གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོང་སྣང་གི་ཨུ་ཚུགས།༼ ཞར་བཀོད་བཞི་ཡོད ༽

2015-05-06 09:50:16 སྤྱང་ལྟོགས་ཁྲིད་རྒོད།༼ རྨ་ལྷོ ༽ ཀློག་གྲངས། མཆན ཡོད།


འཇའ་ཚོན་དེ་གནས་ལུགས་ཡང་དག་ཅིག་ཡིན་པས
སྐྱེ་འཆི་གཉིས་ཀྱི་བར་ལའང་ལྕགས་སྒྲོག་གིས་དམ་དུ་སྒྲིལ
གནམ་འོག་གི་ཕག་དང་མི
དུས་ཀྱི་མདུང་ཁ་ན་དུག་གིས་མྱོས་ཡོད་ལ
དཀར་ཡོལ་འབྲུག་སྒར་མ་དང་གསེར་གྱི་བུམ་པའང
བསེར་བུ་རླུང་གིས་འཇིག་འགྲོ་ལ
འཇིག་ཀྱང་སྲིད་ངེས།
            ༢༠༡༣.༡༡.༡༤

              རྣག་གིས་ཟིན་པའི་འཇིག་རྟེན།

ཕོ་རོག་ཅིག་གི་སྡེར་ཁ་ནས
གནམ་འོག་གི་ངོ་གདོང་མུན་སྟུག་པོའི་མཚན་ལྗོངས་སུ་གསེབ
ཅེ་སྤྱང་གི་འདུར་རྒྱུགས་རྒོད་པའི་དམྱལ་ཁམས
ས་རྡུལ་དང་ཁྲག་གི་ལོ་ཟླ
བྲག་ཅ་བཞིན་བྲག་ལ་འབྱར་བྱུང་ལ
ཉི་ཟླ་བཞིན་མཁའ་རུ་སྦྱར
དུག་གིས་ཟིན་པའི་མེ་ཏོག
ནད་ཀྱིས་མྱོས་པའི་ཁོར་ཡུག
རྩྭ་རྐང་གཅིག་གིས་མིག་ཆུ་ཡང་ཡང་བཞུར་ཡང
སོག་ལེ་དང་སྟ་རེ
གྲུབ་གཟུགས་བཞིན་ནམ་མཁའི་མཐའ་རུ་གཏད
རི་མཐོན་པོའི་གཟི་བརྗིད་དང
ཆུ་དམའ་མོའི་བརྩེ་བ
གཟེབ་ཏུ་བཅུག་པའི་བྱེའུ་བཞིན
མིག་ཆུ་ཞིག་གི་གཏམ་རྒྱུད་ཁོ་ནར་གྱུར།

སྙིང་གསོན་པོ་དེའང་ཤི་ཟིན་པའི་བེམ་པོ་ལྟར
ཁ་བའི་མེ་ཏོག་གི་ཞབས་འོག་ཏུ་སྦས
ལག་ཟུང་རིང་དུ་བརྐྱངས་པའི་འཇིག་རྟེན
དམྱལ་ཁམས་ལས་ཀྱང་དམྱལ་ཁམས་སུ་སྣང་བས
ཀི་རིང་ཞིག་གི་ངང་རྒྱུགས་ཁྲོད
སྤྲིན་པ་དཀར་པོར་སྨོན་ལམ་ཡང་ཡང་བཏབས
མེ་རོ་དང་སོ་ནག
མྱུ་གུ་དབེན་པའི་ཤུལ་བཞག་ཏུ་སྣང་ཡང
བྱེ་ཐང་གི་ནས་འབྲུ་དང
ནམ་མཁའ་ཡི་མེ་ཏོག་དེས་ཅི་བྱ
སྒེའུ་ཁུང་མང་དུ་སྣང་བའི་འཇིག་རྟེན
གཏན་སྡོད་ཀྱི་ཞིང་དུ་བཀོད་ཀྱང
ཁྲག་གིས་བཞེངས་པའི་མཆོད་རྟེན་དང
རྣག་གིས་མྱོས་པའི་བར་ཐག
འདམ་དང་འདམ་གྱི་བར་གསེང་ན་འཚོ
ལག་པ་དང་བཞིན་རས
སེམས་པ་དང་ཁྲག་གི་སྐད་ཆ
བཞུད་ལམ་དེ་དང་ཁྲག་གི་རྨ་ཤུལ་ལོ།
                    ༢༠༡༤.༡.༢

              སྙན་ངག་ལྷ་མོའི་ཟླ་མཚན།

བྱིས་པ་ཞིག་ལས་དབང་ལ་འཐམས་ཏེ
མེ་ཏོག་གི་གསེང་ལ་རྐང་རུལ་ཡང་ཡང་གཏོར
འདམ་གྱིས་ཟིན་པའི་ལང་ཚོ
སྐྱ་རེངས་སྔོན་གྱི་སྐར་ཆེན་བཞིན
ཆུ་བོ་ཞིག་གི་འགྲམ་ངོགས་ན་དགོད་ཀྱིན་འདུག
སྨྱུ་གུ་ནི་མདུང་གི་གྲུབ་གཟུགས་ཡིན་པས
མིག་ཆུ་དེའང་ཁྲག་གི་གཏམ་རྒྱུད་དུ་གྱུར
ཟླ་བ་དང་ཉི་མ
ཡར་ཡང་འདུར་ལ་ཡང་ཡང་རྒྱུགས
རྐང་འོག་ན་འཚོ་བའི་བྱ་དང་བྱེའུ
སྟོན་མཇུག་གི་སྡོང་ལོ་བཞིན
མཛེས་མ་ཞིག་གི་བྲང་གཞུང་ན་འགུལ
ན་ཟུག་གིས་སྦྱིན་པའི་ཡིག་འབྲུ་དེའང
སྟོང་སྣང་གང་མང་གིས་སྤྲས་པའི་སྤྲིན་པ་བཞིན
གཙང་བོ་དང་བྲག་རྡོའི་བར་ལ་བརྫངས།
                   ༢༠༡༣.༡༢.༡༧

              ཁ་བ་དང་ངའི་འཇིག་རྟེན།

མེ་ཏོག་དང་འདྲ་བའི་ཁ་བའི་འདབ་མ་རེ་རེ
སྙིང་གསོན་པོ་རེ་དང་འདྲ་བར

སྟོང་དབྱིངས་ཀྱི་འཇིག་རྟེན་ན
བྱེའུ་རྨས་མ་བཞིན་འདར་གྱིན་འདར་གྱིན

འཇིག་རྟེན་གཞན་ཞིག་གི་བྲང་གཞུང་ལ་ཤུགས་ཀྱིས་བརྡར
མདུང་དང་གྲི་ཡི་མྱོས་པའི་འཇིག་རྟེན
སྒོ་ང་བྲག་ལ་འགྲན་པ་དང་མཚུངས་བར
ཁ་བའི་ལང་ཚོ་དེ་ཁྲག་གི་འཇིག་རྟེན་ཁོ་ནའི་ཆེད་ཟད།
                             ༢༠༡༣.༡༡.༢༣

             བསླུ་བྲིད།

ནམ་མཁའ་ནས་ཁྲག་གི་ཆར་བ་བབས
ས་སྟེང་ནས་མདུང་གི་མྱུ་གུ་འབུས
ང་རང་གཤོག་རྩ་རྣག་གིས་ཟིན་པའི་བྱེའུ་བཞིན
ལྡིང་སྐོར་ག་འདྲ་བྱས་ཀྱང
མེ་ཏོག་དང་མཁའ་དབུགས་ཡོད་ཚད་ཁྲག་ཐིགས་ཁོ་ནས་ཟད

རྒྱང་རིང་ནས་བསིལ་རླུང་དང་འདྲ་བའི་དྲོད་རླུང་ཞིག་ཤུགས་ཀྱིས་གཡུག་འོང
སྐྱོ་བ་དང་ན་ཟུག་རུམ་དུ་བཅུག་ནས
གཤོག་པའི་རྡེབ་ཡ་རླུང་ལ་སྦྱར་ཡང
ཡོད་ཚད་མིག་བཙུམས་ཤུལ་གྱི་མེ་སྟག་དེའོ།
                              ༢༠༡༣.༡༡.༡༢

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།