གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཀྱི་མིག་ཟུང་།

2013-12-25 21:22:00 ཁ་བ་སྙིང་ལྕགས། ཀློག་གྲངས། མཆན ཡོད།

 

 

ཞོགས་པ་ཞིག་ལ    ངས་ང་རང་གཅིག་པུ་གཉིད་ལས་སད་ཀྱིན་པ་མཐོང
སྐབས་དེར་ངས་ལག་པ་མདུན་ཕྱོགས་སུ་བསྲིངས་ཤིང
འཛིངས་ནས་སྐྱེས་པའི་རྩྭ་ལྡུམ་དག་གི་མགོ་འཕང་མར་མནན་ནས
དྲན་པའི་མེ་ལོང་གི་ངོས་སུ་ཕོན་པོར་ཆགས་པའི་ས་རྡུལ་དག་ཕྱགས

ཞོགས་པ་དེར  ངས་ཁྱོད་ཀྱི་མིག་ཟུང་དྲན་བྱུང
ཁྱོད་ཀྱི་མིག་ཟུང་ལས་ངས་ཡུ་མོ་ཞིག་གི་རྒྱབ་གཟུགས་མཐོང་མྱོང
ཡུ་མོ་དེས་ཁེར་རྐྱང་ངང་རྫ་བྲག་དང་གཙང་ཆེན་བརྒལ་གྱིན་འདུག
རྨིག་རྡུལ་རེ་རེའི་ཁྲོད་དུ་འཇིགས་སྐྲག་གི་ན་བུན་འཐིབས་འདུག

ངས་ཁྱོད་ཀྱི་མིག་ཟུང་ལས་དེ་རིང་གི་ཞོགས་པ་འདི་མཐོང་ཐུབ་ན་བསམ
སྟོན་མཇུག་གི་སྡོང་ལོས་ལྷགས་རླུང་གི་ཁྲོད་དུ་གར་བྱེད་ཀྱིན་པ་མཐོང་ཐུབ་ན་བསམ
ཡང་ན་ངས་ཁྱོད་ཀྱི་མིག་ཟུང་ལས་ང་རང་ཉིད་ཀྱི་མིག་ཟུང་མཐོང་ཐུབ་ན་བསམ
འཁྱགས་རོམ་གྱི་རྒྱ་མཚོ་བཞིན་ལྟེམས་པའི
བདག་གི་ཟད་མཐའ་བྲལ་བའི་སྐྱོ་སྣང་དང་ཁེར་རྐྱང་དག་མཐོང་ཐུབ་ན་བསམ

ཞོགས་པ་དེར  ངས་ཁ་དབུགས་ཀྱི་ཁྲོད་དུ་ལག་སྙོབས་བྱས
སྒེའུ་ཁུང་ཕྱེ་ནས་གྲང་ཅང་ཅང་གི་ལྷགས་པས་ངོ་གདོང་ལ་བྲབ་ཏུ་བཅུག
མིག་མཐའ་རུ་འགུལ་གྱིན་པའི་མིག་ཆུ་དག་ཕྱིར་མིག་མཐའ་ནས་སྐམ་དུ་བཅུག
དེ་ནས  ངས་ཁྱོད་ཀྱི་མིག་ཟུང་དྲན་ཚུལ་གྱི་སྙན་ངག་འདི་བྲིས་པ་ཡིན
                                                        2013-10-29

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།