རང་དང་འབྲེལ་ཆེ་བའི་མི་སྐོར་ཅིག་རྗེས་སུ་དྲན་པ།
དགུང་ལོ་གྱ་དགུ་ལོན་པའི་རྨོ་མོ་ལགས་ཚེ་ལས་འདས་རྗེས།
རྨོ་མོ་མགར་ར་ལྷ་བྷོ་ལགས།*
མཚམས་མཚམས་སུ་ཁ་བ་འབབ་ལ
མཚམས་མཚམས་སུ་ཆར་བའང་འབབ
ཁ་བའི་འདབ་མ་གཅིག་བར་སྣང་ནས་ཡལ་དུས
ལག་པས་ཁྱེད་ཀྱི་རུམ་ཁ་མ་རྙེད་ལ
ཆར་བའི་ཐིགས་པ་གཅིག་ས་གཞི་རུ་སིམ་དུས
བརྩེ་དུང་གིས་ཀྱང་ཁྱེད་ཀྱི་རྣམ་ཤེས་མ་ཟིན
མཚམས་མཚམས་སུ་རླུང་དམར་ལྡང་ལ
མཚམས་མཚམས་སུ་ཉི་འོད་ཀྱང་ཟ་ཟི་ངང་འཚེར
དུས་ཚིགས་འདི་འདྲ་ཞིག་ལ
མགར་བ་ཚང་ཟེར་བའི་ཁྱིམ་རྒྱུད་ཅིག་གི་
མི་རབས་ཤིག་མཇུག་རྫོགས་སོང
འོན་ཀྱང ལག་ཟུང་གིས་མཆོད་མེ་བཏེགས་ཤིང
སེམས་པས་འོད་ཟེར་ཐོགས་པའི་མི་རབས་ཤིག་ཀྱང་
ཀ་ཁའི་གྲོགས་སུ་ཆས་ཡོད
༢༠༠༨ .༥ .༢༧
*ཁོང་མོ་ནི་མོ་ལོ་བཅུ་དགུའི་སྟེང་མགར་ར་ཚང་ཟེར་བའི་མནའ་མར་གྱུར།
བྷ་བྷ།*
ངའི་སྐེ་ཡི་ཕྲེང་བ་དེ་བོར་ནས་ཡུན་རིང་ཕྱིན
ངས་མཚམས་མཚམས་སུ
ཁྱེད་ཀྱི་བྱད་བཞིན་རབ་རིབ་ཅིག་ལས་མི་དྲན་ཡང
སྣང་བརྙན་ཁ་ཤས་ཡིད་ལ་ཇེ་གསལ་ནས་ཇེ་གསལ་རེད
དབུས་མཇལ་སྐབས་ཀྱི་རྣམ་པ་གང་ཡང་མི་དྲན་མོད
བུ་རམ་རྟ་རྨིག་མ་དེ་ཚོ་ད་དུང་ཡང་ལྕེ་རྟིང་ལ་འཁྱིལ
སྨུག་པོ་གསེར་ལྡན*འདབས་ཀྱི་སྡེ་གྲོང་ཆུང་ཆུང་དེའི་
ཁྱིམ་མཚེས་རྣམས་ད་ལྟ་འཐོར་ནས་ཕྱིར་ལ་བསྡུ་ཐབས་བྲལ་ཡང
ངོ་གདོང་རབ་རིབ་དེ་ཚོའང་ངའི་ཡིད་ལ་འཆར་ཙམ་འཆར་ཙམ་བྱེད
ཁྱེད་ཀྱི་སྐད་ཆ་དུམ་བུ་རེ་ངས་ད་དུང་ཡང་བརྗེད་མེད
ཁྱེད་ཀྱི་དབུ་སྐྲ་དཀར་པོ་དེ་ངའི་དྲན་པར་ཇེ་དཀར་ནས་ཇེ་དཀར་རེད
འདི་ཕྱི་གཉིས་ནི་བར་ཐག་མི་རིང་བ་འདྲ་སྟེ
མི་རྣམས་བརྗེད་ངན་ཡིན་པ་ལས
༢༠༡༥ལོའི་ལུགས་རྙིང་གི་ཟླ་༩བའི་ཚེས་༡༥ཉིན།
*བྷ་བྷ་ནི་སྙན་ངག་པའི་ཨ་མ་ལོ་ལོན་ཡིན། ༡༩༨༩ལོ་སྟེ་མོ་ལོ་དོན་བཞི་བར་འདས།
*སྨུག་པོ་གསེར་ལྡན་ནི་ཆུང་དུས་དགུན་སའི་རྒྱབ་རི་ཡིན།
ལོ་རྙིང་བར།
ལོ་རྙིང་བར རྩིབས་ནས་མི་སྐོར་ཅིག
ཚེ་ཕྱི་མར་བུད་སོང*
ལོ་རྙིང་བར གྲོགས་པོ་ཚོ་དང་མཉམ་དུ
ཉི་མ་ལྷ་སར་སོང*
མཇལ་ས་བསྐོར་ས་ནས
རྩིབས་ནས་འདས་སོང་བ་ཚོར
སྐྱབས་འཇུག་རེ་འཕངས
གསེར་ཡིག་རེ་བྲིས
ལོ་རྙིང་བར ཁྱིམ་ནས་ཀྱང་མི་ཞིག་འདས
ལོ་བརྒྱད་ཅུ་གྱ་གཅིག་ཡིན*
ལོ་རྙིང་བར མགོ་ཡི་སྐྲ་ཡང་ཡང་བཞར
ཆང་ཡང་མ་འཐུང
ལོ་རྙིང་བ བརྗེད་མེད་དུ་ཡིད་ལ་ཟགས
༢༠༢༠.༡༢.༣༡ ཤར་སྒོ་ནས།
*ལོ་དེར་སྒར་བའི་ཚེ་བྷ་ལགས་ཚེ་ལས་འདས། ངའི་ཕ་ཕྱོགས་ཀྱི་ཉེ་ས་ཕུ་བོ་ཚེ་ཕྲུག་དང་མགོན་རྡོ་
གཉིས་སྔ་ཕྱིར་ཚེ་ལས་འདས། ཞང་བོ་ཆུང་བའི་ནག་མོ་ཚེ་ལས་འདས། མ་ཕྱོགས་ཀྱི་ཨ་ནེ་ཆུང་བ་
ཚེ་ལས་འདས། མཇལ་ས་སྐོར་ས་ནས་ངས་སྐྱབས་འཇུག་རེ་འཕངས་ཤིང་གསེར་ཡིག་རེ་བྲིས།
* གྲོགས་པོ་བཅུ་གསུམ་རྨ་ཆུ་རྫོང་མཁར་ནས་རླངས་འཁོར་བསྐོར་ཏེ་ཉི་མ་ལྷ་སར་སོང་།
*ངའི་ཆུང་མའི་ཨ་མ་ལགས་ཚེ་ལས་འདས། ང་ཚོ་ཁྱིམ་གཅིག་ཏུ་ལོ་མང་བོར་འཚོ་བ་རོལ་མྱངས་
པས་ཡུན་རིང་ལ་ཟ་ཁ་འཐུང་ཁ་དྲན་འོང་ཞིང་མི་བརྗེད་པ་ཞིག་བྱུང་།
མི་ཚེ་གཅིག་གི་དྲན་གདུང་གས་གཉིས་སུ་ཆག
____ ཚེ་འདས་ཚེ་ཕྲུག་ཕུལ།
ལོ་སར་གྱི་སྔར་ནུབ
སྲང་ལམ་འཁྱག་པ་སྟོང་བ་དེ་རུ
ཁྱོད་རང་སྟབས་ཅིག་དངངས་འཚུབ་སྐྱེས་ཡོད་ཚོད་ལ
མཁའ་དབུགས་ཁྲོད་འཁྱམས་པའི་ནད་འབུ་ཞིག*
ག་ལེར མཐོང་མེད་ཚོར་མེད་དུ
ཁྱོད་ཀྱི་ཁའམ་སྣ་ཡི་བུ་ག་རུ་འཛུལ་ཏེ
རྩ་ལམ་ཡོད་ཚད་ཚ་གྲང་གང་ཞིག་གིས་ཁྱབ་སོང་ངམ
ད་ལྟ་ངས་སུ་ལའང་འདྲི་ཐབས་བྲལ
རྐང་བ་ཟུང་གིས་ཕ་ཡུལ་བསྐྱུར་ཏེ་འགྲོ་དུས
ཕུགས་བསམ་ནི་ཆེ་དྲགས་ཏེ་སུ་ལའང་གླེང་དཀའ་བ་ཞིག་ཡིན
གཞན་ཡུལ་ལུང་བར དྲན་གདུང་དང་ལྷན་དུ་ཟགས་པ
གཉོམ་ཆེ་ནས་ཆགས་སྡང་བོར་བའི་ཕ་ཡུལ་ཡིན་ནམ
ད་ལྟ་ཁྱོད་ལ་ཅི་ལྟར་འདྲི
ན་ཟུག་ཡོད་ཚད་བདུད་བརྩི་ཆང་ལ་སྦངས་པའི་གོམས་གཤིས་དེ
གཏན་ནས་འདོར་བར་དཀའ་དོན
བར་ཐག་གིས་བསྐྱེད་དེ་བར་ཐག་གིས་བསྟུང
མཐའ་མའི་དབུགས་ཁ་ལེན་ས་དེ་ཁའེ་ཁྲེའི*་བརྩེ་དུང་གི་པང་མ་ཡིན་པར
ཕ་ཡུལ་གྱི་ཕང་བ་ཡིན་པ་སྔར་ནས་ཇུས་སུ་འཐེན་པ་ཡིན་ནམ
དེའང་སུ་ལ་འདྲི
དབྱིན་ཡུལ་གྱི་Hertford*ཡི་མཚན་མོ་ཞིག་ལ
ངས་ཁྱོད་ཀྱི་སྐྱོ་གདུང་གི་ངོས་ཤིག་ཚོར་མྱོང་ཡོད
ཕ་ཡུལ་ནས་ཀྱང
ཁྱོད་ཀྱིས་ཚོར་མེད་དུ་མིག་ཆུ་ལྷུང་བ་ངས་མཐོང་མྱོང་ཡོད
འོན་ཀྱང ངས་ཁྱོད་དང་ལྷན་དུ་ཆང་འཐུང་སྟེ་མཐའ་མའི་དུས་ཚོད་དེ་གཏོང་མ་ཕོད
མི་ཚེ་གཅིག་གི་དྲན་གདུང་གས་གཉིས་སུ་ཆག
རུས་པ་དང་ཁྲག་རྒྱུད་ཤར་ནུབ་གཉིས་སུ་གྱེས
༢༠༢༡.༢.༡༡ ལོའི་གནམ་གང་ལ།
*ཏོག་གསར་གློ་ནད་ཀྱི་དབང་གིས་ཁོ་རང་དབྱིན་ཇིར་ལོག་མ་ཐུབ་པར་ཕ་ཡུལ་ནས་འདུག་པའི་དུས་ཚོད་
ཕྱིར་འགྱངས་བྱེད་དགོས་བྱུང་།
* ཁའེ་ཁྲེ་ནི་རྒྱལ་ཁོངས་དབྱིན་ཇི་ནས་ཡིན་པའི་ཁོའི་ཆུང་མ་སྟེ། ཁོ་གཉིས་ལ་བྱིས་པ་གཉིས་ཡོད། བུ་ཆེ་བའི་
མིང་ལ་མགོན་པོ་སྐྱབས་དང་ཆུང་བའི་མིང་ལ་ཟླ་བ་ཟེར།
* ༢༠༡༦ལོའི་ཟླ༥བའི་ཟླ་མཇུག་ལ་སྙན་ངག་པ་དབྱིན་ཇིར་འགྲོ་དུས་ཚེ་ཕྲུག་གི་ཁྱིམ་ནས་ཉིན་ཉི་ཤུར་ཉེ་བར་
བསྡད་ཅིང་སྐབས་དེར་ཁོ་ཚང་གི་ཁང་གཞིས་ཡོད་སའི་ས་ཆའོ།།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།

