གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁུ་བྱུག་འཕུར་ཤུལ་ན།

2013-08-19 14:05:00 དགེ་སྐྱེས་ཚེ་རིང་། ཀློག་གྲངས། མཆན ཡོད།

 

      –གྲ་ནང་གཞས་པ་སྟོབས་རྒྱལ་མཆོག་ལ་མྱ་ངན་ཚུལ་དུ།

ངའི་ཡ་ཆུང་འཁྱགས་ཀྱིས་བསྡམས་པའི་ཉིན་མོ་ཞིག་ལ།
ལྷ་ལྡན་ནས་ཁུ་བྱུག་ཞིག་རང་དབང་གིས་འཕུར་སོང་ཟེར།
སྐར་མདའ་ས་ལ་ལྷུངས་པ་མ་མཐོང་བའི་མཚན་མོ་ཞིག་ལ།
ཕ་ཡུལ་ནས་ཕོ་རབ་ཅིག་འཇིག་རྟེན་ལས་བྲལ་སོང་ཟེར།

ཁུ་བྱུག་གི་འཕུར་ཚུལ།
ང་ཚོའི་འཇིག་རྟེན་ན་གྱོང་གུན་ཚབས་ཆེན་ཞིག་ཡིན་རུང་།
ཁུ་བྱུག་གི་འཇིག་རྟེན་ན་རྒྱལ་ཁ་བླ་མེད་གཅིག་ཡིན་སྲིད།

ཆུང་ཆུང་སྣབས་ལུད་ཀྱི་བརྒྱན་པའི་བྱིས་པའི་དུས་ན།
ཁུ་བྱུག་གི་གསུང་ལས་ངའི་ཕུགས་བསམ་གྱི་གཤོག་རྩལ་རྒྱས་མྱོང་ལ།
གཞོན་གཞོན་ལང་ཚོ་དར་བའི་ཕོ་གསར་གྱི་དུས་ན།
ཁུ་བྱུག་གི་གསུང་དེས་ངའི་སེམས་ནད་སེལ་བ་གྲངས་ཀྱིས་མི་ལང།
ཡིན་ཡང་མཁའ་རླུང་དགུན་ཁ་ལས་གྲང་བའི་དོ་ནུབ།
ཁུ་བྱུག་གི་གསུང་ཁོ་ན་ངའི་མིག་གི་མཆི་མ་འདྲེན་མཁན་དེ་ཡིན་འདུག

ད་ནི་ཁུ་བྱུག་ལགས་སེམས་ནད་མེད་པར་འཕུར་མཛོད།
ཁྱེད་ཀྱི་གསུང་ལ་ཉན་ནས་ལོངས་པའི་བུ་ཆུང་ཚོས།
ཁྱེད་ཀྱི་འཕུལ་ཤུལ་ནས་ཁྱེད་ཀྱི་རྐང་ལམ་བཙལ་ཆོག
ད་ནི་ཁུ་བྱུག་ལགས་དོགས་གནད་མེད་པར་ཕེབས་མཛོད།
ཁྱེད་ཀྱི་གསུང་ལ་ཉན་ནས་རྒས་པའི་རྒན་རྒོན་ཚོས།
ཁྱེད་ཀྱི་འཕུལ་ཤུལ་ནས་ཁྱེད་ཀྱི་གཏམ་རྒྱུད་གླེང་ཆོག

ངོ་མ་ཁུ་བྱུག་ལགས།   ད་ནི་མིག་ཆུ་མེད་པར་འཕུར་མཛོད།
《ཡར་ཀླུང་གི་སྨོན་འདུན་》ཉན་ནས་འོང་བའི་ང་ཚོས།
《ཡར་ཀླུང་གི་སྨོན་འདུན་》ཁྱེད་ལ་གཟེངས་རྟགས་སུ་བསྩལ་ཡོད།
ༀམཎིཔདྨེཧྰུྃ།           ༀམཎིཔདྨེཧྰུྃ།          ༀམཎིཔདྨེཧྰུྃ།
      ༢༠༡༣ལོའི་ཟླ་༦པའི་ཚེས་༡༤ཉིན་རྒྱ་གྲོང་ཁྲེན་ཏུའུ་ནས།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།