གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་གཅིག་གི་རྨི་ལམ།(ཞར་བཀོད་གཅིག་ཡོད)

2019-04-07 10:40:10 ཀླུ་པད་བཟང་།(དཀར་མཛེས) ཀློག་གྲངས། མཆན ཡོད།

                ————གློག་བརྙན《ང་ཡི་ཆང་གསོལ་རོགས》ལ་བལྟས་རྗེས།

སེམས་ཀྱིས་ཆང་བཙགས  ཆང་ལས་སེམས་བསྐྱེད

སྔས་གོང་ལ་འཐིམ་པའི་འཆི་བའི་མཛེས་སྡུག་གི་ཡིག་འཕྲིན
རྨི་ལམ་གྱི་རྟོག་པ་བན་བུན་བརྒྱུད་དེ་ཁོང་མོའི་ལག་ཏུ་འབྱོར
རྨི་ལམ་ནི་མངོན་སུམ་གྱི་ལུང་བསྟན་དང་འདྲ་བར
རྒྱང་རིང་གི་ཉི་མ་ལྷ་ས་དྲན་པར་བྱེད

རང་གི་ཡིན་པར་འདོད་པའི་ཧམ་སེམས་དེས
སྐྲ་ཉག་སྤར་གང་རུམ་དུ་བཅུག་རྗེས
མཚན་གང་བོར་མུན་པར་ལན་བུ་བསླེས
མདུད་པ་དམ་པོ་ཞིག་གིས་ཞེ་སྡང་བ་དག་ཁུ་སིམ་མེར་བསུབ

སྒྲོན་མེའི་འོད་མདངས་གཡར་ཏེ་མིག་གིས་རྒྱང་ལ་ཅེར་ཡང
རུས་པ་གས་པའི་སྒྲ་ལས་ཅི་ཡང་མཐོང་མ་བྱུང
རྐང་པའི་མཐིལ་གྱི་འདམ་བག་ཆེ་ཆུང་དུ་མས
ཚེ་གཅིག་གི་ཕྱི་ནང་གསང་གསུམ་ངག་གི་གཏིང་ལ་འདྲེན

རྩམ་པ་སྤར་གང་མེ་ལ་གསུར་རྗེས
སེམས་ཀྱི་སྟོང་པ་ལྷམ་སྒྲོག་གིས་བསྡམས་བྱུང
མཐའ་སྣེ་དབུས་ལ་གཏོགས་པའི་ལམ་གྱི་ཉིན་མཚན་གཉི་ཀ
ལུས་ཟུངས་སུ་ཚ་བ་རྒྱས་པའི་ལྷག་བསམ་དང་ཞེ་སྡང་གིས་རྒྱབ་ཏུ་བསྐྱུར།

              2018. 12. 8

                ང་རང་ནད་ཀྱིས་ཟིན་འདུག་ཨང་།


མཐའ་ཡས་པའི་མི་སེམས་ཀྱི་མྱ་ངམ་ཐང
དེ་ལས་འཕྲོས་པའི་འཁྱག་སིབ་སིབ་ཀྱི་རླུང་རྒྱུན
ང་ཡི་བྲང་ལ་རྡེབ་ཙམ་རྡེབ་ཙམ་གྱིས་བཞུད་འགྲོ
རྒྱང་རིང་གི་ཆུ་དང་ཆར་བར་སྒུག་བཞིན་ཙོག་པུར་སྡོད་མཁན་དེ
རྐང་འོག་གི་བྱེ་རྡུལ་ཚ་བོ་མེ་དང་འདྲ་བ་དེས་སྒུལ་བར་བྱེད

ཁྱོད་ཀྱིས་ང་རང་དྲན་པར་གྱུར་ན
རི་རབ་ལས་གཏོས་ཆེ་བའི་ནང་སེམས་སྟོང་པ་ལ་ཨེན་ཙམ་ཉོན་དང
སྐྱེ་བ་འདི་ཕྱི་གཉིས་ཀར་ནད་ཡམས་མི་འབྱུང་བའི་ཞིང་ཁམས་ཤིག
འུ་གཉིས་རང་དབང་རང་འཐད་ངང་འགྲོ་ཡུལ་ཞིག་སྣང་བར
ངས་དུར་ཁྲོད་ཀྱི་རྡོ་བ་ལེབ་མོའི་ཁྲོད་ནས་གསོལ་བ་འདེབས

ཤིང་སྡོང་སྐམ་པོའི་སྟེང་གི་བྱེའུ་ནད་པ་དེས
རྨ་ཁའི་ཁྲོད་ཀྱི་བརྩེ་དུངས་སྒྲོ་འོག་ཏུ་སྦས་ནས
དེ་ཉིད་དུས་ཚོད་ཀྱིས་སྒུལ་བ་ལ་དངན་པ་འཐེན་བྱུང
རེ་ཐག་ཆད་དུས་གནམ་ལ་ལྟ་བར་དགའ་བའི་ང་རང
འདབ་ལོ་ཞིག་ཚ་གདུང་གིས་བསྲེགས་པ་བཞིན་རིམ་གྱིས་རྒ་འགྲོ་ངེས

དགུན་ཟླ་དང་པོ་འདིར་ཆུ་ཆེན་ཆུ་ཆུང་བརྒལ་ནས
སླེབས་ལ་ཉེ་བའི་འདི་སྣང་གི་བགྱི་བ་ཡོད་ཚད
ཨུ་ཚུགས་ཀྱིས་ཕུན་སུམ་ཚོགས་པའི་ཁེར་རྐྱང་དུ་བསྒོམས་ན་ཡང
ངས་ཁྱོད་ཀྱི་སྙིང་འཕར་བའི་རྡིག་སྒྲ་ཐོས་པས
མིག་ཟུང་གློ་བུར་དུ་འབྱེད་ནས་རྒྱང་ལ་ཅེར་དགོས་བྱུང་།

               2018. 10.28
 

རྩོམ་སྒྲིག་པ། ལྷ་སྐྱིད།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།