གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོར་བ་མདོག་གཅིག་མ།

2015-07-03 11:00:34 གངས་བུ་སྨྱུག་རྩེན།༼ ལྷ་ས ༽ ཀློག་གྲངས། མཆན ཡོད།

             ༡
དགོང་ཁའི་དུས་ཚོད་དག་དུར་ཁྲོད་ཀྱི་ཁོང་གསེང་ན་འགྱེལ་དུས།
ཁ་དབུགས་གྲང་མོ་དེ་ཚོའི་རུས་པ་སྐྱ་སང་སང་།
ང་རང་སྐྱིད་ཆུ་ཟེར་བའི་གཙང་པོ་དེའི་ཁ་གཏད་དུ་མུན་པ་མིག་གང་གིས་འཁྱོར་བས།
སྐྱིད་ཆུ་ནི་མུན་པའི་ནང་ལོག་ནས་ཕྱི་ལོག་ལ་བརྐྱངས་བའི་སྣམ་བུ་རིང་མོ་ཞིག
ང་རང་སྣམ་བུ་དེ་སྔས་སུ་བྱས་ནས་དར་ཙམ་གཉིད་ན་འདོད།
གཅིག་བྱས་ན། རྨི་ལམ་དེས་ཁོ་མོ་ཡོད་སའི་གླིང་ཕྲན་དེར་བསྐྱལ་ཀྱང་ངེས།
འོན་ཏེ། རྨི་ལམ་དེ་སེར་ཀ་བརྒྱ་སྟོང་དུ་གས་པའི་རྫ་བུམ་ཡ་གཅིག
རྨི་ལམ་གྱི་ནང་ལོགས་མོ་དང་། རྨི་ལམ་གྱི་ཕྱི་ལོགས་ང་རེད།
             ༢
རྨི་ལམ་གྱིས་རྐང་འཇབ་ལག་འཇབ་ངང་ངའི་ཤ་གསེང་རུས་གསེང་ནས་རྨུགས་དུས།
སྙིང་ཁ་དམར་པོ་ནད་ཀྱིས་བཟི་ནས་ཕྱེད་ཤི་ཕྱེད་གསོན།
ང་རང་འཇིག་རྟེན་ཞེས་པའི་ལྕགས་ལེབ་ཚ་བོ་དེར་འགྲིལ་ལོག་ཤོར་བས།
འཆི་བ་ནི་ཆེས་མཛེས་སྡུག་ལྡན་པའི་ཉལ་གོས་ཁྲ་ཁྲ་ཞིག
ང་རང་ཉལ་གོས་དེ་དམ་པོར་གྱོན་ནས་གཏན་དུ་བྲལ་ན་འདོད།
གཅིག་བྱས་ན།
རྣམ་ཤེས་དེ་ཁོ་མོ་འཚོ་སའི་ལྷ་ཡུལ་དེར་སླེབ་ཀྱང་སྲིད།
འོན་ཏེ། ཕོ་མོའི་བརྩེ་དུང་ཟེར་བ་ཁབ་མིག་ལ་བརྒྱུས་པའི་རྨུ་ཐག་རྐང་གཅིག
རྨུ་ཐག་དེའི་ཕར་སྣེ་མོ་དང་།
རྨུ་ཐག་དེའི་ཚུར་སྣེ་ང་རེད།
             ༣
རས་རྐུད་དེས་བྲང་ཁོག་དམར་སང་སང་གི་མདུན་པ་གཉིས་ལྷན་ཅིག་འཚེམ་དུས།
ལས་དབང་ཟེར་བའི་སྤུ་གྲི་དེའི་རྣོ་ཤད་ལ།
ང་རང་འཚོ་བ་ཟེར་བའི་མལ་ཆས་ཟད་པོ་དེས་མགོ་བཏུམས་མཇུག་བཏུམས་བཏང་བས།
མ་འོངས་དེ་སྐར་མ་རྡོག་ཙམ་མེད་པའི་ནམ་མཁའ་ནག་པོ་ཞིག
ང་རང་སེམས་ཀྱི་གཤོག་པ་ལ་གསང་བ་བཏགས་ནས་ལན་ཅིག་འཕུར་ན་འདོད།
གཅིག་བྱས་ན།
གཤོག་པ་དེས་ཁོ་མོ་གནས་སའི་ལྡིང་ཁང་དེར་འབྱོར་ཀྱང་ཐུབ།
འོན་ཏེ།
དུས་ཚོད་ཀྱི་རྒྱབ་མདུན་གཉིས་ན་གྱར་བའི་འུ་གཉིས་སོ་སོ།
དུས་ཚོད་དེའི་ཕ་རོལ་མོ་དང་།
དུས་ཚོད་དེའི་ཚུ་རོལ་ང་རེད།
                  དབུས་ལྷ་ས་ནས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།