གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཁུ་སྟོན་པ།

2008-10-30 23:10:00 གཤིན་རྗེ། ཀློག་གྲངས། མཆན ཡོད།

 གློ་བུར་དུ་ལུག་ཁྱུ་རྣམས་ཅི་ཞིག་ལ་སྐྲག་པ་ལྟར་ཨ་ཁུ་སྟོན་པའི་མདུན་ཕྱོགས་སུ་རེ་རེ་བཞིན་བྲོས་སོང༌། ཅི་ཞིག་ཧ་གོ་
སོང་བའི་ཚུལ་གྱིས་ཕྱིར་མིག་ཅིག་བལྟས་ཚེ། ལྡིར་སྒྲས་གནམ་ས་གཡོས་ཤིང་ལུས་པོའང་ཅུང་སྦྲིད་ནས་གྲི་ཤུབས་ནས་
དབྱུང་བཞིན་དཀོན་མཆོག་གསུམ་ལ་ཤུགས་ཀྱིས་གསོལ་བ་བཏབས། སྐབས་དེར་ནམ་མཁའི་གཟུགས་རིས་དེ་མི་སྣང་
བར་གྱུར་སོང༌།
    སྤྱིར་ཨ་ཁུ་སྟོན་པ་ནི་སྐྲག་རྒྱུ་མེད་པའི་སྡེ་བའི་དཔའ་བོ་རུ་བགྲངས་དགོས་མོད། དེ་རིང་མ་བསམ་ས་ནས་དངངས་
འདར་གྱི་ཁྲོད་ནས་རེ་ཞིག་ཧད་རྗེས། རྒྱུན་མ་ཆད་པའི་གསོལ་འདེབས་དང་ས་སྲོད་ཀྱི་རླུང་བུ་དང་མཉམ་དུ་གོམ་པ་ལྗིད་
ཏིག་ཏིག་རང་ཁྱིམ་དུ་བསྒྱུར་དུས། ཁོའི་བྱིས་པ་དང་ཆུང་མ་རྣམས་འཚུབ་ཆ་ཅི་ཡང་མེད་པར་ནོར་ལྷས་སུ་འུར་ཟང་ཟིང་
བྱེད་བཞིན་པ་ཚོར་ཐུབ། ངོ་གདོང་སྔོ་ནག་གེར་སྦྲ་སྒོ་ནས་ཁྱིམ་ལ་འཛུལ་བས་ཆུང་མ་འཚབ་འཚུབ་ངང་ཡར་ལངས་ཏེ།
“ཁྱོད་ལ་ནད་འདྲ་བྱུང་བ་ཡིན་ནམ། ངོ་གདོང་ཡང་འདི་འདྲའི་སྔོ་ནག་ཅིག”སྐད་སྒྲ་དང་ཉམས་འགྱུར་ལས་སྐྱོ་གདུང་
ངམ་ནན་ཏན་ཞིག་མངོན་བཞིན་དེ་སྐད་དྲིས། ཁ་ཁུ་སྟོན་པའི་ཁ་ཤ་འགུལ་ཞོར་“རྒྱ་སྟག་དམར་བོའི་ཐོང་གའི་འཛིན་
ནུས་བུ་ང༌། རི་དམར་འབྲོང་གི་རྭ་རྩེར་འཐམས་ནུས་བུ་ང༌།”ཞེས་སྤོབས་པ་དང་བཅས་ཏེ་རྒྱུན་ལྡན་གྱི་གཏམ་དཔེ་དེའི་
འགོ་དྲངས་ནས་རང་ཉིད་ཀྱི་མཐོང་ཚད་ཚང་མ་ཞིབ་པར་བརྗོད། ཁོའི་ཆུང་མ་ཡག་ལོའང་འདང་རྒྱག་གི་གཟེབ་དུ་ཚུད།
      མགོ་བོ་གཉིས་མཉམ་དུ་གཤིབ་སྟེ་གཉིད་དུ་ཡུར་ཡང་སྨག་རིམ་ཁྲོད་མིག་ཟུང་ཞིག་རིག་རིག་བྱེད་བཞིན་ཡོད། མིག་
ཟུང་དེ་ཨ་ནེ་ཡག་ལོ་ནམ་གུང་ལ་འདང་རྒྱག་གི་གཟེབ་དུ་ཚུད་ནས་ཕྱིར་ལྡོག་མེད་པའི་རྣམ་པ་ཕྱིར་མངོན་པ་དེ་རེད།
མཚམས་ཅིག་ལ་ཨ་ཁུ་སྟོན་པ་རྨི་ལམ་འཁྲུལ་ནས་དགྲ་ལྷས་མདུང་མགོ་སྙིང་ཁ་རུ་བསྣུན་ཡོང་བས་དངངས་སྐྲག་ལས་
གཉིད་ལས་བསླངས། “ཡག་ལོ། བསང་མཆོད་ནང་དུ་མི་གཙང་བ་རེ་འདྲེས་སོང་བ་མིན་ནམ། ”ཞེས་རྣམ་རིག་གསལ་
བའི་ངང་ཡག་ལོར་དེ་ལྟར་དྲིས། ཡག་ལོས་“ངས་ཧ་ཅང་གྲལ་དག་གིས་བསང་ཁུག་དང་བསང་སྐྱོགས་སོགས་གཙང་
མར་བཞག་ཡོད། བྱིས་པ་རྣམས་ཀྱིས་ཀྱང་རེག་མི་ཐུབ་པའི་མཐོ་སར་ཡོད།”ཞེས་བཤད་མོད། ཨ་ཁུ་སྟོན་པའི་སྙིང་ཁར་
ཚིག་དེས་ཡང་བསྐྱར་སྡུག་བསྔལ་གཞན་ཞིག་བསྐྱལ་སོང༌། “ཁོ་ཐག་རེད། ལྷ་འཁྲུག་ཅིག་བྱུང་བ་ཁོ་ཐག་རེད།”ཟེར་ཞོར་
ཁོ་གཉིས་གཅིག་རྗེས་གཉིས་མཐུད་དུ་ཡར་ལངས་བྱུང༌།
     མཚན་ལྗོངས་ཀྱི་ནམ་གུང་ནི་ཁྱི་སྐད་ཐར་ཐོར་ཞིག་ལས་ཅི་ཡང་མི་ཐོས་མོད། ཨ་ཁུ་སྟོན་པ་ཚང་གི་བསང་ཁྲི་ན་མེ་ལྕེ་
ལྷབ་ལྷུབ་འབར་བཞིན་འདུག ཨ་ཁུ་སྟོན་པའི་རྟ་སྒ་བསྟད་ནས་འགྲོ་གྲབས་བྱེད་སྐབས་ཡག་ལོས་“རང་ཉིད་ཀྱིས་སེམས་
ཆུང་བྱེད་བཞིན་བྱིས་པ་ཚོར་ཕྱག་མདུད་རེ་ལོངས་ལ་ཤོག དཀོན་མཆོག་གིས་ཅིག་སྐྱོབས།”ཟེར། མ་གཞི་ཨ་ཁུ་སྟོན་པ་
ཨ་ལགས་བློ་བཟང་སར་འགྲོ་བ་ཤེས་སྲིད། རྒན་རྒན་འདི་གཉིས་ལ་ཁག་མི་འདུག ཆུང་དུས་ནས་ཁོ་གཉིས་ཀྱི་བྱིས་པ་
རྣམས་རེ་རེ་མ་འཚམས་པར་རྒས་འཁོགས་སུ་བྱིས་པ་རེ་གཉིས་འཚམས་པ་འཆི་ཁའི་ལག་རྟེན་དུ་བསམ་ནས་རྒྱུན་དུ་
སེམས་ཁུར་བྱེད་བཞིན་ཡོད། ནམ་ལངས་ཁར་ཨ་ཁུ་སྟོན་པ་ཡང་ཨ་ལགས་ཀྱི་མདུན་སར་ཐོན་ཚོད་ཡོད་ལ། དེ་རིང་སྡེ་
གྲོང་འདིར་ཨ་ལགས་ཀྱི་མདུན་སར་བཅར་མཁན་ཧ་ཅང་མང་ཞིང༌། ལབ་གླེང་འདྲ་མིན་བྱེད་མཁན་ཡང་སྔར་ལས་མང༌། 
                                                             ༢༠༠༦ ༩ ༣༠ཉིན་རོལ་དབྱངས་ཁང་དུ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།