གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོ།

2015-06-10 10:26:02 གཡུ་མིག ཀློག་གྲངས། མཆན ཡོད།


ང་ཚོས་མཐོ་སྒང་གི་ས་སྲོས་ཤིག་བརྗེད་པར་བྱས་ནས
མེས་པོའི་དུར་མདུན་ནས་ཆང་ཚོད་མེད་དུ་འཐུང
སོ་སོའི་ཁ་གཏད་དུ་འགྲེང་སྟེ་གསེར་མདོག་གི་དུས་རབས་ཤིག་སྐྱུག་ཡོང་བར་བསྒུག

ང་ཚོས་རང་ཉིད་ཀྱི་གླ་ཆ་སྤྲོད་དགོས་པའང་བརྗེད་དེ
མེས་པོའི་དུར་མདུན་ནས་ཆང་ས་བརྒྱབས
ཆང་ཕོར་ལས་དུས་ཚོད་དང་བརྩེ་དུང་གླེང་ཞིང
རང་ཉིད་དགའ་སའི་བུ་མོའི་མིག་ཆུ་འཐུང་བཞིན་ཡོད་ཅེས་ལབ་མྱོང

ང་ཚོས་ད་དུང་མི་རིགས་ཤིག་གི་དབུལ་ཕོངས་དང་དར་རྒུད་གླེང་མྱོང
རང་ཉིད་ཀྱི་གྲིབ་མར་བལྟས་ནས་ཡུན་རིང་བགད་མྱོང
བཟི་ནས་ར་རོར་གྱུར་རྗེས
རང་ཉིད་ཀྱི་གློ་ཁུག་ལས་རང་ཉིད་མཐོང་བྱེད་ཀྱི་མེ་ལོང་རེ་ཕྱིར་བཏོན་ཞིང
དུས་རབས་ཤིག་འབག་བཙོག་གིས་ཟིན་གྱིན་པར་ཧབ་དགོད་ཡང་ཡང་བྱས

མ་འོང་པར་མེ་ལོང་འདིས་བུད་མེད་ཅིག་ཉོ་དགོས་པར་གྲོས་ཁ་བྱས་ཤིང
མེས་པོའི་དུར་མདུན་ལས་གཉེན་སྒྲིག་བྱེད་མིན་ཀྱང་མང་པོ་ལབ
ང་ཚོས་རང་ལ་ཤིན་ཏུ་འཚམ་པའི་དཔྱིད་ཀ་ཞིག་བརྗེད་ཟིན
རང་ལ་ཤིན་ཏུ་འཚམ་པའི་མཐོ་སྒང་གི་ས་སྲོས་ཤིག་ཀྱང་བརྗེད་ཟིན

ང་ཚོས་ཆང་བག་མེད་དུ་བཏུང་རྗེས
མ་འོང་པའི་དུས་རབས་ཤིག་བསྐྱུག་ཨེ་ཡོང་སྙམ
སུ་ཞིག་གིས་མ་འོང་པར་སྡོམ་ཚིག་བཀོད་ཐུབ་མིན་ལ་འཁྲེང
ང་ཚོས་ང་ཚོ་ལས་ལྷག་པའི་དཀོན་མཆོག་ཅིག་ཁས་བླངས་མ་མྱོང
ང་ཚོའི་བུ་ཕྲུག་དང་ཆུང་མའང་དཀོན་མཆོག་གིས་བཟོ་འདང་མིན
ང་ཚོས་ས་སྒང་འདི་མཐོང་བྱེད་ཀྱི་མེ་ལོང་རེ་ཉར་ཡོད

ང་ཚོས་མུན་ལམ་གྱི་མེ་ཏོག་དག་བཏུས་རྗེས
ཉི་འོད་དང་མཉམ་དུ་གོ་ལ་གཞན་ཞིག་བཟོ་འདང་བྱས
ཚེགས་མེད་དུ་རྨི་ལ་རོལ་ཆོག་པའི་གླིང་ཀ་ཞིག་ཏུ་བགྲོད་འདང་བྱས
ང་ཚོ་མཚན་ལམ་རེ་རེར་འཛོམས་ཤིང
སྐྱ་རེངས་ཀྱི་རལ་གྲི་ཐོག་པའི་ནམ་ཟླ་རེ་ཡིན་འདང་བྱས
ང་ཚོས་རང་ཉིད་ཀྱི་ལུས་སྟེང་དུ་དུག་གི་སྡོང་བོ་སྐྱེས་བཞིན་པ་མཐོང་མི་འདོད
ང་ཚོས་རང་ཉིད་ཀྱི་དུར་སར་རུལ་དྲི་འཐུལ་བཞིན་པ་ཚོར་མི་འདོད
ང་ཚོས་མ་འོང་པའི་རང་ཉིད་ཀྱི་དུར་སའང་གྲ་སྒྲིག་བྱས་ཟིན

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།