སྨྱུག་ཞེན་གྱི་སྙན་ངག་ཁག་གསུམ།
མི་ཚེ་སྐད་ཅིག་མ།
མི་ཚེ་སྐད་ཅིག་མ། མི་ལུས་ཉི་ཚེ་བ།
དགོད་སླ་ཞིང་ངུ་སྐྱེན་པའི་འཁོར་བའི་གཟིངས་ཆེན།
སྐྱིད་མི་རྟག་སྡུག་རྟག་བརྟན་སེམས་ཀྱི་ཁང་ཆུང་།
ནམ་ཟླ་དགུན་ཁའི་ས་སྲོད་ཇི་བཞིན་ཉི་འོད་རྒྱང་དུ་བཀྱེད།
འཁྱག་སིལ་སིལ་གྱི་གྲིབ་གཟུགས་མདུན་དུ་གཅར།
ནམ་མཁའ་དང་ས་གཞི་སྨག་གིས་དལ་གྱིས་བསྡམས།
མི་ཚེ་སྐད་ཅིག་མ། མི་ལུས་ཉི་ཚེ་བ།
མིག་ལམ་དུ་འཆར་བ་དེ་དག་ཆོ་འཕྲུལ་ཇི་བཞིན།
སེམས་ངོགས་ནས་དྲན་པ་དེ་ཚོ་རྨི་ལམ་ནང་བཞིན།
ཆར་ཤུལ་གྱི་འཇའ་ཚོན་ལྟར་སྐད་ཅིག་ཏུ་ཡལ་ཚེ།
མིག་གི་མཛེས་ལྗོངས་ཐན་པས་འགེངས་ཤིང་།
སེམས་པའི་ནམ་མཁའ་སྟོང་སང་ངེར་གྱུར།
མི་ཚེ་སྐད་ཅིག་མ། མི་ལུས་ཉི་ཚེ་བ།
དུས་ཚིགས་རེ་རེར་ངེས་བརྟན་གྱི་འདུན་པ་བོར་བས།
ཆགས་སྡང་ཟུང་གིས་བསྙོར་བའི་འཇིག་རྟེན་གྱི་འཚོ་བ།
སྟོན་ཟླ་མགོ་མའི་མེ་ཏོག་ཇི་བཞིན།
སྔ་དྲོར་བཀྲག་མདངས་འཚེར་ཞིང་ཕྱི་དྲོར་སད་ཀྱིས་ཁྱེར།
མ་ནིང་དང་ད་ལོའི་བར་གྱི་གཏམ་རྒྱུད་དང་འདྲ་བར།
ཡིད་རྟོན་གྱི་སོ་མཚམས་ནས་ཆས་ཤིང་ངེས་མེད་ཀྱི་ཡུལ་ལ་གྱར།
གློ་བུར་དུ།
གློ་བུར་དུ།
མུན་པས་ས་གཞི་གཡོ།
ཟླ་འོད་དང་སྐར་ཚོགས་མཐའ་དག
ཅི་ཡང་མི་མངོན་པའི་ཚུལ་གྱིས་ཡིབ་དུས།
ངས་སྒེའུ་འགྲམ་ནས་སྨྲེ་ངག་ཏིག་པོ་དང་བཅས་ཏེ།
འོད་སྣང་གི་འཇིག་རྟེན་ཆུང་ཆུང་ཞིག་ལ་རེ་བས་སྒུག་ཡོད།
གློ་བུར་དུ།
ནམ་མཁའ་བཞིན།
རང་སེམས་སྟོང་པར་གྱུར་དུས།
ཉི་མའི་འཛུམ་ཆུང་དང་ཟླ་བའི་བརྩེ་བ།
སྤྲིན་པའི་རང་མདངས་དང་སྐར་མའི་ཚོམ་ཆེན།
དུས་ཅིག་ཏུ་བོར་སྟོར་ཀྱི་རྣམ་པས་དྲན་གདུང་གི་ཁ་བ་ཡུག་ཅིག་ཕབ།
གློ་བུར་དུ།
སྲོག་གི་རྨུ་ཐག
འཆི་ཁའི་ལན་བུར་ཆགས་དུས།
འདང་བརྩེའི་རི་མོ་དང་ཁ་དོག་བོར་ཞིང་།
འགྱོད་གདུང་སྟོང་ཕྲག་གིས་སྔོན་ནས་འཐེན་དུས།
མིག་མཐའ་རབ་རིབ་ངོ་གདོང་སྐྱ་བོར་གྱུར་པའི་རྣམ་པ་དེས།
མི་ཚེའི་དོན་སྙིང་གི་མེ་ཏོག་སད་སེར་བཙའ་ཐན་བྱུང་བ་གཞི་ནས་རྟོགས།
གློ་བུར་དུ།
གྱེས་པའི་བརྡ་དག
མིག་ལམ་དུ་ཤར་མར་བཀྲ་ཞིང་།
འཛོམས་པའི་དུས་ཚིགས་ཀྱི་ལས་སྐལ།
སེམས་ངོགས་སུ་ཡང་ཡང་ཉི་འོད་ལྟར་འཚེར་དུས།
མི་འདོད་གྲངས་མེད་ཀྱི་གྲི་ཁས་གཙེས་པའི་བདག་གམ་ཁྱོད།
འཇིག་རྟེན་ཆུང་ཆུང་འདིའི་མགྲོན་པོ་ཇི་བཞིན་ངེས་མེད་ཀྱི་ཡུལ་ལ་གྱར།
གློ་བུར་དུ།
དྲན་པ་ཤིན་ཏུ་ལྕི་བའི་མཚན་གཞུང་འདིར།
ཚིག་གི་གཞིས་སུ་ཕབ་པའི་སྐྱོ་སྣང་གི་རི་མོ་མཐའ་དག
སེམས་ཀྱི་ཟབ་ས་རུ་སྨྲེ་ངག་རིང་མོས་ཕབ་པ་ཅི་ཡང་མཚར།
ལོ་མཇུག་གི་སྟོང་ལབ།
ལོ་ངོ་གཅིག་འདི་ལྟར་རྫོགས་སོང་བ་རེད།ཕྱིར་དྲན་ཞིག་བྱས་ཚེ།
སེམས་ཀྱི་སྒོ་གླེག་རྡུང་མཁན་གྱི་འདས་སོང་དག
རྨི་ལམ་དུ་སྦྲུམ་པའི་ཁྱོད་རང་བཞིན་གསལ་ལེར་འཆར་ཡོང་།
གཉིད་མ་སད་ཀྱིས་ངང་ནས་དོན་དག་འགའ་ལ་འབད་ཁུལ་བྱས་མོད།
འོན་ཏེ། ཅི་ཡང་མ་འགྲུབ། གང་ཡང་མ་འཁྱོང་མ་ཐོབ་པའི་ཚུལ་དེ་དྲན་ཚེ།
སེམས་ནང་དུ་འཁུམས་ནས་སྡོད་པ་ལས་ཅི་ཡང་མ་ནུས།
འདི་ལྟར་མི་ཚེ་ལ་སེར་སྣ་ཞིག་ཅིས་ཀྱང་ཤོར།
ལོ་ངོ་གཅིག་འདི་ལྟར་རྫོགས་སོང་བ་རེད།
འདས་ཟིན་གྱི་ལོ་ཟླའམ་མི་ཚེ་ཕྱེད་ཀ་དེ་ལྟར་རྫོགས་སོང་བ་རེད།
འབྱུང་འགྱུར་གྱི་དུས་ཚོད་དང་རང་ཉིད་ཀྱང་འདི་ལྟར་རྫོགས་འགྲོ།
དབུགས་རིང་ཞིག་འཐེན་རྗེས་སེམས་ནང་དུ་གཏད་དེ་བསམ་གཞིགས་ཤིག་བྱས་ན།
ཐོབ་ཤོར་གྱི་རི་མོ་སྤར་གང་བྲིས་པའི་འཇིག་རྟེན་གྱི་གྲུ་ཟུར་རེ་རེར།
ཡང་ན། བག་འཁུམས་ཀྱིས་ལོ་ཟླས་བསྐྱལ་བའི་མི་ཚེའི་བཞུད་ལམ་རིང་མོར།
ཅི་ཡང་འཇོན་པའི་དུས་སྐབས་རེ་རེ་ནི།
སེམས་ལ་གཟན་པའི་ཚིག་དང་། ཞེ་ལ་ཐོགས་པའི་རྨ་ཁར་གྱུར་སོང་།
ལོ་ངོ་གཅིག་འདི་ལྟར་རྫོགས་སོང་བ་རེད།
མྱོང་ན་མི་འདོད་པའི་དུས་ཚོད་རེ་རེ་སྙན་ངག་ཐུང་ངུ་རེ་བཀླག་ཁུལ་གྱིས་བསྐྱལ་བ་ཡིན།
གཉིད་མ་ཁུག་པའི་མཚན་མོ་རེ་རེའང་སྙན་ངག་ཐན་ཐུན་རེ་འབྲི་ཁུལ་གྱིས་བསྐྱལ་བ་ཡིན།
འདང་མི་ཕོག་པའི་ཕྱིར་དྲན་ཀློང་གི་དེ་དག
བོར་སོང་བའི་ཅ་དངོས་བཞིན་ང་དང་རིང་དུ་གྱེས་སོང་བ་རེད།
ཡིན་ཡང་། གཏན་དུ་རང་གི་གྲིབ་གཟུགས་བཞིན་འགྲོགས་པའི་འདི་ཀོ
གཅེས་སྤྲས་ཤིག་བྱ་དགོས་སྙམ་པའི་ངང་ཚུལ་སྐྱེས་བྱུང་།
ལོ་ངོ་གཅིག་འདི་ལྟར་རྫོགས་སོང་བ་རེད།
ལོ་མཇུག་འདིར་རང་མལ་ནས་ཆིག་ལབ་ཅིག་བརྒྱབ་ཚེ།
སྣ་མི་གཅིག་པའི་འཚོ་བའི་གཟུགས་རིས་གྱ་གྱུ།
ཁ་དོག་མི་འདྲ་བའི་ཚོར་བའི་རི་མོ་སྣ་ཚོགས།
སེམས་ངོགས་སུ་རྒྱུ་ཡོང་། ཡིད་ངོས་སུ་འཆར་འོང་།
ལོ་མགོའི་སྟོང་ལབ་དང་། ལོ་མཇུག་གི་འབྲས་བུ་ཆ་མི་མཚུངས་བ་ཁོ་ནར་ངེས་པས།
དཔྱིད་ནས་དབྱར་དུས། དབྱར་ནས་སྟོན་ཁ། སྟོན་ཁ་ནས་དགུན་ཁར་བསླེབ་པའི་བར།
གཟེབ་ལ་ཚུད་པའི་བྱེའུ་རྨས་མ་བཞིན་ཅི་ཡང་མ་ནུས་ཁལ་མར་གནས་སོ།།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

