དབུས་སྐོར་སྙན་ཚོམ།
པོ་ཏ་ལ།
ལྕགས་པོ་རིའི་རྩེ་ནས་མར་བལྟས་ན
རྡོ་ཡི་རྩིག་པ་འདིས་ང་ལ་དྲན་པ་གང་ཞིག་སློང་གིན་ཡོད
པོ་ཏ་ལའི་དབུ་རྩེ་ནས་སྐྱིད་ཆུའི་འགྲམ་ལ་བལྟས་ན
ངང་སེར་འདི་དག་གིས་ང་ལ་རྒྱང་རིང་གི་མི་ཞིག་གི་དྲན་པ་བསླངས་སོང
དད་འདུན་གྱི་སྙིམ་པ་གང་སར
མི་ཚོགས་འཚང་ཁ་ཤིག་ཤིག
པོ་ཏ་ལའི་མདུན་རྒྱབ་ནས་བསྟར་ལ་བརྒྱུས་འདུག
པོ་ཏ་ལ།
-- མཇལ་ཐེངས་གཉིས་པའི་སྐབས།
ཏན་ཏན་གོམ་པས་བརྒལ་ཐབས་མེད་པའི་རྡོ་སྐས་འདི་དག
ཡུན་རིང་སེམས་སུ་ཉར་བའི་དབུགས་རིང་འདི་དག
ཁྱེད་ཀྱི་སྒོ་ཐེམ་ནས་དབུ་རྩེ་ལ་ཡང་ཡང་བལྟས་རྗེས
མིག་ཟུང་ནང་ལ་མིག་ཆུའི་འབབ་རྒྱུན་རིང་ཡང
སེམས་ཀྱི་ནམ་མཁའ་འདིས་ཁྱོད་རང་གཏན་དུ་མཐོང་ངེས
ཇོ་བོ།
ཡུན་རིང་ལ་སེམས་སུ་བརྣག་པའི་ཇོ་བོ་རིན་པོ་ཆེ
ཁྱེད་ཀྱི་སྐུ་མདུན་དུ་ལྷ་དར་སེར་པོ་སེར་ལྷབ་ལྷབ
བྱིན་རླབས་ཀྱི་ཞལ་ངོར་གསེར་འཁྱིལ་ལེ
མི་རིགས་མི་གཅིག་པའི་དབུས་སུ་བཞུགས་པ་ངོ་མཚར་ཆེ
རྫོང་རྒྱབ་ཀླུ་ཁང་།
ལྗོན་ཤིང་དང་མཚེའུས་སྐོར་བའི
སྐྱེད་ཚལ་གྱི་རྫིང་བུའི་ཁྲོད་ཀྱི
སེམས་ཉིད་ངལ་བ་གསོ་བའི་བྱང་ཆུབ་མཆོད་རྟེན་གྱི་འགྲམ་ནས
ཡང་ཡང་ཡིད་ལ་ཚེས་པའི་ཞལ་རས་ཤིག་ཡིད་ལ་ལྷུང་བྱུང
ལྷ་སའི་སྐྱིད་ཆུ།
ལྷ་སའི་སྐྱིད་ཆུའི་འགྲམ་རྒྱུད་དུ
ཁྲུང་ཁྲུང་གཅིག་གཏན་དུ་གནས་ཡོད
ཁྲུང་ཁྲུང་གཅིག་གི་གཤོག་སྟབས་ལ་ཁྱོད་རང་ཡོད
ཁྱོད་རང་ཁྲུང་ཁྲུང་དང་ལས་དབང་གཅིག་ཏུ་སྦྲེལ
ལྷ་སའི་སྐྱིད་ཆུའི་འགྲམ་རྒྱུད་དུ
ཁྲུང་ཁྲུང་གཅིག་གཏན་དུ་གནས་ཡོད
ཚངས་དབྱངས་རྒྱ་མཚོའི་མགུར་གླུར་ཉན་ཞོར
མ་སྐྱེས་ཨ་མའི་གསོལ་ཇ་འཐུང་ཞོར་སྒེའུ་ཁུང་འགྲམ་དུ
གཤོག་པའི་གར་སྟབས་ངོམ་ཡོང
དུས་ཚོད་ངེས་མེད་ལ
ཁྱོད་ནི
སྐྱིད་ཆུའི་འགྲམ་དུ་ལྡིང་སྐོར་བྱེད་ཞོར
བར་སྐོར་གླིང་དུ་རྒྱང་བལྟ་བྱེད་ཞོར
པོ་ཏ་ལའི་སྒེའུ་ཡོལ་ངོས་སུ་འཕུར་བ་མཐོང
ལྷ་སའི་སྐྱིད་ཆུའི་ལས་དབང་དང་སྦྲེལ་བའི་ཁྲུང་ཁྲུང
སྐྱིད་ཆུ་མ་བསྐམས་བར་དུ
སྐྱིད་ཆུའི་རླབས་སྒྲ་འཕྱོ་བའི་སྙིང་སྟོབས་ཀྱིས
ས་ཆེན་གཤགས་པའི་ངང་ཚུལ་རེ་དྲན་ཡོང
མ་སྐྱེས་ཨ་མ།
མ་སྐྱེས་ཨ་མའི་མིག་ཟུང་ནང་ལ
མཇལ་སྐོར་པ་ཁྲི་སྟོང་གི་འཚང་ཁ་ཤིག་ཤིག
ཇ་མངར་མོའི་ཁ་རླངས་འཕྱུར་ལེ
ཡིད་ལ་ཡང་ཡང་འཁོར་བའི་ཞལ་རས་གོར་མོ་དེ་ནི
ཉི་འོད་སྣུམ་པོའི་ཐུ་འོག་ནས
ཨ་ཅག་གི་མཛེས་སྡུག་གི་ངང་རྒྱུད་ལ་འདྲེས་འདུག
གཉན་ཆེན་ཐང་ལྷ།
བྱང་རླུང་ཚོད་མེད་ལྡང་བའི་སོ་མཚམས
འབྲོང་དང་གཙོས་ཀྱིས་ས་ཆེན་བཤགས་སའི
གནམ་མཐའ་ས་ལ་ལྷུང་བའི་བྱང་གཞུང་དུ
ཡུལ་ལྷ་བཅུ་གསུམ་གྱིས་བརྟན་མཁར་སྲུང་བའི་གངས་རི
རས་ཆུང་ཕུག
རིའི་རྩ་བ་འབྲས་ཀྱི་ལྗང་པ་འདྲ་ཞིང
ལོ་མ་རི་ཞེས་གྲགས་ལ་རྩེ་མོ་རིན་ཆེན་སྤུངས་པ་འདྲ་བའི་འདབས་སུ་
ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཀྱི་ཉམས་སྣང་འཚེར་སའི
ཏིང་འཛིན་གྱི་གནས་ལམ་གྲོལ་བའི་ཕུག་པ
འདི་ན་མགུར་འབུམ་གྱི་དབྱངས་རྟ་ད་དུང་བསྐྱོན་གྱིན་འདུག
ལྷ་སར་གྱེས་དུས།
ལྷ་སར་རླངས་འཁོར་གྱི་སྒེའུ་ཁང་ནས་གྱེས་དུས
ང་ལ་ཡོད་ཚད་ལྷག་སོང་བའི་སྣང་བ་ཞིག་བྱུང་སོང
ལྷ་སར་སྐར་ཆ་འགའ་ཡིས་མིག་ལམ་ནས་གྱེས་དུས
ལྷ་ས་མཚོན་བྱེད་ཀྱི་ཐ་སྙད་བྱེ་བ་དག་རྒྱང་དུ་ལུས་སོང
ལྷ་ས་ནི་ཁེར་རྐྱང་གི་གདུང་བ་མང་བའི་གྲོང་ཁྱེར་ཞིག
ལྷ་ས་ནི་མདོག་ཀ་མང་བའི་རྡོ་ཡི་ཕོ་བྲང་དཀར་དམར་ཞིག
ལྷ་ས་ནི་ནམ་མཁའ་གཅིག་ལ་ཤོང་ཐུབ་མེད་པ་ཞིག
ང་རང་ཁྱོད་དང་ཉིན་ཞག་ཁ་ཤས་ལ་གཏན་དུ་འཛོམས་ཀྱང
ཉིན་ཞག་ཁ་ཤས་རྗེས་ནས་ཁྱོད་དང་ཁ་བྲལ་རྗེས
ཁྱེད་ཀྱི་ཉི་འོད་འཇམ་པོ་དེ་ངོ་གདོང་དུ་ལྡིང་ཙམ་ལྡིང་ཙམ
ཁྱེད་ཀྱི་ཕྱི་ནང་གསང་གསུམ་གྱི་སྐྱོ་གདུང་གཡོ་ཙམ་གཡོ་ཙམ
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།

