གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ།(སྙན་ཚོམ)

2017-07-15 21:27:53 གསར་བུ།(བོད་ལྗོངས་སློབ་ཆེན) ཀློག་གྲངས། མཆན ཡོད།

                       སྙན་ངག་པར་ཉེ་བར་བཅར་བ།

མཚན་མོ་འདིར། ངས་སྙན་ངག་པའི་མལ་ས་ལ་འཇབ།
གསང་མི་དགོས་པའི་རྐུན་མ་ལན་གཅིག་བྱས་ཏེ།
སྙོབ་ཐབས་བྲལ་བའི་སྙན་ངག་པའི་མི་ཚེ་ལ་སྙེགས།
དབྲལ་ཐབས་བྲལ་བའི་སྙན་ངག་པའི་ལུས་པོ་ལ་འཇུས།
བརྟོལ་ཐབས་བྲལ་བའི་སྙན་ངག་པའི་བསམ་བློ་ལ་དམིགས།
སྙན་ངག་པ།  ཅི་ཡང་རེད་མི་འདུག

སྙན་ངག་པ་ཅི་ཡང་མ་ཡིན་པའི་དབང་གིས།
མཚན་མོ་འདིར། ངས་སྙན་ངག་པའི་ཤོག་ལྷེ་དམ་དུ་བཟུང་།
ཚིག་ཟིན་ལ་མེད་པའི་བསྡུས་གཟུགས་ཤིག་བཙལ་ཏེ།
སྙན་ངག་པ་ལ་འཇའ་ཚོན་གྱི་ཞྭ་མོ་ཞིག་སྐོན།
སྙན་ངག་པ་ལ་ནམ་མཁའ་དང་འདྲ་བའི་མལ་གོས་ཤིག་གཡོགས།
སྙན་ངག་པ་ལ་རྨུ་ཐག་གི་སྐེ་རྒྱན་ཞིག་སྤྲས།
སྙན་ངག་པ།  ཡིད་དུ་འོང་བ་ཞིག་རེད་འདུག

སྙན་ངག་པ་ཡིད་དུ་འོང་བ་ཞིག་ཡིན་པའི་དབང་གིས།
མཚན་མོ་འདིར། ངས་སྙན་ངག་པའི་མགྲིན་པ་ཤུཊ་སུ་བཙིར།
སྤྱི་གྲགས་སུ་མེད་པའི་སྐད་ཆ་ཞིག་བསྡུས་ཏེ།
སྙན་ངག་པའི་ཚོར་བ་ལ་རི་མོའི་རྟགས་ཐམ་ཞིག་བརྒྱབ་པ་ཡིན།
སྙན་ངག་པའི་དོན་ལྔ་སྣོད་དྲུག་ལ་ལྟ་སྐོར་ཞིག་བྱས་པ་ཡིན།
སྙན་ངག་པའི་སྨྱུག་རྩེ་ལ་དྲན་མེད་ཀྱི་ལད་མོ་ཞིག་བྱས་པ་ཡིན།
སྙན་ངག་པ།  སྙན་ངག་པ་རང་རེད་འདུག

                     སྙན་ངག་པའི་འཚོ་བ་འབྲི་བ།

སྙན་ངག་པ་ཁེར་རྐྱང་ཡིན་དུས།
ན་ཟུག་གིས་མནར་བའི་ནད་པ་ཞིག་རེད།
སྐད་ཆ་ཚིག་ཙམ་ཡང་མེད་པའི་ལྐུགས་པ་ཞིག་རེད།
སྡུག་བསྔལ་གྱིས་བཀྱིགས་པའི་ཕམ་ཉེས་པ་ཞིག་རེད།
རང་སེམས་ཀྱི་འགལ་འདུ་སྨྱུག་རྩེ་ལ་བཀོན་ནས།
གཞན་སེམས་ཀྱི་མིག་ཆུ་རྒྱགས་ཕྱེ་ལ་འདྲེན་ཡོད།
སྙན་ངག་པ།   ཁྱོད་ཤི་ན་དགའ།

སྙན་ངག་པ་གྲོགས་པོ་དང་འཛོམས་དུས།
སྒྱུ་འཕྲུལ་ལ་དགའ་བའི་རོལ་རྩེད་མཁན་ཞིག་རེད།
སྨྲ་བ་ལ་ཆད་རྒྱུ་མེད་པའི་སྨྱོན་པ་ཞིག་རེད།
ཆང་འཐུང་ལ་དགའ་བའི་ར་བཟི་ཞིག་རེད།
རང་ལུས་ཀྱི་གར་སྟབས་དཔའ་རྩལ་ལ་ངོམས་ནས།
གཞན་ལུས་ཀྱི་མཛུམ་པར་རེ་བས་བསྒོམ་ཡོད།
སྙན་ངག་པ།   ཁྱོད་སོང་ན་དགའ།

སྙན་ངག་པ་རྒྱུན་ལྡན་གྱི་མི་ཞིག་ཡིན་དུས།
དཔེ་ཀློག་ལ་དགའ་བའི་དཔེ་ཆ་བ་ཞིག་རེད།
མནོ་བསམ་ལ་མོས་པའི་ཤེས་ཡོན་པ་ཞིག་རེད།
གཏམ་གླེང་ལ་སྤྲོ་བའི་གཞུང་ལུགས་སྨྲ་བ་ཞིག་རེད།
རང་ཉིད་ཀྱི་མྱོང་བ་ལྕེ་རྩེ་རུ་བཞག་ནས།
ཕ་རོལ་གྱི་ལམ་ཁ་ལ་མཛུབ་སྟོན་བྱེད་ཀྱི་ཡོད།
སྙན་ངག་པ།  ཁྱོད་མཁོ་བར་འདུག

སྙན་ངག་པ། ཁྱོད་འཚོ་བ་ལ་དགའ་ཞིང་འཚོ་བ་ལ་སྡུག
ཁྱོད་གསོན་པ་ལ་དགའ་ཞིང་ཤི་བ་ལ་དགའ།

                      སྙན་ངག་པའི་ཚོར་འདུ་ལེན་པ།
                 
རི་རྩེའི་རླུང་དར་དང་འགྲོགས་ནས།
ཕར་གཡོ་ཚུར་གཡོ་གནང་མཁན་གྱི།
སྙན་ངག་པ།

ཆུ་བོའི་བཞུར་སྒྲ་དང་བསྡོངས་ནས།
མི་རྟག་པ་ཡིད་ལ་སྒོམ་མཁན་གྱི།
སྙན་ངག་པ།

རང་སེམས་མེ་ལ་བསྒྲོན་ནས།
མིག་ཆུའི་ཐིག་རིས་འཐེན་མཁན་གྱི།
སྙན་ངག་པ།

རང་ཁྱིམ་གྱི་སྒོ་ཐེམ་བརྒལ་ནས།
ཁྲོམ་སྲང་ལ་གང་བདེར་མྱུལ་བའི།
སྙན་ངག་པ།

སྙན་ངག་པ། ལྗིད་ཆེ་བའི་ཚིག་རིས་ཀྱི་རྣམ་ཤེས་ཤིག་ཡིན།
རྟོག་བཏགས་ལ་འཁྱུད་པའི་ཡི་གེའི་སྒྱུ་མ་ཞིག་ཡིན།

                      སྙན་ངག་པའི་ལྟག་རྒྱབ་ལ་ལྟ་བ།

སྒལ་ཚིགས་སྟེང་དུ་མེ་ཏོག་ཅིག་བཞད་ཡོད།
དེ་ཡི་ཁ་མདོག་ནི་སྣ་ཚོགས་པ་ཡིན།

བྲང་ཁ་རུ་མེ་ཏོག་ཅིག་བཞད་ཡོད།
དེ་ཡི་ཁ་མདོག་ནི་སྨུག་པོ་ཡིན།

ཁྱེད་ཀྱིས་མེ་ཏོག་འདི་སྙན་ངག་གི་གསེང་དུ་སྦས་ཡོད།
ཀློག་པ་པོས་མེ་ཏོག་འདི་སེམས་མུས་སུ་བཅུག་ཡོད།

                       སྙན་ངག་པའི་མི་ཚེ་གླེང་བ།

ཁྱེད་ཀྱི་ལུས་པོ་ལ་གྱ་གྱུ་མང་ཞིང་།
ཁྱེད་ཀྱི་སེམས་པ་ལ་རྙོག་འཛིང་ཆེ་བས།
ཁྱེད་སྨྲ་བ་ནི་དཀའ་ཚེགས་ཀྱི་ལས་ཀ་ཞིག་ཡིན།

ཁྱེད་ཀྱི་མགྲིན་པ་ལ་གསང་བ་མང་ཞིང་།
ཁྱེད་ཀྱི་ལག་པ་ན་རྣོ་གྲི་བཟུང་བས།
ཁྱེད་དང་འགྲོགས་པ་ནི་ཉེན་ཁ་ཞིག་ཡིན།

ཁྱེད་ཀྱི་སྙན་ངག་ལ་བར་སྟོང་ཆེ་ཞིང་།
ཁྱེད་ཀྱི་སྐད་ཆ་ལ་ལྡེམ་ཤུགས་ཆེ་བས།
ཁྱེད་གླེང་བ་ལ་སྤོབས་པ་མི་འདུག

སྙན་ངག་པ།  ཁྱེད་ཀྱི་ཕྱི་ནང་ལ་གསང་བ་མང་།
སྙན་ངག་པ།  ཁྱེད་ཀྱི་མི་ཚེ་ལ་གླེང་བརྗོད་མང་།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།