གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་སར་གསེར་གྱི་ཁ་བ།

2017-03-18 15:41:20 ཀླུ་པད་བཟང་།(དཀར་མཛེས) ཀློག་གྲངས། མཆན ཡོད།


ཁ་བས་བཙས་པའི་སྐྲ་ལོ་དེས་འཇིགས་ཡེར་བ་དག་ལ་ཁ་ཡ་མེད་པར
ང་ཚོས་ཐོས་ཟིན་པའི་གཟུང་སྔགས་རིགས་ཤིག་སླར་ཡང་སྒྲོག་པར་བྱེད
ཁ་སང་དང་སང་ཉིན་མེད་པར་ད་ལྟ་བའི་སྒེའུ་ཁུང་ཆེས་ཆེར་ཕྱེས་ཏེ
སྡེར་མོ་སྐྱ་རེངས་ཀྱི་གཟུགས་བརྙན་ལ་སྲ་ཚུགས་ཀྱིས་སྤོ་དུས
ལམ་འདི་དེད་ནས་ང་ཁྱོད་ཀྱི་སེམས་པའི་སྒོ་དྲུང་དུ་འབྱོར
དེ་ནི་སང་ཞོགས་དྲག་ཏུ་འབར་སྲིད་པའི་མེ་ལྕེ་དེའི་མགོ་ཁུངས་སོ

ཞོགས་པའི་ཉི་ཟེར་ཤར་མ་ཐག་དལ་བུར་འཁྱིལ་བའི་བསང་དུད་ཀྱིས
ངེད་ཅག་ནི་བསྐལ་བའི་མཐའ་རུ་གསོན་པའི་སྨོན་ལམ་བཏབ
ཨ་མ་ལགས་ཀྱིས་ཤིན་ཏུ་ཟབ་ཅིང་གཅེས་པའི་ངང
ངེད་ཅག་ལ་དཀར་ཡོལ་འབྲུག་རིས་མའི་ནང་དུ་འོ་ཇ་ཕོར་གང་དྲང་ཡོང་དུས
མིག་མདུན་གྱི་མཛེས་པ་མ་ལུས་སྐད་ཅིག་རིང་འཇིག་འགྲོ་བར་དོགས་ནས
ཞིབ་ཅིང་ཕྲ་བར་བཟོས་པའི་རྨི་ལམ་དུ་འོ་ཇའི་སྤྲིས་མ་དམ་དུ་སྤུངས

ཁ་བས་ཅི་མི་སྙམ་པར་ཁ་སང་གི་མཐའ་ཁ་ནས
ཨ་མ་ལགས་ཀྱི་དཔྲལ་བའི་བར་མཚམས་སུ་རི་མོ་འཁྱོག་པོ་ཞིག་བྲིས
རི་མོ་དེ་རྟེན་ཅིང་འབྲེལ་བ་དང  རྟེན་འབྲེལ་ནི་འཇིགས་ཡེར་བའོ
ནམ་ཞིག་ལ་གནས་ལུགས་ལྟ་བུའི་བྲག་ཅ་ཞིག་རྣ་བར་འཁོར་ཡོང་བར་བསམ་དུས
འོ་ཇ་ཕོར་གང་གི་སྣེ་མོར་འཇུས་ནས་ཟླ་དང་པོའི་སྒོ་འཐེམ་དུ་འགྲེང་སྟེ
ཁ་སང་གི་མཚན་མོ་ལ་མིག་སྐྱེལ་བྱེད་དགོས་བྱུང

ཁ་བ་ནི་དལ་བར་དལ་བུར་ངེད་ཅག་གི་སྐྲ་ལོའི་གསེབ་ཏུ་ཐིམ་གྱུར་ཅིང
ཁོས་ལོ་ཟླ་གྲངས་མེད་ཀྱི་པང་ནས་ཐར་བར་བྱས་ཏེ་རང་གི་བྱུང་བ་བརྗོད་ངེས་ལ
ངེད་ཅག་ལ་འཕྲོད་པ་ངེས་པའི་ཡབ་མེས་ཀྱི་བཀའ་ཆེམས་ཀྱང་བསྒྲག་ངེས
རྩིས་འཁོར་དུ་སྣང་བརྙན་ཡག་པོ་ཞིག་འཆར་བའི་ཆེད་དུ
ངེད་ཅག་གིས་ཁ་བ་ལ་ཆར་བ་ཞེས་མིང་གིས་འབོད་སྲིད་པའི་དུས་སུ
ལོ་སར་ཁ་བ་གསེར་ལས་དཀོན་ཞེས་ཨ་མས་ང་ལ་ཡང་ཡང་བཤད་ཡོང་ངེས

                                       2017_2_27


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།