གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རིང་མོ། མཁའ་དབུགས་སྤར་མོ་གང་།

2016-02-27 13:34:44 རླུང་བུ། ཀློག་གྲངས། མཆན ཡོད།


འགྱུར་བ་མང་པོའི་ཁྲོད
ས་འོག་ཏུ་སྦས་པའི་ཟིན་བྲིས་ལ་ལྗང་མདོག་གི་བསུང་ངད་འཐུལ་ཡོད
མིག་ལྕིབས་ཀྱི་འོག་ཏུ་འཚེར་བའི་རྡོ་ཡི་ཉི་མ་ནི
སྲང་ལམ་ཕྱགས་པའི་ཆར་ཞོད་ཐེངས་ཤིག་ཡིན་ཏེ
མདོག་མི་མངོན་པར་མིའི་རིགས་ཀྱི་སྤྱི་ལོ་ལ་མཚལ་ཁ་བསྒོ་བའི་ལྟོགས་སྐོམ་གྱི་གླུ་དབྱངས་ཤིག་ཀྱང་ཡིན
ནུར་འགྲོས་ཀྱི་གཞི་ལ་བབས་པའི་འཇའ་ཚོན་ནི
ཤེལ་སྒོ་བཟོ་གྲྭ་ཁང་གི་བསྟོད་བསྔགས་བྱ་ཡུལ་མིན་ལ་ཁོ་ཚོས་བཟོས་པ་ཡང་མིན
དུས་མཐུད་ཀྱི་མྱུ་གུ་འབུས་པའི་མཁའ་དབུགས་སྤར་མོ་གང་ནི
ཕ་ཡུལ་གྱི་གྲོག་མ་ཞིག་གིས་ཁུར་བའི་ལྕི་བའི་གླེགས་བམ་དུ་བྱིངས་སོང
ཆུ་བུར་དུ་ཁུར་བའི་མཚན་མོའི་མགོ་དཀྲིས་ནག་པོ་ཡི་བསྟན་དོན་ནི
ཤེར་རྟོགས་རིག་པའི་ཁྱིམ་ནས་འཐེན་པའི་ལན་མེད་པའི་འཕྲིན་ཞིག་ཡིན་ཏེ
རྨི་ལམ་ལས་འཕག་འཚག་ཡང་ཡང་བྱས་རྗེས
རྩྭ་ཆག་དང་ས་རྡུལ་རེ་འགས་ཁུར་བའི་རྣམ་ཤེས་ནི་ལུང་བའི་ཁ་གཏད་ཀྱི་གྲིབ་མ་ཕོན་པོའི་ནང་སྦས་སོང
ཕྱེད་ཀ་མི་ནུབ་པའི་དོད་དུ་ཉག་ག་དང་རི་སྒང་མཐོ་ས་རུ
ཡིད་ལ་འཛིན་རྒྱུ་ཞིག་ཡོད་པ་འདྲ་བའི་དར་ལྕོག་དང་རྡོའ་འབུམ་གྱིས་ས་གཞིའི་པང་ལ་ཕྲ་རྒྱན་བཏབ
ལུས་པོའི་ཕུང་བོའི་ནང་ཁྲོལ་དུ་དཔྱིད་ཀའི་ན་བུན་དག་སྐྱེས་ཏེ
བག་འཁུམས་ཀྱི་དོང་ཞབས་སུ་དེབ་ཐེར་གྱི་ཡི་གེ་དང་དར་སྲོལ་ཆེ་བའི་ལྭ་བ་གཉིས་ཀས
ཁེར་རྐྱང་གི་གླིང་ཕྲན་ཉོས
གློ་མདོག་གི་རྐང་རྗེས་ཀྱིས་སྤུད་པའི་ལམ་ཕྲན་ནི་ཆུ་བོའི་ལག་པ་ཡི་སྟོན་པའི་ཕྱོགས་སུ་བསྐྱོད
ཉི་འོད་ཀྱི་ལྕེ་ནར་མོས་ཤོག་དངུལ་ལྡག་གིན་པའི་དུས་སུ་འཛམ་བུ་གླིང་ལ་མུ་གེ་བྱུང་སྟེ
གཉིད་དང་རྨི་ལམ་གྱི་བར་དུ་སྒོར་མོ་དཔར་གིན་ཡོད
སྦྲ་ནག་གི་རྩིད་པས་ངལ་རྩོལ་གྱི་རྔུལ་ཆུ་འགོག་ཐུབ་དུས་ལ
སྒྱེ་མོ་ཞབས་མེད་ཀྱི་ནང་བཅུག་པའི་དྲན་པ་ནི་རི་མོར་བྲིས་ན་འདུ་བྱེད་ཀྱི་གཟུགས་སུ་འགྱུར
ཆུ་ཟིལ་བཞིན་ཡལ་བོར་གྱུར་རྗེས་ཀྱི་ཉིན་གུང་ནི་ས་རྡུལ་ཡིན་ཏེ
དཀར་ཡོལ་ནང་གི་སྤྲིས་མའི་ཡང་སྟེང་དུ་བབས་ཏེ
སྤྲིན་དཀར་ནང་གི་གླུ་ནག་པོ་དང་བསྲེས་ཏེ་བཞུད
ཚ་དམྱལ་དང་གྲང་དམྱལ
ཚིག་རྐང་ཐིག་ཕྲེང་གཅིག་གིས་སྟོན་ཐུབ་དེ་ནམ་མཁའི་གྲོག་རོང་དུ་མཐའ་མེད་པར་ལྷུང་སོང
ཆར་གདུགས་གཅིག་བཀར་ཏེ་གནམ་འོག་བསིལ་མོ་རུ་བསྒྱུར་མི་ཐུབ་ཡང
ལྭ་བ་ཡང་མོ་ཞིག་གྱོན་ཏེ་རང་ཉིད་ཁོ་ན་བདེ་བར་སྡོད་པ་ཡང
མིའི་རིགས་ཀྱི་བསྟན་པ་དར་འགོ་ཚུགས་དུས་སྒེར་སེམས་ཀྱི་སྐུད་པ་ཞིག་གི་དམ་ལྷོད་ཨེ་ཡིན
གྲོང་ཁྱེར་གྱི་ཟང་ཟིང་བར་ནས་བྱེའུ་སྐད་ཅིག་ཐོས་བྱུང
རྨི་ལམ་དུ་བླུགས་པའི་ལྷིང་འཇགས་ནི་འཆི་འཕོ་ཡི་གྲོགས་སུ་གྱུར  
ནམ་མཁར་གཏད་པའི་ལག་པ་སྔོན་པོའི
རི་རབ་ཁང་ཁྱིམ་གྱི་ཡན་ལག་དང་ཉིང་ལག་སྦགས་ཤིང
མིག་ཟུང་ནང་ན་ལྡང་ཞིང་མཉེན་པའི་གཟི་མིག་དགུ་ཡི་མིག་ཟུང་གཅིག་བྲུས་སོང
གླུ་དབྱངས་ཤིག་གྲག་གིན་ཡོད་འགྲམ་དུ་མི་ཞིག་ཤི་ཡོད
མུན་ནག་གི་ལག་པས་ཡོལ་བ་ཕྱེས་མ་ཐག་ཤེལ་སྒོ་ཀྱང་སིང་དེར་བུར་ཆག་སོང
མཚན་མོ་ལས་བཞུར་ཞིང་ཟླ་བའི་མོ་མཚན་ནང་གི་གཤེར་ཁུ་ཡིས་དར་ལྕོག་རལ་བོ་བརླན་བྱུང
ནམ་གུང་ཕྱིར་ལོག་དུས
མུན་ནག་གི་ལྕགས་ཟྭ་ནི་ནམ་མཁའི་སྒོ་ཡི་སྟེང་དུ་དཔྱངས་འདུག
རླུང་གི་སྔ་གཞུག་བྱས་ཏེ་དེད་པའི་ཆུ་སྤྲིན
སླར་ཡང་དྲན་ཐུབ་པའི་གསང་རྣམ་དག་ཀྱང་དྲན་དབང་མེད་པར
བར་སྣང་སྟོང་བ་རུ་དུད་འཐེན་ཞིག་གི་གློ་བ་ལྟར་རལ་འདུག
ཉི་འོད་དང་གྲིབ་མའི་བར་ན་བཙིར་བའི་མིང་མེད་ཀྱི་ཕྲ་ཕུང
ཡི་གེ་དང་ཤོག་བུའི་བར་ན་བརྡོལ་བའི་སྐད་སྒྲའི་དབང་རྟེན
ཁོམ་ལོང་གི་དུས་ཚོད་ཀྱིས་ལས་སྣོན་བྱས་ཏེ་སྦྲིད་སྨན་ནང་བསྲེས་ཏེ
ནམ་མཁའི་དྲ་རྒྱ་ཡུག་ཅིག་གཅོད་པར་སྟ་གོན་ལ་བྲེལ
ས་འོག་གི་དག་ཞིང་ལས་མཐོང་བའི་ཀླད་པའི་ནང་གི་ངོ་གདོང་གི་ཡི་གེ
བར་སྐོར་གང་རུང་ནས་རྡོག་པའི་སྣེ་མོར་འཇུས་ཏེ་དུས་བཞིའི་བགྲོད་པ་འགོག་པའི་ལྕགས་རི་ཡི་ཁོང་གསེང་དུ་འཛུལ་སོང
ཐང་ཆད་པའི་རྡོ་ཕ་བོང་དག་ཕར་ལ་དེད་དེ
གཞན་གང་ལའང་སེམས་ཁུར་མི་བྱེད་པར་མིག་ཟུང་གི་འཇིག་རྟེན་དུ་ཉལ
ཆུ་བོ་ནི་བརྩེ་བ་མ་ཐེག་པར་ཐུར་དུ་བཞུར་བ་ཡིན་ཤས་ཆེ
ཕ་བོང་ནི་སྡུག་བསྔལ་མ་ཐེག་པར་རང་གི་ཁོག་ཏུ་གནས་མལ་བཅས་པ་ཡིན་ཤས་ཆེ
ལྗན་ལྗིན་གྱི་གནས་དག་ལས་འདམ་གྱི་དྲི་མ་མ་གོས་པའི་མེ་ཏོག་རེ་བཞད་ཡོད་ཤས་ཆེ
གསལ་བོར་བཤད་ཀྱིན་པ་ནི་བདེ་བའི་གནས་ཤིག་མཐོང་དཀོན་པ་དེ་ཡིན
ལྗོན་པ་ལ་མཚོན་ན་ལྗོན་པའི་རྩད་པ་ཞི་བའི་གནས་རེད
མི་ལ་མཚོན་ན་ཁྲག་རྩ་ནི་ཞི་བའི་གནས་རེད
མཚན་མོ་རེ་རེ་འཇིག་རྟེན་དུ་མ་ཡོང་བ་དང་འདྲ་བར་བུད་སོང
ཉི་མ་གཅིག་དེ་ཉི་མ་གཞན་གཅིག་དང་འདྲ་བར་བུད་སོང
ཁ་གྲག་གིན་ཡོད་པ་འདྲ་ཡང་ཁ་རོག་གེར་བུད་སོང
སྟོང་བ་དང་སྔོན་པོ་ལ་ཧེ་བག་ཡོད་དམ
མི་འུ་ཅག་ལ་གཅིག་མཐུན་གྱི་ཆ་ཞིག་ཡོད་པ་ནི
སྟོང་བ་དང་ལྗིད་པོའི་ཧེ་བག་བསྡུར་རྒྱུ་ཚད་དྲགས་པ་དེ་རེད
ཕྲག་སྟེང་ན་བཞུར་བའི་ལུས་པོའི་གཉེར་མའི་ཚོགས
རྩིག་ལྡེབས་སུ་ཞབས་ཚགས་སུ་བརྐོས་པའི་རི་མོ་དང་མཚུངས
མུན་པའི་རོལ་དབྱངས་ནི་རྣ་བའི་རྒྱབ་ཀྱི་ལྷགས་རླུང་ལ་བརྒྱུས་སོང
དབང་བོ་འགེམ་པའི་འཕྲིན་ཡིག་ནང་གི་འོ་ཟི་མེས་པོའི་རྫི་གླུ་དང་འདྲ་ལ
རུས་པའི་ཚོགས་ཞུ་ཤུལ་དུ་སྦྲགས་སྲིད་ཀྱི་ཨང་ཀིའི་སྟེབས་གཉེར་བར་ན
ངག་གི་ཕད་ཀའི་ནང་དུ་མཁའ་དབུགས་བླུགས་པ་ཇི་བཞིན
ནམ་གུང་གློ་བུར་དུ་སད་འོང་དེ་སྲང་ལམ་དུ་བསྐྱོད་པ་ན
མི་ཚོ་གཞིས་མ་ཆག་པའི་ཡར་སྔོན་གྱི་ས་སྲོད་དང་སྲོག་ཆགས་ཀྱི་རྨིག་རྗེས་མཐོང་ཐུབ
ས་འོག་གི་དོང་ལམ་ཞིག་ནས་ངས་མེས་པོ་ལ་སྒུག མི་མང་གི་ཁྲོད་ཀྱི་བྱིས་པ་དེ་རེད
ས་འོག་གི་མེས་པོ་ལ་སྒུག་པ་ནི་གངས་འདབས་སུ་གཉིད་པ་དང་འདྲ
ང་གློ་བུར་དུ་ཕྱི་རུ་བུད་དེ་ཁང་བརྩེགས་ཀྱི་གྲིབ་མའི་ནང་བསྡད་དེ
གློག་སྐུད་སྟེང་བབས་པའི་ཁྭ་ཏ་ལ་བལྟས་ཏེ་མགོ་ཐོག་གི་མྱ་ངམ་ཐང་དྲན
འཆི་བ་ལ་གསར་རྙིང་མེད་པ་དང་གློག་སྐུད་ལ་མངལ་ཆགས་རྒྱུ་མེད་པ་ནི
འུ་ཅག་གིས་ཐོག་མ་ནས་རྙེད་པའི་ངེས་ཤེས་ཤིག་ཡིན
ལམ་ལ་བསྐྱོད་དུས
གཞི་ནས་ཁུག་མའི་ནང་དུ་ཁྲོག་སྒྲ་གྲག་པའི་སྒྲ་ཞིག་གིས་ལམ་འགྲམ་གྱི་མེ་ཏོག་གི་གཞུང་རྟ་བཅད་འགྲོ་བས
སྔོན་དུ་འགྲོ་བ་ནི་ཕྱིར་དུ་ལོག་པ་དང་འདྲ
འོད་ཀྱི་ཆུ་ཐིགས་གྲིབ་མའི་དངངས་སྐྲག་གིས་བདས
སྒོར་ཐིག་ནང་གི་མིག   འཁྱག་རོམ་གྱི་རླབས་ཀྱིས་དེད
རི་རབ་ཀྱི་རླུང    མྱོས་པར་གྱུར་བའི་གཙང་བོས་ཁྲིད
འགས་གཏོར་བཏང་བའི་ཁྲག་གི་གླུ
རིགས་རྒྱུད་ཀྱི་གཙང་བོའི་འགྲམ་དུ་ཉི་ཟླའི་གསང་ཕུག་བརྟོལ
སའི་གོ་ནི་ཉི་མའི་འདབ་གཤོག་འོག་གི་ཕྱེད་ཀ་མུན་ནག་དང་ཕྱེད་ཀ་འོད་སྣང་གིས་གྲུབ་པ་ཞིག་རེད
ཐིག་དུམ་ཞིག་གི་རྩད་པ་ཕྱོགས་ཕྱོགས་སུ་གཟེངས་ཤིང་འཕྱང
ཉི་མའི་ཆར་བའི་ནང་ལུས་པོ་ནི་གཅེར་བུར་གཏོང་འོས
ས་སྲོད་དུ་རི་མོའི་སྟེང་གི་རྟ་ཁྱུ་ཞོགས་འོང
མཚན་མོར་གློག་མེད་པའི་དུས་སྐབས་དག་ལ
རི་མགོའི་དར་ལྕོག་གི་དབྱངས་སྙན་དང་གནའ་བོའི་ཇག་གླུ་ཁྱིམ་དུ་བསུས་ཤིང་སྔོན་ཆད་སྒུག་པའི་འཕྲིན་པ་དང་རོལ་དབྱངས་ཀྱི་ནང་ཁྲོལ
གློག་ཡོད་པའི་དུས་ཚོད་དག་གིས་བསུབས་ཤིང་ཕྱིར་འོང་བའི་བརྩེ་བའི་ཟེའུ་འབྲུ་བཅགས་པ་དེ་དག
སང་ཉིན་གྱི་ཞལ་ཁེབས་ཕྱེ་བ་དང་བསྟུན
གློག་དང་གཉིད་གཉིས་ཀྱི་བར་ན་ཁུར་བོ་ལྟ་བུའི་དངོས་པོ་ཞིག་བཙིར་ཡོད་པ་མཐོང
གློག་གི་མྱུར་ཚད་ཀྱིས་མིའི་རིགས་ཁྱི་རོ་ལྟར་དྲུད་ཤུལ་དུ
ཚི་དྲེག་གི་ཟིན་པའི་མཁའ་དབུགས་ཁ་ཤས་དང་ལྡབ་ལྡིབ་ཏུ་བཏང་བའི་མི་རོ་ཉལ་ཡོད
ང་ལ་ཐོག་མ་ནས་ནགས་ཀྱི་བསིལ་གྲིབ་དང་རི་བོའི་གྲིབ་མ་ཕོག་ཡོད
ང་རང་ལུང་བའི་ནང་དུ་བསྡད་ཡོད་པས
ཁ་གཏད་ཀྱི་དཔྱིད་དཔལ་ནི་དོན་ལྔ་སྣོད་དྲུག་དུ་བླ་འཁྱམ་བྱེད་ཀྱི་ཁུག་མ་ཞིག་དང་མཚུངས
རྡེའུ་ཟེགས་ཀྱི་ནང་དུ
བསྐལ་བ་ནས་འབར་བའི་མེ་དཔུང་ཞིག་རི་མགོར་འགོས་མེད
ལམ་འཛོལ་བྱུང་བ་མ་ཡིན་པར་རི་མགོའི་དར་ལྕོག་དང་ཤོག་བུའི་རླུང་རྟ་ལ་འཕྲད་ན་ཐལ་དུ་འགྱུར་འགྲོ་བ་ཨེ་ཡིན
ཐལ་དེ་ཡི་མིང་ལ་མེ་མེ་མེ་མེ་མེ་མེ་ཟེར་ཞིང
འཁྲབ་ཡོལ་དམ་པོར་གཏན་ནའང་ང་ཚོ་མི་རེ་རེ་ཡི་གསང་བའི་ཕུག་པའི་ནང་དུ་རླུང་ལྟར་གཡུག་འོང
སྐྱེ་བ་སྔོན་མ་ལ་གང་འདྲ་ཞིག་ཡིན་པ་མི་ཤེས་པ་དང
སྐྱེ་བ་རྗེས་མར་ཅི་འདྲ་ཞིག་ཡིན་པ་མི་ཤེས་བ་ནི་ཕལ་བའི་མི་ཚེ་ལ་འཛོམས་པའི་དུས་ཀྱི་གྲ་སྒྲིག་ཞིག་ཡིན
ཡི་མུག་པ་དང་མག་མོག་རབ་རིབ་ཀྱི་དུས་སུ
གྲིབ་མའི་རྗེས་སུ་ཁྲིད་འོང་བ་ནི་རས་ཡིག་ནག་པོ་ཞིག་གི་ངོས་སུ་ཁྱི་སྐད་ཁ་ཤས་འབྲི་ཐུབ་པ་དེ་ཡིན
དྲན་གདུང་ནི་དབྱར་རྩྭ་དགུན་འབུ་བཞིན་དུ་སྐྱེས
གྲོག་ཚང་བཞིན་བརྡོལ་བའི་མི་ཚོགས་ལ་བལྟས་ཏེ
མི་དག་ནི་ཕོ་མོའི་འཁྲིག་སྤྱོད་ལ་བསྟེན་ནས་བྱུང་བ་མི་སེམས་པར་ནམ་མཁའ་དང་ས་གཞིའི་འདོད་པའི་ཁུ་བ་གང་ཏུ་བཞུར་ན་དེ་རུ་སྐྱེས་པ་དང་འདྲ
དཔེ་དེ་འདྲའི་འཚམ་པོ་ཞིག་མིན་ཡང
ནམ་མཁའ་ནི་ཕོ་མཚན་དང་ས་གཞི་ནི་མོ་མཚན་ཡིན་པའི་དབང་དུ་བཏང་ན
དེ་འདྲ་ཞིག་ཀྱང་ཡིད་ལ་འཆར་རྒྱུ་ལོས་ཡོད
རྒྱང་རིང་གི་དམ་བུའི་ནང་གི་རི་སྡེ་ཚུར་ལ་འོང སྤྲིན་པ་ལ་ལག་པས་རེག་རྒྱུ་མེད
རྡོ་ཡི་ཆར་བ་འབབ་ཐུབ་པའི་སྤྲིན་པ་ནི་ག་རེ་ཡིན
དུས་ཚོད་སྟོང་བ་འདིའི་ནང་དུ་འུ་ཅག་གང་དུ་འགྲོ
རང་གི་གྲིབ་མ་ཁྱེར་ནས་གང་དུ་འགྲོ་དགོས
གྲིབ་མ། དུས་ཚོད། ཚེ་སྲོག་གི་མདུད་པ་བཤིག་དུས་ལ
མངོན་སུམ་ནི་རྨི་ལམ་ནང་ནས་འགྱུར་བ་བྱུང་སོང
འདབ་ཆགས་དག་འཕུར་བའི་ཤུལ་དུ་དུས་ཚོད་ཀྱི་སྒེའུ་ཁུང་ནི་ཁོ་ཚོའི་གཤོག་རྩ་ནས་ཕྱེས
འདབ་ཆགས་ནི་རླབས་ཆེ་ཨང    འཕུར་ཤུལ་དུ་དུས་ཚོད་བསྐྱུར་ཅིང་རྨ་ཤུལ་མི་འདུག
མི་འུ་ཅག་གི་མགོ་དང་རྐང་རྗེས་ཀྱིས་དུས་ཚོད་ཟད་དུ་བཅུག
མེ་ཏོག་གི་ལེགས་བཤད་ཚལ་ནས་ཆུ་ཟིལ་སྐམ་པོ་ཞིག་ལས་ཕ་བོང་དང་མཆུ་ཏོ་རྙེད
མུན་ནག་གི་དུས་ཚོད་ནང་མིག་ཆུ་ནི་ཆར་བའི་དཔེར་བཀོད་ན་ཟླ་བ་ནི་སེར་པོ་རེད
ཡི་གེ་ནི་དཀར་པོ་རེད      རེ་སྒུག་ནི་ཐོབ་ཐང་ལག་འཁྱེར་སྟེང་གི་སྡོད་གནས་རེད
ངས་ང་ལ་རྒྱུས་ལོན་བྱས་མེད
དེ་ནི་མི་ཚེ་འདི་རུ་སྐྱེས་པའི་བདེ་སྐྱིད་ཀྱི་ཡང་སྙིང་ཡིན
ངས་གཞན་དག་གི་ལག་ནས་ཐལ་བ་སྤར་མོ་གང་བླངས་ཏེ
ཁ་བའི་ཁྲོད་གཏོར་བ་ན་ཨི་ཁུང་མང་པོ་ཞིག་བརྟོལ་སོང
དེ་རུ་བསྐུངས་ནས་རང་གིས་རང་ཉིད་འཚོལ
ཞོགས་པར་རྨི་ལམ་ལས་འཇེབས་པ་ནི
སྐེ་གཅོད་སྟེགས་བུའི་སྟེང་དུ་འདུག་ཏུ་བཅུག་པ་དང་འདྲ
ཞོགས་པ་ནི་རྨི་ལམ་གྱི་ཆེས་མཐའ་མའི་བཙན་རྫོང་ཡིན
རྨི་ལམ་དུ་འཛུལ་ཆོག་ཀྱང་ཕྱིར་བགྲོད་མི་ཆོག་པའི་ལམ་ཡིག་ཅིག་གིས
མངོན་སུམ་གྱི་སྐལ་བའི་བར་ནས་བསྒུལ་བྱུང
ལག་པ་དང་རི་བོའི་བར་ན་མཁའ་དབུགས་ཙམ་ཡོད་པ་ལས་ཅི་ཞིག་ཡོད་ཨང

                                                       
                                                                 2015.5.16ཉིན་འགོ་བརྩམས།  2015.7.15ཉིན་འགྲུབ། 

                                                                         
                                                                   རྩོམ་སྒྲིག་འགན་ཁུར་བ། ལྷ་སྐྱིད།



(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང) 

 


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།