བྱིས་པའི་སྙན་ངག་ཚན་པ་དགུ།
ནོར་རྫི་ཁ་ཆག
ང་ཡི་སོ་གཅིག་ལྷུང་།
ང་ཡི་སོ་གཉིས་ལྷུང་།
ང་རང་ང་ཡི་སོ་ལ་དགའ།
རང་བྱུང་ལྷུན་གྱིས་གྲུབ་པ་ཡིན
ང་ཡི་སོ་གསུམ་ལྷུང་།
ང་ཡི་སོ་བཞི་ལྷུང་།
ང་ལ་ང་ཡི་སོ་དགོས།
གཅིག་རྗེས་གཉིས་དང་གཉིས་རྗེས་གསུམ།
སོ་ཚང་མ་མ་ལྷུང་།
ལོ་བརྒྱད་ལ་སླེབས།
བརྒྱད་པའི་ནོར་རྫི་ཁ་ཆག་ཟེར།
བརྒྱད་པའི་བེའུ་རྫི་ཁ་ཆག་ཟེར།
ཁྱི་སོ་ཕག་སོ་ཨ་ཁུ་ཉི་མར་བྱིན
དུང་སོ་དཀར་མོ་རེ་བའི་མིག་གིས་འཚོས།
སོ་རྙིང་བ་རང་བྱུང་ཁམས་ལ་ཕུལ།
སོ་གསར་བ་ལང་ཚོའི་དལ་དུ་གཏམས
ལེགས་སྐྱེས།
གློག་སྒྲོན་གསལ་པོར་བཀར།
དགེ་རྒན་ལ་ཕུལ་བའི་ལེགས་སྐྱེས་ཡིན།
འོ་ཇ་དཀར་ཡོལ་གང་བཏེགས།
ཕ་མར་ཕུལ་བའི་ལེགས་སྐྱེས་ཡིན།
སྤོ་ལོ་སྙིང་རྗེ་མོར་བྲིས།
སློབ་གྲོགས་ཚོར་ཕུལ་བའི་ལེགས་ཡིན།
མེ་ཏོག་ལྔ།
མེ་ཏོག་གཅིག་མཚན་མོར་སྟེར་འདོད།
མེ་ཏོག་གཅིག་གྲིབ་མར་སྟེར་འདོད།
མེ་ཏོག་གཅིག་རྨི་ལམ་ལ་སྟེར་འདོད།
མེ་ཏོག་གཅིག་རྒྱང་རིང་དུ་བསྐུར་འདོད།
མེ་ཏོག་གཅིག་མིང་མེད་དུ་བསྐྱུར་འདོད།
འུ་གཉིས་མཉམ་དུ་རྩེད།
ང་ཡིས་ཟླ་བ་ཁྱེར་འོང་།
འུ་གཉིས་མཉམ་དུ་བརྩེ།
ཉིན་མཚན་ཁ་དོག་སྣ་ལྔ།
ཁྱོད་ཀྱིས་ནམ་མཁའ་ཁུར་ཤོག
ང་ཡིས་ས་གཞི་པང་འོང་།
འུ་གཉིས་མཉམ་དུ་བརྩེ།
མཐོ་དམའ་རི་མོ་འཁྱུག་མ།
ཁྱོད་ཀྱིས་མེ་ཏོག་གྱོན་ཤོག
ང་ཡིས་ཁ་བ་བཀླག་འོང་།
འུ་གཉིས་མཉམ་དུ་བརྩེ།
དྲོ་འཁྱག་ཆུ་ཟོན་ཁྱུད་མོ།
ཨ་མ་འདེམ་པ།
ཨ་མ་ཆུ་ཕྲན་ཞིག་ཡིན་རྒྱུ་ན།
ང་རང་ཆད་པ་མེད་པར།
མདུན་ནས་མདུན་དུ་བཞུར་ཆོག
ཨ་མ་རྡོ་བ་ཞིག་ཡིན་རྒྱུ་ན།
ང་རང་འགྱུར་བ་མེད་པར།
གང་ས་གང་དུ་བསྡད་ཆོག
ཨ་མ་དཔེ་དེབ་ཅིག་ཡིན་རྒྱུ་ན།
ང་ལ་མུན་པ་མེད་པར།
མཐོ་ནས་མཐོ་རུ་འཕུར་ཆོག
ང་སྐྱེས་དུས།
ང་སྐྱེས་དུས་གཅིག་པར་འོང་།
རླུང་ལ་མ་སྐྲག
རྡོ་ལ་མ་སྐྲག
རི་ལ་མ་སྐྲག
ང་སྐྱེས་དུས་ནོར་བ་མེད།
མེ་ཏོག་མ་བཏོག
ཆུ་བོ་མ་རྙོག
བྱེའུ་མ་བསད།
ང་ཆུང་དུས་བསོར་མོ་ཡིན།
གཉིད་ལ་སྡོད་དང་རྟ་སྟེར་ཟེར།
གནམ་གྱི་སྐར་མ་བཏོག་འོང་ཟེར།
ས་ཡི་རྩི་ཏོག་འཐུ་འོང་ཟེར།
དབྱངས་ལ་བརྒྱུས་པའི་གཉིད་གླུ་རིང་མོ
ངག་ལ་བརྒྱུས་པའི་ཚིག་གི་མེ་ཏོག
དུས་ཚིགས་བཞི།
དུས་བཞིའི་དང་པོ་དཔྱིད་ཀ
དཔྱིད་ཀ་གཡུ་ཡི་ལུང་མེ།
ང་རང་མེ་ཏོག་ལྗང་ཁུ་ལ་དགའ།
དུས་བཞིའི་གཉིས་པ་དབྱར་ཁ།
དབྱར་ཁ་མ་ཕམ་གཡུ་མཚོ།
ང་རང་མ་ཕམ་གཡུ་མཚོ་ལ་དགའ།
དུས་བཞིའི་གསུམ་པ་སྟོན་ཀ
སྟོན་ཁ་འབྲུ་རིགས་སྣ་ལྔ་འདྲེས་མ།
ང་རང་ཕ་ཡུལ་གྱི་སྟོན་ཀ་ལ་དགའ།
དུས་བཞིའི་བཞི་བ་དགུན་ཁ།
དགུན་ཁ་བ་སྐྱ་སེང་ངེ
ང་ལ་སྐྱ་ཡུག་ཡུག་རི་ལུང་ཡོད།
མཚན་མོའི་གླུ།
ང་ཟླ་བའི་ནང་དུ་ཉལ་འདོད།
ཟླ་བ། ཟླ་བ་དཀར་བོ།
རི་བོང་གི་གྲོགས་པོ་ང་ཡིན།
ང་སྐར་མའི་གྲས་སུ་རྩེད་འདོད།
སྐར་ཚོགས། སྐར་ཚོགས་ཁྲ་ཁྲ།
སྤྲིན་དཀར་གྱི་ན་ཟླ་ང་ཡིན།
ང་མུན་པའི་ཀློང་དུ་མཆོང་འདོད།
མུན་པ། མུན་པ་ནག་པོ།
སང་ཉིན་གྱི་ཕྱེད་ཀ་ང་ཡིན།
ཉིན་གཅིག
ཉི་མ་གཅིག་ལ་དུས་ཚོད་ཉེར་བཞི་ཡོད།
ཕྱེད་ཀ་ཉིན་དཀར་དང་ཕྱེད་ཀ་དགོང་མོ་ཡིན།
ཕྱེད་ཀ་དཀར་དཀར་དང་ཕྱེད་ཀ་ནག་ནག་ཡིན།
གཅིག་རྗེས་གཅིག་གིས་དེད།
གཅིག་ཤུལ་གཅིག་གིས་བསུབ།
ཉིན་དཀར་ཉི་མ་ཤར་ན་ཞི་ལ་གཉིད།
དགོང་མོར་ཟླ་བ་ཤར་ན་ང་རང་གཉིད།
ཉིན་དཀར་འུར་འུར་ཆེམ་ཆེམ།
མཚན་མོ་དལ་དལ་ལྷོད་ལྷོད།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།

