གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་བུའི་སྙན་ངག་ཚན་པ་གཉིས།

2018-05-23 10:39:46 སྙན་བུ།(པེ་ཅིང) ཀློག་གྲངས། མཆན ཡོད།

image001.jpg

                      ཧུར་བརྩོན།

རེ་བ་མངོན་འགྱུར་ཡོང་བའི་ཆེད་དུ
མི་རྣམས་ཀྱིས་གསོལ་འདེབས་བྱེད
ང་ནགས་ཚལ་དུ་སོང་ཡང
རང་ཉིད་སྡོང་པོ་ཞིག་ཏུ་འགྱུར་མ་ཐུབ

ཡིད་དུ་འོང་བའི་ལྷ་བྱ་ལགས
ཁྱེད་ཀྱིས་ང་ལ་འཕྱ་སྨོད་མ་གནང
སྡོང་པོ་ནི་སྡོང་པོ་ནང་བཞིན་སྐྱེ་རྒྱུ་ལས
གཞན་ཞིག་དེ་ལྟར་མི་ནུས་པར་འདུག

ཡིན་ཡང་ངས་ཧུར་བརྩོན་བྱས་ཆོག
སྡོང་པོའི་ཡལ་ག་ཞིག་ཏུའང་འགྱུར་མ་ཐུབ་ན
རང་རློམ་གྱིས་ཁེངས་པའི་ལོ་མ་ཞིག་ཏུ་ཨེ་འགྱུར་ལྟ
དེའང་མ་ཐུབ་ན
ངས་རང་ཉིད་ཅིས་ཀྱང་ཆུ་ཐིགས་ཤིག་ཏུ་བསྒྱུར་ཏེ
སྡོང་པོའི་རྩ་བར་ཁུ་སིམ་མེར་འཁྱིལ་ངེས

ཡིད་དུ་འོང་བའི་ལྷ་བྱ་ལགས
ཁྱེད་ཀྱིས་གསུང་སྐད་ལན་ཞིག་སྒྲོགས་དང
ང་ནི་ང་ལས་གཞན་ཞིག་ཏུ་འགྱུར་མ་ཐུབ་ན
ཁྱེད་ཀྱིས་ང་ལ་འཕྱ་སྨོད་མ་གནང

                     ཨ་པུ་ཅེ།

“ང་འགྲོ་རན་སོང་།” “རླུང་བུ་འཇགས་རྗེས།
ངས་ཁྱོད་ལ་སྐྱེལ་མ་བྱས་ཆོག”
“མིན།   ངས་རང་ཉིད་ནི་བདེ་སྐྱིད་ལྡན་པའི་མི་ཞིག་ཏུ་རློམ་ཡོད།”
“ན་ནིང་གི་དབྱར་གཞུང་དེ་དྲན་ནམ།
ཉི་འོད་དང་རྩྭ་ལྗང་།  ཕྱེ་མ་ལེབ་དང་སྤྲིན་དཀར།
ལ་གཞས།  ལུ་གུ  འུ་གཉིས་ལ་ཅི་ཡང་འཛོམས།”  “ཡིན་ཡང་།
གཙང་འགྲམ་དེར་ང་ངུས་མྱོང་།
ཅི་ཙམ་ངུས་པ་གཙང་བོར་གསལ།”  “ངའི་དམ་བཅའ་
བརྗེད་སོང་ངམ།  ངའི་མནའ་ཚིག་བརྗེད་སོང་ངམ།”
“དེ་དུས་ཀྱི་འུ་གཉིས་ལ་ཅི་ཁག”
“ཕངས་པ་ལ།”  “དུས་ཚོད་ཀྱི་སྔ་ཕྱི་ལ་ཁྱད་མི་འདུག
ཁྱོད་རང་མི་གཞན་ཞིག་དང་འགྲོགས་རྗེས......”
“བདེན།  དེ་རྨི་ལམ་ཞིག་དང་གཉིས་སུ་མེད།
འཆི་བ་སླེབས་པ་ལྟར།  ང་དངོས་གནས་སྐྲག་གི་འདུག”
“ང་ནི་མེ་ཏོག་སེར་ཆེན་ཞིག་ལའང་མི་དོ་བ་ཨེ་རེད།”
“ང་རང་ལྷག་བསམ་རྣམ་དག་གིས་ཁྱོད་ལ་དགའ་མྱོང་།” “དེ་བདེན་ན།
ང་ལ་མགོ་སྐོར་གཏོང་དོན་ཅི། ང་ལ་རྫུན་ཚིག་སྨྲ་དོན་ཅི།
ཁྱོད་ད་དུང་ཡང་མོ་ལ་ཧ་ཅང་དགའ་འམ།”
“ནམ་མཁའ་ན་ཟླ་བ་གཅིག་ལས་མེད་པ་བཞིན།  ངའི་སེམས་ནའང་ཟླ་བ་ཁྱོད་ལས་མེད།”
“ངས་ལས་དབང་ལ་འཁང་ར་བྱེད་མི་འདོད།”
“ཁྱོད་ཀྱིས་ཁོ་དྲན་གྱིན་ཡོད་དམ།”  “དྲན་དང་མ་དྲན
མཇུག་འབྲས་གཅིག་པ་རེད།  འོན་ཀྱང་ང་ངུས་མ་མྱོང་།”
“ཁྱོད་ནི་སྔར་བཞིན་མཛེས་པ་ལ།”  “ད་ནི་ང་འགྲོ་རན་སོང་།”
“རླུང་བུ་ད་དུང་འཇགས་མི་འདུག  ཁྱོད་ཀྱིས་ཐོས་བྱུང་ངམ།  ངའི་སྙིང་གི་འཕར་ལྡིང་།”
“ཐུགས་སེམས་བདེ་བར་གྱིས།  ང་གཙང་བོའི་ཕར་ཁར་བརྒལ་ཐུབ།”
“ཐུགས་སེམས་བདེ་བར་གྱིས།  ངས་རྟ་ཕོ་བཞོན་ནས་ལོག་ཡོང་ངེས།”
“ས་སྲོད་ཀྱི་དུས་ལ།  འདབ་ཆགས་མགོ་ཐོག་ནས་འཕུར་རྗེས།
ངའི་སེམས་པ་ཚོད་ཚོད་ལ་སྐྱོ་གི་འདུག”  “རླུང་བུ་ད་དུང་མ་འཇགས་ན་བསམས་བྱུང་།”
“ངས་རང་ཉིད་ནི་བདེ་སྐྱིད་ལྡན་པའི་མི་ཞིག་ཏུ་རློམ་ཡོད།”
“ཨ་པུ་ཅེ—          ཨ་པུ་ཅེ—”

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།