྡན་པའི་མི་ཞིག་རེད་ཨང་།
འོན་ཏེ།   ད་ཆ་ཁྱེད་ཉིད་ཞུགས་མེད་པའི་འཚོ་བར།
འབྲུག་སྒྲ་དང་འགྲོགས་པའི་གློག་དམར་འཁྱུག་མང་བས།
ང་ལ་ལྷིང་འཇགས་ཀྱི་མཚན་མོ་དབེན་སོང་།
ང་ལ་བདེ་སྐྱིད་ཀྱི་སྣང་བ་སྟོངས་སོང་།

རྨོ་བོ་ལགས།      ཁྱེད་བདེ་བར་ཕེབས་ཤིག
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།