བློ་སྟོབས།(ཞར་བཀོད་གཅིག་ཡོད)
__སྲིང་མོ་Dzལ།
འཁོར་བའི་ཐང་ཆེན་ན།
ང་ཚོ་མ་གཞི་ནས་སྐྱོ་སུན་སྣ་ཚོགས་དང་འདྲེས་ནས་འོང་།
འདུ་བྲལ་གྱི་ན་ཟུག་ཙམ་གྱིས།
ཁྱོད་ཉིད་སུན་ལ་ཁོ་བོ་ཡང་ཡིད་ཀྱི་མགྲིན་པ་བརྣངས།
དེ་ཙམ་ཡིན་ན།
ཁྱོད་ཀྱི་དཀའ་ཚེགས་ཀྱི་ང་རྒྱལ་ལ།
ཞལ་འཛུམ་ཆུང་ཆུང་ཞིག་ཀྱང་མ་རེག་ཚེ།
ཁྱོད་ཀྱིས་དཀོན་མཆོག་ལ་འཁང་ར་བྱེད་པ་ཕུ་བོས་ལོས་ཤེས།
ཡིན་ན་ཡང་། མི་ཚེ་གཅིག་གི་དུས་ཡུན་ནི།
མར་མེ་ཀོང་བུ་གང་དང་འདྲ་བར།
སྡུག་རུས་ཀྱིས་འབར་བ་ཙམ་ཡིན་པས།
སྔོན་བསགས་དེའི་མདུན་དུ།
ང་ཚོས་དཔུང་པ་མཉམ་གཤིབ་བྱ།
འཁོར་བའི་ལམ་ཕྲེང་།
ཕ་གི་ན་ཕ་ལགས་ཀྱི་ལོ་ཟླའི་གཉེར་རིས་མཐོང་།
འུ་ཚོའི་མངོན་སུམ་ལས་བརྒལ་བའི་རྨི་ལམ་སྣ་ཚོགས།
འཁོར་བའི་མདོག་དང་འདྲེས།
དད་པ་དག་སྣང་གི་རྒྱགས་ཕྱེ་དེ་དག
བློ་ཕམ་ཆེན་པོ་ཞིག་དང་སྦྲེལ་རྗེས།
ང་ཚོ་ཉམ་ཤིན་ཏུ་ཞན།
ང་ཚོ་གདོད་ནས་ཕམ་ཉེས་ལ་སྐྲག་པ་ཡིན་པས།
ཁྱོད་ཀྱི་མིག་ཆུ་རེ་རེ།
ཕུ་བོ་ལ་རྒྱུས་མངའ་ཤིན་ཏུ་ཆེ་ཡང་།
སྡུག་བསྔལ་གྱི་མདུན་དུ་ང་ཡང་ཉམ་ཤིན་ཏུ་དམའ།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

