གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཚན་པ་ལྔ་དང་གཙང་བོ་རབ་མེད་ཅིག

2017-01-22 17:27:56 སྲིན་པོ། ཀློག་གྲངས། མཆན ཡོད།


                             འདས་དོན།

གླུ་སྐད་དེ་གཙང་བོ་ཞིག་ཡིན་འདུག
མགོ་ཁུངས་ནི་ང་ཡི་རྩ་སྦུབས་ཀྱི་སྐྱོ་གདུང་གི་མཆི་མ་ཡིན་འདུག

གླུ་སྐད་དེ་མིག་ཆུ་རྡོག་གཅིག་ཡིན་འདུག
ངའི་མཁུར་གོང་ནས་དལ་བུར་རྒྱང་བཞུད་གནང

གླུ་སྐད་དེ་དབྱངས་འགྲོས་གཅིག་ལས་མེད་པའི་
ང་ཡི་ངུ་ཤུམ་ཡིན་འདུག  
ང་ཡི་ངུ་ཤུམ་ནི་སྐྱོ་སྡུག་གི་གླུ་སྐད་ཅིག་གོ                                           

                        2016.3.16གི་མཚན་མོར།

                            སྙན་ངག་སྨྲས་དོན།                         

ང1གློ་བུར་དུ་འཇིག་སོང་
ས་རྡུལ་གཅིག་གི་ངོས་སུ་མར་འགྲིལ་ཡོང་
ང་རང་ཁྱེད་ཀྱིས་མཐོང་ཙམ་ཡང་བྱེད་མ་ཐུབ་པར་འཇིག་སོང
རྒྱུ་མཚན། ཁྱེད་ཀྱིས་ང་ཡི་ཁ་ནང་དུ་འཁྱག་རོམ་བླུགས་ཤིང་
ངའི་ལུས་སྟེང་དུ་མེ་ལྕེ་བྲིས་པས་སོ
རྒྱུ་མཚན། ཁྱེད་ཀྱིས་ང་ལ་ལྭ་བ་ནག་པོ་བཀབ་ཅིང་
ཁྱེད་ཀྱིས་ང་རང་ཞེ་འཁོན་དང་ལྷན་དུ་རུམ་ཡོད་པས་སོ
རྒྱུ་མཚན། ང་རང་གྲོགས་མེད་ཁེར་རྐྱང་དུ་གྱུར་ཅིང་
ངས་རང་གི་གྲིབ་གཟུགས་ཀྱི་ཁྲོད་ནས་མིག་ཆུ་མཐོང་མྱོང་བས་སོ
རྒྱུ་མཚན། ཁྱེད་ཀྱིས་ང་ལ་བརྩེ་དུང་དང་མཁའ་དབུགས་གནང་མི་ཐུབ་པས་སོ
རྒྱུ་མཚན། ཁྱེད་ཀྱིས་ང་ལ་སྐད་བརྡ་དང་གྲེ་འགྱུར་གྱི་ལེགས་སྐྱེས་གནང་མེད་པས་སོ
རྒྱུ་མཚན། ཁྱེད་ཀྱིས་ང་རང་སྒེག་རྫས་ལྟར་གདོང་ལ་བྱུགས་ཤིང་
འཕྱོར་གོས་ལྟར་གྱོན་ནས་འཕུད་མྱོང་པས་སོ
རྒྱུ་མཚན། ཁྱེད་ཀྱིས་ང་རང་སྒོ་ཁྱི་ལྟར་བཏགས་ཡོད་པའི་ཕྱིར
རྒྱུ་མཚན། འུ་གཉིས་བར་གྱི་སྣོད་བཅུད་དང་བརྡ་རྟགས་ཡོད་ཚད་འཇིག་སོང་བའི་ཕྱིར
རྒྱུ་མཚན། ཁྱེད་ཀྱིས་ཕ་གཞས་བསྐྱུར་ནས་གཞན་ཡུལ་འགྲིམས་པས་སོ
རྒྱུ་མཚན། ང་རང་པྲ་ཆལ་ལ་དགའ་ཞིང་ཉི་འོད་ལ་དུངས་པས་སོ
རྒྱུ་མཚན། ཁྱེད་ལ་ངག་ལྐུགས་ཤིང་སྨྲ་བ་མེད་པའི་ཕྱིར
རྒྱུ་མཚན།ང་རང་གློ་བུར་དུ་འཇིག་ཅིང་ཁྱེད་ཀྱིས་སླར་ཡང་སྨྲེ་ངག་བཏོན་ནས
ང་རང་བསྐྱར་དུ་ཚལ་བར་ཚལ་བར་གཤགས་སོང་བས་སོ
གཟུགས་མེད་དུ་འཕགས་འཚག་རྒྱག་མྱོང་བས་ཕྱིར
རྒྱུ་མཚན་་་་་་་་་་

                           རྡོ་བའི་གྲོང་ཁྱེར།

ང་རང་ནགས་ཚལ་ཆེན་པོ་འདིར་ཡོང་ནས་ཡུན་རིང་འགོར་སོང་ངམ
ལྕེ་ཐོག་ཏུ་གད་སྙིགས་ཀྱི་ཆུ་མིག་བརྡོལ
མིག་ཟུང་མེ་ལོང་ཞིག་ལྟར་ཧྲུག་གེར་ཆག
ངའི་སྨྱུ་གུ་བུད་མེད་ཅིག་གི་རོ་ལྟར་དྲུད་ནས་སོང
གཏིང་མཐའ་མི་མངོན་པའི་ས་སྲོད་ཀྱི་མཐའ་རུ་སོང་ནས
དེ་རུ་འུ་གཉིས་ཀྱི་དབྱར་ཁ་ཡོད་རབས་གླེང
མིག་ཟུང་གི་མཐའ་ལ་བདེ་སྐྱིད་ཀྱི་མིག་ཆུས་བཞག་པའི་སྡུག་བསྔལ་ཡོད་རབས་གླེང
ང་རང་ནགས་ཚལ་ཆེན་པོ་འདིར་ཡོང་ནས་ཡུན་རིང་འགོར་སོང་ངམ
ངས་ཧ་གོ་མ་སོང

                             མ་འོངས་པ།༡                  

མ་འོངས་ནི་རྒྱང་མིག་གིས་མི་ཆོད་པའི་ས་སྲོད་ཅིག་གམ
ཡང་ན ཐག་རིང་ལ་བགྲོད་མཚམས་བཞག་པའི་གོམ་སྒྲ་དེ་ཡིན་འདུག
མ་འོངས་པ་ནི་སྐས་གདང་གཅིག་ལས་མར་མཆོངས་པ་དང
ཡང་ན སྐས་གདང་གཅིག་ལས་ཡར་འཛེགས་པ་དང་མཚུངས
མ་འོངས་པ་ནི་ཁྲག་དང་རྔུལ་ཆུ
བརྩེ་དུང་གིས་གཏམས་པའི་སྤྱིལ་བུ་དེ་ཡིན་འདུག
མ་འོངས་ནི་ཉི་འོད་ཀྱི་སྙེ་མའི་མགོ་ལྕོག་ལྡེམ་སའི་
དུས་ཚོད་ཀྱི་གྲིབ་བསིལ་དེ་ཡིན
མ་འོངས་པ་ནི་སུས་ཀྱང་མཐོང་ཐབས་བྲལ་བའི་ཐོག་ཁང་མཐོན་པོ་ཞིག་སྟེ
འུ་གཉིས་ཀྱིས་ཀྱང་དེའི་ནང་དུ་ཁང་མིག་ཅིག་གཡར་ནས་སོ་སོར་ཉལ་ཡོད
མ་འོངས་པ་ནི་འདུ་འཛོམས་ཤིག་གམ
ཡང་ན་གྱེས་བྲལ་ཅིག་གི་ཐུག་འཕྲད་དེ་ཡིན
མ་འོངས་པ་ནི་སེམས་ཁོང་དུ་འདུ་ལོང་འཁྲིགས་པའི་སྐབས་དང
རང་ཉིད་ཀྱི་ངོ་གདོང་རབ་རིབ་ ཏུ་གྱུར་བའི་དུས་མཚམས་དེ་ཡིན
མ་འོངས་པ་ནི་དུས་ཚོད་ལ་མཚམས་ཚིགས་མེད་ཅིང་
གྲོགས་མེད་ཁེར་རྐྱང་གི་འགྲུལ་བཞུད་དེའོ

                              མ་འོངས་པ།༢                    

མ་འོངས་པ་ནི་སྐར་ཆ་འགའ་འམ
ཡང་ན་མི་ཚེ་ཧྲིལ་པོ་ཡིན་འདུག
མ་འོངས་པ་ནི་མ་འོངས་པའི་ཕྱོགས་སུ་
སྙེག་གིན་པའི་དུས་ཚོད་ཀྱི་འགྲུལ་བཞུད་དེ་ཡིན་འདུག
ངའི་མིག་ཟུང་གི་རྩེ་མོར་རྡེག་གིན་པའི་དུས་ཚོད་ཀྱི་གཙང་ཆབ་དེ་ཡིན་འདུག
ཐག་རིང་དུ་བགྲོད་མཚམས་བཞག་ཅིང
དུས་ཚོད་ཀྱི་སྐུད་པ་ཐག་སེར་ཆད་པའི་སྒྲ་དེ་མ་འོངས་པ་ཡིན་འདུག
མ་འོངས་པ་ནི་ཕྱིར་དྲན་གྱི་ཀློང་དུ་བཞུར་གྱིན་པའི་འདས་དོན་གྱི་
མིག་ཆུ་ཁྱོར་བ་གང་དེ་ཡིན་འདུག  ཁྱེད་རང་ངུས་པའི་སྐད་ཅིག་མའི་སྐྱོ་བ་དང་
མིག་ཆུ་མ་འོངས་པ་ཡིན་འདུག  མི་སུ་ཞིག་གིས་ཁྱེད་ལ་འཐམ་འཁྱུད་གཏོང་བཞིན་
པའི་སྐབས་དེ་ཏག་ཏག་མ་འོངས་པ་ཡིན་འདུག
མ་འོངས་པ་ནི་དྲག་ཆར་དང་ཉི་འོད་ཀྱི་མཛོད་ཁང་ཞིག་ཡིན་འདུག
མ་འོངས་པ་ནི་ཚེ་སྲོག་དང་འཕུར་སྐྱོད་ཀྱི་ས་སྲོད་གཞན་ཞིག་ཡིན་འདུག
མ་འོངས་པ་ནི་ཞོགས་པ་རེ་རེ་དང་གྱེས་བྲལ་རེ་རེ
མཇལ་འཛོམས་རེ་རེ་དང་འདས་དོན་རེ་རེ
འཆར་སྣང་རེ་རེ་དང་བྱིས་དུས་ཀྱི་ངུ་ངག་རེ་རེ་ཡིན་འདུག
མ་འོངས་པ་ནི་ད་ལྟའམ་ད་ལྟའི་དུས་ཚོད་ཀྱི་ཡུལ་ལྗོངས་
བཞུར་གྱིན་པ་འདི་ཉིད་ཡིན་འདུག་ཨང                                            

                                2016/1/16

                            གཙང་བོ་རབ་མེད།

                                         __ལོ་ཟླ་དང་དུས་ཚོད་ལ་ཕུལ་བ།                                          

ང་རང་ཉིན་གང་བོར་གཙང་འགྲམ་འདི་ནས་ཉི་མར་ལྡེ
ངས་གཙང་བོ་དེའི་ནང་དུ་མི་རེ་འགའ་ནུབ་ཀྱིན་པ་མཐོང
 ངས་གཙང་བོ་དེ་ནས་མི་རེ་འགའི་ལག་པ་མར་ནུབ་ཀྱིན་པ་མཐོང
ལག་པ་རེ་འགས་མེ་ཏོག་གི་ཟེའུ་འབྲུ་བསྐྱོར་ནས
གཙང་ཆབ་ཀྱི་འོག་ཏུ་ཟུག་གིན་པ་མཐོང
ངའི་མནོ་བསམ་ཉིན་གང་བོར་གཙང་བོ་འདི་དང་ལྷན་དུ་བཞུར
ཆུ་ཐིགས་རེ་རེ་ང་ཡི་སྙིང་ཁར་རྡེག་ཅིང ང་རང་ཡོམ་ཡོམ་བསྒུལ
ངས་ཉིན་གང་བོར་གཙང་འགྲམ་འདི་ནས་འགྱུར་ཁུགས་མེད་པའི་གླུ་བླངས
ངས་གཙང་བོ་དེའི་ནང་དུ་མི་རེ་འགའ་འགྱེལ་གྱིན་པ་མཐོང
ངས་གཙང་བོ་དེ་ནས་མི་རེ་འགའི་ངོ་གདོང་མར་ནུབ་ཀྱིན་པ་མཐོང
ངོ་གདོང་རེ་འགས་ངོ་གདོང་གཞན་དག་ལ་ཅེར་ནས
གཙང་ཆབ་ཀྱི་ནང་དུ་ལྷུང་གིན་པ་མཐོང
ངའི་སྐྱོ་སྡུག་ཉིན་གང་བོར་གཙང་བོ་འདིའི་ནང་དུ་བཞུར
རླབས་ཟེགས་རེ་རེས་ང་ཡི་རྐང་རྗེས་བསུབ་ཅིང
ང་རང་བྱེ་ཕུང་དུ་དེད ངས་ཉིན་གང་བོར་གཙང་བོར་
བལྟས་ཏེ་བརྩེ་དུང་གི་རླབས་རྒྱུན་བཙལ
ངས་ཉིན་གང་བོར་མི་གཉིས་ཀྱི་ཁེར་རྐྱང་གི་ཡུལ་ཁམས་ཉུལ
ངས་ཉིན་གང་བོར་འཚོ་བ་དང་སྙན་ངག་གི་དོན་སྙིང་བཙལ
ངས་ཉིན་གང་བོ......            

     1(འདིའི་ནང་གི་ང་ཞེས་པའི་གང་ཟག་གི་ཚབ་ཚིག་དང་པོ་དེ་ཁོ་བོར་མི་གོ་བར་སྙན་ངག་ལ་ངོས་འཛིན་དགོས།)


རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།