སོ་ཁམ་གྱི་སྙན་ངག་གསར་པ་ཁག་བརྒྱད།
མིང་མེད།
ཁྱོད་ཀྱི་ཀླད་པར་བླུགས་པའི་ཐ་སྙད་དག
འཇིག་སོང་བའི་ཚེ་སྲོག་འགའི་མིང་དུ་བཏགས
ཡིན་མདོག་གིས་བྲིས་པའི་ནམ་མཁར
གློ་བུར་གློ་བུར་ལ་སྤྲིན་འཁྲུགས
ཉི་རྡུལ་གྱིས་བརྩིགས་པའི་མཁར
ཁྱོད་ཀྱི་གཞིས་ཀ་ཡིན་ནམ
ཤི་གསོན་མ་ངེས་པའི་སྐྱེ་བོ་གདོན་གྱིས་ཟིན
སྒྲུང་ཞིག་བཀླགས་རྗེས
གཟེབ་ལས་བཏང་བའི་བྱ་ཁྱུར
ཁྱོད་ཀྱི་རྣམ་ཤེས་ཡོད་དམ།
2024/6/4
བརྩེ་བའི་རླུང་།
སྣང་བའི་ཉི་ནུབ
ནམ་མཁར་བཟོས་པའི་སྐྱེད་ཚལ
རང་སེམས་ཞི་བར་བྱེད་པའི་རླུང་འཇམ་པོ
བརྩེ་བའི་ལག་པ་ཟུང
དུས་ཚིགས་ཤིག་གི་ནམ་ཟླས
ཁྱོད་ཀྱི་དྲན་པའི་སྐྱོ་ངལ་མཚོན་ཐུབ་བམ
ཆར་སྒྲ་ཁོ་ན་གསལ་བའི་རྨི་ལམ་ལས
དུས་ཚོད་རླུང་གིས་སྤུརི
ཁྱོད་ནི་ཡུན་རིང་བསྒུགས་ཀྱང་ཕེབས་མི་སྲིད་པས
ཆང་དམ་ག་ཙམ་འཐུང་བ་འཁྲུལ་བར་གྱུར
ཤག་ཤག་ཏུ་འབབ་པའི་མཚན་མོའི་ཆར་བ
རང་སེམས་ཞི་བར་བྱེད་པའི་རླུང་འཇམ་པོ
བརྩེ་བའི་ལག་པ་ཟུང་།
2024/08/09
རྟ་ཁྱུ་བོར་བའི་མཚན་མོ།
སྟོན་ནམ་མར་ངོ
མཐོང་ལམ་ཟིན་དཀའ
མོ་ཏྲར་སྣུམ་ཟད
རུམ་གྱི་ཆང་དམ་ལས་ལྦུ་བ་འཕྱུར
ལུས་པོ་ཆར་གྱིས་བརླན
ཁྱོད་དང་འཕྲད་འདུན
ལམ་སྣེ་དེ་རུ་བཅོལ
རྟ་ཁྱུ་རི་ལ་ཡན
དྲན་པའང་དེ་བཞིན་ནོ།
2024/11/9
ཞོགས་པ་དེར།
ཁ་བ་བབས་མི་འདུག
དགུན་ནམ་ཞིག་འདས་སོང་བའི་སྣང་བ
སྒེའུ་ཁུང་ངོས་ཀྱི་བ་མོ་བཞིན་ཉི་འོད་ཀྱིས་བཞུས
དེབ་དང་ཁོ་ཧྥེ་ཕོར་བ མིག་ཤེལ་དང་གློག་ཀླད
མེ་ལོང་ནང་དུ་ལྡོག་གཟུགས་སུ་མངོན
མགོ་བོ་སྔས་ལས་འཇོག་ཙམ་བྱས
གོས་རྡང་གི་རྡུལ་སྤྲུག་པའི་དྲན་པ
འདས་སོང་བའི་སྟོན་ཁར་འཁྱུད
ཉི་འོད་འཁྱག་པ་ཞིག་ཀྱང་ངོ་གདོང་དུ་གླན
ཁ་ལག་ཅིག་ཟ་རྩིས་ཡོད་དམ སྙིང་ཉེ།
13/12/2024
ཁྱོད།
དུས་ལས་ཡོལ་བའི་ནམ་མཁའ་དེ
ཁྱོད་གཅིག་པུའི་མགོ་ཐོག་ཏུ་རྒྱུ་བ་བཞིན
མི་ཚོགས་ཀྱི་ངོ་གདོང་རླུང་བཞིན
ཡང་ན་དགུན་ཁ་བཞིན
ཁྱོད་རང་དངོས་གནས་འཚོ་བར་སུན་ནམ
འབྱུང་བཞིའི་འཇིགས་པར་སུན
ནགས་ཚལ་ལས་མཆེད་པའི་མེ་ལྕེ
ཤེས་རབ་ཀྱི་མེ་ལྕེ་མ་ཡིན་པ་བཞིན།
2025/1/12
ཁྱོད་དང་དུས་ཆད་བཏབ་རྗེས།
ཕྱི་ཚུལ་གྱིས་འཇིག་རྟེན་འདི་ཆེན་པོ་ཞིག་ཏུ་བཟོས
འུ་གཉིས་ལམ་དེ་ནས་ལན་གཅིག་འཕྲད་པའང
ཚེ་སྔོན་ལས་ཀྱིས་བསྐོས་ཐང་ཡིན་པར་སྨྲ
གཞུང་ལམ་འདི་ནས་མོ་ཊ་རྒྱུན་མི་ཆད
ཉེ་སྔོན་ཁ་བ་བབས་པས
འགྲོ་ལམ་དར་གྱིས་ཟིན
དཔྱིད་ཚུགས་ནས་ཉིན་ག་ཙམ་འགོར་བ་མི་དྲན
གནམ་གཤིས་ལ་དྲོད་ཀྱང་བབས་མི་འདུག
དགུན་ཁ་ཕྱིར་ལྡོག་བྱུང་ངམ།
ཞོགས་པའི་ཆར་བ།
ཞོགས་པར་གཉིད་གཅོག་ཅིག་བརྒྱབ་པས
དྲན་པ་མང་པོ་ཞིག་ལྷན་གཅིག་ཏུ་བསྲེས
ལུས་སེམས་གཉིས་ཀ་ངལ་བར་གྱུར
ཡིག་ཚད་ལས་འགོང་བའི་འཇིག་རྟེན་གྱིས
ཁྱོད་ཀྱི་ངོ་གདོང་ལ་ཆད་སྣང་ཞིག་བཟོས
བརྩེ་གདུང་ཅན་གྱི་མི་དེ་སྐྱོ་དྲགས་པས
སྲང་ལམ་ཆར་གྱིས་བརླན
ཆར་སྒྲ་རྣ་བར་གཟན
སྐབས་དེར ཁྱོད་ཀྱི་རྨི་ལམ་དུ
ཆར་བ་ཤག་ཤག་འབབ་ཀྱིན་འདུག་གམ།
2024/4/29
རྨི་ལམ་དང་རྨི་ལམ།
མི་ཚད་ཅིག་ལོན་ཙམ་གྱི་ཁ་བ་འདིས
དབུགས་ལྡན་ཡོད་ཅོག་ཚེ་ལས་འདས
ཡུལ་བོར་བའི་རྣམ་ཤེས་དེ་དག
སྐྱེ་བ་རྗེས་མའམ་སྐྱ་མྱི་དང་ཤིང་རྟ་བ་ཚོ
བཞི་མདོའི་ཁྲོམ་ར་ནས་འཛོམས
ནམ་གུང་སྲང་གི་ཧ་ཁྱི་དེ་ཚོས
བདག་གི་རྨི་ལམ་དཀྲོག་པར་བརྩམས
ཤག་ཤག་ཏུ་འབབ་པའི་ཆར་སྒྲ་ཞིག་རྣ་བར་སྙན
ར་བཟི་བའི་སྣང་བ་ཞིག་མུན་པའི་ནང་དུ་རྒྱུ
རྨི་ལམ་ནི་དྲན་ངོགས་ཀྱི་ཁྱོད་དང་འདྲ་བར
ཡིད་ལ་འཇགས་པ་ཞིག་མིན་འདུག
2025/6/6
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

