ཞྭ་ནག་པའི་སྙན་ངག་ཚན་པ་བདུན།
ཁ་བྱང་བོར་བ།
དབྱར་ཁ་འདིར
ངས་སྙན་ངག་ཅིག་གི་ཁ་བྱང་བོར་སོང་བ་འདྲ
དེའང དོན་གྱིས་སྙན་ངག་ཅིག་གི་ཁ་བྱང་རེད་འདུག
སྙན་ངག་ཅེས་པ་འདི
སྐབས་རེར་སེམས་པ་སེམས་སུ་ངོ་སྤྲོད་ཚུལ་ཞིག་རེད་འདུག
སྙན་ངག་ཅེས་པ་འདི
སྐབས་རེར་ཁྱོད་ལ་སྐད་ཆ་གློད་ཚུལ་གཞན་ཞིག་རེད་འདུག
ད་ལྟ་བསམ་ན སྙན་ངག་ཅེས་པ་ནི
ཁྱོད་ལ་ལྐོག་ནས་དགའ་བའི་བུ་མོ་ཞིག་ལྟར
བཤད་འདོད་པ་མཐའ་དག་མགྲིན་པའི་སྦུབས་སུ་སྦས་ནས་འདུག་མཁན་ཞིག་རེད་འདུག
༢༠༢༥-༦-༡༤ཞོགས་པར།
མཛེས་སྡུག་གི་ཡིག་འབྲུ།
སྟོང་བའི་སེམས་པ་འདིའི་ནང་དུ་འཚོ་ཐབས་བྲལ
མཛེས་སྡུག་གི་ཡིག་འབྲུ་དེ
ཧྥ་རན་སིའི་བརྩེ་དུང་གི་གྱང་ངོས་སུ་བྲིས་པའི་ཡིག་འབྲུ་དེ་དག་ཙམ་ག་ལ་ཡིན
ང་ཡི་ཨམ་ཕྲག་ཏུ་སྙིང་ཉེ་བའི་ཡིག་འབྲུ་ཧ་ཅང་མང
ཡིད་འོང་གི་རྒྱང་རིང་ལགས
དུས་ཚོད་ལ་ལགས་སོ་ཟེར་དགོས་དོན་མི་འདུག་ནའང
རང་ཉིད་ལ་ཅིས་ཀྱང་ལགས་སོ་ཞེས་ཞུ་འོས
༢༠༢༥-༨-༣༠ལ་འདབ་པ་རུ།
ལྷག་འཕྲོ།
སེམས་པས་འདོར་མི་ཐུབ་པའི་ས་ཁྲ་དེའི་ངོ་གདོང་དང་འབྲེལ་ཨང
ལོ་རྒྱུས་ཀྱི་གླེགས་བམ་ཆེ་ཆུང་དུ་མ
སྔས་འགྲམ་གྱི་གློག་སྒྲོན་ཅི་བཞིན་ད་ལྟ་ད་དུང་ཡང་ཧ་ཅང་གསལ
མི་ལོ་མང་པོའི་སྔོན་གྱི་འུ་ཅག
གོ་ལའི་ཡང་རྩེ་རུ་གླུ་གཞས་གཏོང་མཁན་རྐྱང་རྐྱང་ཡིན
ང་ལ་སྐད་ཆ་མི་འདྲི་རོགས
སེམས་པའི་ནང་དུ་མདོག་མི་གཅིག་པའི་གཏམ་རྒྱུད་མང་དྲགས་པས
ངས་སང་ཉིན་གྱི་ཉི་རྡུལ་ཁྲོད་དུ་ད་རུང་ཅི་ཞིག་འབྲི་དགོས་པར་བསམ་བློ་བཏང་མེད
༢༠༢༤-༨-༣ཆབ་མདོ་རུ།
མཚོན་ཐབས།
མིང་མི་དྲན་པའི་དུས་ཚོད་ཁ་ཤས
སྨག་ནག་པའི་མཚན་མོ་འདིར་དཔེ་བླངས་ནས་བཤད་ན་ཆོག་གམ
འཆི་བའི་ཡིག་འབྲུ་རེ་རེ
གློ་ཉེ་བའི་ཁྱོད་དང་ཁ་ཐག་རིང་དུ་གྱུར་པས
ད་ལྟ མེ་འོད་འཁྱག་པ་འདིར་རྒྱབ་གཟུགས་གླན་མཁན་ག་ཚོད་ཡོད
༡༩༩༩ལོར་ཕ་ཡུལ་དུ་རླུང་བུ་ལྡང་སྲིད
རླུང་ལྡང་བ་ནི་ཧ་ཅང་སྙིང་ཉེ་བ་ཞིག
སྙིང་ཉེ་ཚུལ་དེའང ཁྱོད་ཀྱི་གོམ་སྟབས་ལ་འབྲེལ་བ་ཡོད
13/2/2025
སྒོ་འགྲམ་གྱི་ངང་སྒུག
འཚོ་བ་གླེང་ཟིན
འདས་སོང་གླེང་ཟིན
གླེང་ཟིན་པ་དེ་དག་གི་རྗེས་སུ
ངས་ཁྱོད་ཀྱི་སྒོ་འགྲམ་དུ་ཁྱོད་ལ་བསྒུག
དགུན་ཁ་འདི
མེ་འོད་བཞིན་དྲོན་པོ་ཞིག་ཡིན་ན
དགུན་ཁ་འདི
ཁྱོད་ཀྱི་སྒོ་འགྲམ་བཞིན་འཆར་ཡན་དང་ལྡན་པ་ཞིག་ཡིན་ན
ངའི་སྙན་ངག་འདིའི་ཁ་ཞེང་ཅུང་ཙམ་ཆེ་ངེས
༢༠༢༤-༡༢-༡༦ལའོ།།
རི་མོ་ཞིག
ཞོགས་པ་དེར
ལམ་ཕྲན་གྱི་གཡས་གཡོན་ཀུན་དུ
ལྗོན་པ་རེ་རེས་ཅི་ཞིག་སྒུག་སྙམ་གྱིས
ཁྱོད་ལ་ཕུར་ཚུགས་སུ་ཅེར
ངའི་དོག་དྲགས་པའི་མིག་མདངས་དེའི་ནང་དུ
མི་གཅིག་གི་གྲིབ་གཟུགས་ལས་ཤོང་ཐབས་མི་འདུག་པས
ཁྱོད་རང་ཧབ་ཐོབ་ཀྱིས་སེམས་པའི་གཏིང་དུ་བྲིས
ཞོགས་པ་དེར ཞོགས་པ་དེར
ངས་ཁྱོད་ཁོ་ན སེམས་པའི་ཟབ་སུ་རུ་བྲིས་པས
སྙན་ངག་འདི་ཁ་ཞེང་ཧ་ཅང་ཆུང
༢༠༢༤-༣-༡༠ལ།
ཆང་སྐྱོན།
__ཡང་ན་སྙན་ངག་ནང་གི་ལེའུ།
དབྱར་ཁ་ཚེས་ལ་ཉེ་བས
ཁྱོད་ཀྱི་ཕ་ཡུལ་དུ་མེ་ཏོག་བཞད་ཟིན་ནམ
འཇིག་རྟེན་འདི་ཧ་ཅང་ཆུང་བས
ཁ་པར་གྱི་འཆར་ཤེལ་ནང་གི་འདྲ་པར་ཙམ་ལས་མེད་མོད
འུ་གཉིས་ལ་བར་ཐག་ཧ་ཅང་རིང
སྐབས་རེར ཆ་མེད་པའི་ཁྱོད་ཀྱི་ཕ་ཡུལ་དེ
ངའི་རྣམ་ཤེས་ཀྱི་གཏིང་དུ་སིམ་ན་བསམ
སྙན་ངག་འདི་སྙན་ངག་གཞན་ཞིག་སྟེ
སྙན་ངག་ནང་གི་ལེའུ་གཞན་ཞིག
༢༠༢༤-༥-༡༧ཉིན།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

