ང་ཚོར་བྱིས་དུས་ཡོད་མྱོང་།(ཞར་བཀོད་གསུམ་ཡོད)
ང་ཚོ་ཚང་མར་བྱིས་དུས་ཡོད་མྱོང
དེ་ནི་ལྷ་ཡུལ་ནས་འབབ་པའི་མཚེའུ་ཞིག་དང་འདྲ
སྨྲ་མི་ཤེས་པའི་དུས་དེར
དམོད་ཚིག་འདི་དག་ཀྱང་ག་ལ་ཤེས
དང་པོ་ང་ཚོ་ཉི་ཤར་ལ་མཚར་སྣང་གིས་ཁེངས་ཡོད
ང་ཚོ་སྒོ་ཕྱི་ཁྱིམ་ཀུན་ལ་གཅེར་ཐེར་དུ་བརྒྱུགས་ནས་སོང
དུས་དེར རི་བོང་དང་ལུ་གུ་ནི་ང་ཚོའི་གྲོགས་པོ་བཟང་ཤོས་ཡིན
དུས་དེར རི་རབ་དང་སྐར་ཚོགས་ཀྱིས་རྟག་ཏུ་ང་ཚོར་གཟིགས་ནས་ཡོད
ང་ཚོ་ལ་བྱིས་དུས་ཡོད་མྱོང་སྟེ
ད་ནི་གཙང་བོའི་འཇིངས་ནས་མཐོང་མི་འགྱུར
2025.6.2
ཆར་དུས།
དགུན་ཁ་ཧྲིལ་པོ་བསྔོགས་ཚར་སོང
བྱིས་པ་རྙེད་མ་བྱུང
སེམས་པ་ཁོ་ནའི་ནང་དུ
ཤིང་རྣམས་ཀྱང་སྐྱེ་མི་འགྱུར
དབྱར་ཁར
ང་ཚོས་ཡང་ཡང་གནས་སྤོར་བྱས
ཆར་བའི་ཁྲོད
མདང་ནུབ་དྲན་བཞིན
རྨི་ལམ་ཁོ་ནའི་ནང་དུ
ཁང་པ་བཤིགས་མེད་ལ
སྟོན་ཁའང་བསླེབ་མི་སྲིད
༢༠༢༥/༦/༡༡
འབྲུག་སྒྲ།
ནམ་ཕྱེད་ཀྱི་འབྲུག་སྒྲས
ཚེ་སྲོག་ལ་འབོད་པ་གཏོང
རྩྭ་ཐང་འབྱམས་ཀླས་ནའང
མི་གཅིག་ལ་འོས་མཚམས་མེད
ངའི་སྦྲང་མ་རྣམས་ཐག་རིང་ལ་ཆས་ཟིན
དམར་པོ་དེ་ཡིད་ནས་བརྗེད་མི་ཐུབ
སྔོན་པོ་དེས་མིག་འབྲས་བསྐྱུར་འདུག
ནག་པོ་དེ་ག་དུས་འཕུར་བ་མ་གོ
རྩྭ་ཐང་འདི་ཁུ་སིམ་མེར་ང་ལ་བཞག་འདུག
སླར་ཡང་དཔྱིད་དཔལ་བཞད་པའི་དོ་ནུབ
ང་འདི་བརྒྱུད་དེ་ཐག་རིང་ལ་ཆས་འདོད་བྱུང
ངའི་སེམས་ན་རྒྱ་མཚོ་ཆེན་པོ་ཞིག་ཡོད
དེའི་མཐའ་འཁོར་དུ་མེ་ཏོག་ཚོམ་བུ་ཞིག་ཡོད
2025.6.17
སྙན་ངག་འབྲི་འདོད་དུས།
བྱིའུ་ཞིག་གསོད་འདོད་དུས
ངས་སྙན་ངག་བྲིས
ཁང་རྩེག་ལས་ལྕེབས་འདོད་དུས
ངས་སྙན་ངག་བྲིས
ཐག་རིང་ལ་འཕུར་འདོད་དུས
ངས་སྙན་ངག་བྲིས
ཡོད་ཚད་ལ་སྙིང་བོ་མེད་དུས
ངས་སྙན་ངག་བྲིས
འོན་ཀྱང
སྙན་ངག་འབྲི་འདོད་དུས
ང་བྱིའུ་ཞིག་གསོད་པར་ཆས
སྙན་ངག་འབྲི་འདོད་དུས
ང་ཁང་རྩེག་ལས་ལྕེབས
སྙན་ངག་འབྲི་འདོད་དུས
ང་ཐག་རིང་ལ་འཕུར་སོང
སྙན་ངག་འབྲི་འདོད་དུས
ཡོད་ཚད་ལ་སྙིང་བོ་མི་འདུག
2025. 7.1
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

