གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

B.Lཡི་ལས་དབང་།༤

2012-05-16 17:08:00 ཚེ་ལོ་ཐར། ཀློག་གྲངས། མཆན ཡོད།

         ༥  སྲུང་དམག་གི་ལྐོག་རྔན།
  ཨ་ཁུB.Lཡིས་ཆང་ཉུང་ཙམ་བླུགས་ཏེ་འཐུང་རྗེས“ང་ཚོའི་དམག་སྐོར་དེ་ནི་ལན་ཀྲུག་དམག་ཁུལ་གྱི་དྲག་རྩལ་རུ་ཁག་རེད། རླངས་འཁོར་ནང་ནས་ངའི་བློ་ངོར་འདས་པའི་སྐྱོ་སྡུག་ཐ་དག་གློག་བརྙན་ཇི་བཞིན་འཆར་ཏེ་ལན་ཀྲུག་གྲོང་ཁྱེར་ལ་ཇི་ལྟར་ཐོན་པ་ཡང་མ་ཤེས། སྐབས་དེར། དམག་ཁུལ་ལས་མཐར་ཕྱིན་པའི་དམག་མི་ལ་རྒྱལ་ཁབ་ཀྱིས་ལས་བགོས་བྱེད་པ་མ་ཟད། དཔོན་པོའི་གོ་ས་སྟེར་བ་ཡང་ཡོད་པས། ངའི་སེམས་སུ་མ་འོངས་པར་གཉོམ་ཆུང་སྐྱོང་བའི་དཔོན་པོ་ཞིག་བྱེད་དགོས་པའི་འདུན་པ་དྲག་པོ་སྐྱེས། ཡིན་ཡང་། ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པའི་དཔེ་ལྟར་ལས་ངན་ངེད་གཉིས་ལ་རྒྱལ་ཁབ་ཀྱི་དཔོན་ས་ཞིག་གང་ན་ཡོད། ཅུང་ཙམ་མིན་ན། རྒྱལ་ཁྲིམས་དང་འགལ་ཏེ་ཚེ་གང་པོར་བཙོན་ཁང་ནས་འཚོ་བ་རོལ་དགོས་བྱུང་། འདི་ལ་ཡང་དགོད་བྲོ་བའི་གཏམ་རྒྱུད་ཐུང་ཐུང་ཞིག་ཡོད། དེ་དུས་ལས་རྒྱུ་ངོ་མ་ཚ་བར་ད་ལྟ་བཤད་རྒྱུར་ངོ་གནོང་བའི་དོན་དག་ཅིག་རེད། ངེད་གཉིས་ལ་མཚོན་ན། ཟ་འཐུང་དང་འགྲོ་འདུག་ཙམ་གྱི་རྒྱ་སྐད་ཀྱང་བཤད་མི་ཤེས་པས། རྒྱ་སྐད་མ་གོ་བ་དང་བཤད་མ་ཤེས་པར་དགོད་གཏམ་མང་པོ་ཞིག་བཞག་ཡོད་པ་དེ་དག་མི་བཤད་ནི་བྱོས།  ངོ་མས་རྒྱ་སྐད་མ་གོ་བར་གཞན་གྱིས་བླུན་པོའི་སར་བཞག་སྟེ་ལོད་ཙང་མེན་ཞེས་འཕྱ་དམོད་བྱེད་དུས་སྙིང་ལ་གྲིས་གཙགས་པ་དང་འདྲ། ཡིན་ཡང་། ད་སྐབས་རྒྱ་སྐད་ཤེས་མཁན་ཇེ་མང་ནས་ཇེ་མང་དང་བོད་སྐད་བཤད་མཁན་ཇེ་ཉུང་ནས་ཇེ་ཉུང་རེད”ཅེས་བོད་སྐད་དང་རྒྱ་སྐད་འདྲེས་མ་བཤད་དེ་མཁས་མདོག་སྟོན་བཞིན་པའི་ང་ཚོར་ངོ་མཚང་བྲུས།
  ཨ་ཁུB.Lཡི་བཤད་པ་ཅི་མ་བདེན། ད་ལྟ་གྲོང་ཁྱེར་འགྲིམས་མྱོང་བའི་བོད་མི་ཆེ་མ་ཆུང་གསུམ་གྱིས་རྒྱ་སྐད་ཏ་མ་ཏིག་བཤད་རྒྱུར་དགའ་བ་འདི་ནི་ཅི་ཞིག་གི་སྐྱོན་ཡིན་ནམ། ལྷག་པར་བོད་ཡུལ་གྱི་དཔོན་པོ་དང་ལས་བྱེད་པ། དགེ་རྒན་དང་སློབ་མ། ཚོང་པ་སོགས་ལ་གནས་པའི་སྐྱོན་ཆ་ཆེན་པོ་ཞིག་རེད། དཔེར་ན། བོད་རིགས་རྫོང་དཔོན་ཞིག་གིས་ངེད་སྡེ་པའི་ཚོགས་འདུ་སྟེང་ཉིན་གང་པོར་རྒྱ་སྐད་ཀྱིས་གཏམ་བཤད་གནངས་རྗེས། སྡེ་དཔོན་གྱིས་ཞག་གང་པོར་རྒྱ་སྐད་འདྲེས་མའི་བོད་སྐད་ཀྱིས་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས། ཡང་ངེད་སློབ་གྲྭའི་བོད་རིགས་དགེ་རྒན་ཞིག་གིས་སློབ་ཐུན་གཅིག་ལ་རྒྱ་སྐད་ཀྱིས་རྩིས་རིག་འཁྲིད་རྗེས། རྒྱ་སྐད་ཀྱི་སྐད་གདངས་མཐོན
་པོས་ད་ལས་བྱ་ཕྲིས་ཞེས་བཤད་པར་མིག་རིག་རིག་ཏུ་འཁུར་བའི་སློབ་མ་ཚོས་ཀྱང་རྒྱ་སྐད་ཀྱིས་ད་ལས་བྱ་ཕྲིས་ཞེས་དབྱངས་ལ་གྱེར་བ་སོགས་ངས་དངོས་སུ་མཐོང་མྱོང་བ་དག་ནི་ད་ལྟའི་ཡིད་སྐྱོ་བའི་གནད་དོན་ཚབས་ཆེན་ཞིག་རེད།
  ཨ་ཁུB.Lཡིས་དུ་རྐང་གཅིག་ལ་མེ་བསྒྲོན་ཏེ“ངེད་གཉིས་ཆུང་དུས་ནས་ལུས་སེམས་ལ་སྦྱོང་བརྡར་ཐོབ་ཡོད་པའི་བཀའ་དྲིན་ཡིན་ནམ། ཤ་བཟའ་གདོང་དམར་ཡིན་པའི་བཀའ་དྲིན་ཡིན་ནམ།  གང་ལྟར་ངེད་གཉིས་ལོ་དེའི་དྲག་རྩལ་རུ་ཁག་ཡོངས་ལས་ཁྱད་དུ་འཕགས། ལྷག་པར། ཤེད་ཤུགས་དང་བཟོད་བསྲན། སྙིང་སྟོབས་བཀོལ་དགོས་པའི་ཕྱོགས་ནས་ངེད་གཉིས་ལ་འགྲན་ཡ་གཅིག་ཀྱང་མེད། དཔེར་བཞག་ན། མཚན་མོ་ཞིག་ལ། གློ་བུར་དུ་ཉེན་བརྡ་བརྒྱབ་ནས་རི་སྒང་ཞིག་བསྟན་ཏེ་འཇར་པན་འདྲེ་དམག་ཐོན་ཡོད་ལ། ང་ཚོ་དམག་སྐོར་དེ་ནི་གདོང་མཆོངས་རུ་ཁག་ཡིན་པའི་བཀའ་ཕབས། ངའི་སེམས་སུ་ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་བྱེད་པའི་སེམས་ཐག་བཅད། ངེད་གཉིས་ཀྱིས་སྤོབས་པ་ཆེན་པོས་མེ་མདའ་དང་མདེལ་ཕྲེང་།  འགད་རྫས། ལག་འབོམ།རྒྱལ་དར་སོགས་ཕྲག་ཏུ་འཁུར་ནས་སྔོན་བསྐྱོད་བྱས། ད་ལྟ་བསམས་ན་ངེད་གཉིས་ནི་བྱིས་པ་བསམ་མེད་གཉིས་དང་ཨ་ན་མ་ན་རེད། ལམ་བར་དུ་འགད་རྫས་དང་མདའ་སྐད་ནི་ང་ཚོའི་གསེབ་ནས་ཤོག་སྦག་གས་པ་ལྟར་བྱེད་ལ། གནམ་ས་ཁ་སྤྲོད་པ་ལྟ་བུའི་འཇིགས་སྐྲག་གི་མེ་ལྕེ་དང་དུ་སྨུག་གི་ཁྲོད་ནས་ངེད་གཉིས་མ་གཏོགས་རི་མགོར་ཐོན་མ་ཐུབ། དགྲ་བོ་གང་ཡོད་ལ་དོགས་ཟོན་བྱེད་ཀྱིན་རི་རྩེར་འགོས་ཏེ་དར་ཆ་ཡང་བཙུགས་མོད། དགྲ་དམག་གཅིག་ཀྱང་མེད། ཡིན་པ་ནི་ང་ཚོར་ཚོད་རྒྱུགས་བླངས་པ་རེད། སྐབས་དེར་ངེད་གཉིས་ལ་བྱ་དགའ་རིམ་པ་དང་པོ་འཐོབ། དེ་ནས་བཟུང་ངེད་གཉིས་ནི་དམག་མི་ཀུན་གྱིས་མཐོང་ཆེན་བྱ་ཡུལ་དང་དམག་དཔོན་ཆེ་ཆུང་ཀུན་གྱི་བློ་གཏོད་ཡུལ་དུ་གྱུར། དུས་དེར་རྐུན་མ་དང་ཁྲམ་པ་གསུམ་བཞི་ཙམ་ཡོད་ཀྱང་ངས་རྐང་ལག་གཅིག་གཡུག་ན་ཆོག”ཅེས་ལག་པའི་ཁུ་ཚུར་དམ་པོར་བསྡམས་ཏེ་ང་ཚོར་བསྟན།
  ཁོའི་དམར་པོར་གྱུར་པའི་མིག་གདོང་དང་། སྐད་གདངས་ཇེ་མཐོ་ནས་ཇེ་མཐོ་ཡིན་པར་བལྟས་ན། ཕལ་ཆེར། ཁོ་རང་ཆང་གིས་བཟི་ལ་ཁད་ཡོད་པ་ཤེས་ཐུབ།  ལོས་ཡིན། ཁོ་རང་གཅིག་པུས་ནས་ཆང་རྒྱ་མ་གང་ཚར་ལ་ཉེ། མཚམས་དེར། ང་ཚོའི་ཇ་མས་ལུག་ཤ་སྡེར་མ་གང་བཙོས་ཏེ་འཁྱེར་ཡོང་བས་རེ་ཞིག་ལ་དགོང་འཚལ་འཐུང་། ངས་རྩུབ་ཤ་ཚོན་པོ་ཞིག་ཁོ་ལ་གཏད་དེ“ཨ་ཁུB.Lལགས། ཤ་ཟོ་དང་བཟི་དྭངས་འགྲོ”ཞེས་བཤད།
  དགོང་འཚལ་འཐུང་ཚར་རྗེས། ཁོས་ཡང་བསྐྱར་དུ་རྐང་གཅིག་ལ་མེ་བསྒྲོན་ཏེ་ང་ཡི་དམིགས་ཡུལ་རྟོགས་པ་བཞིན“ངའི་ཉོག་གཏམ་འདི་ཚར་རྒྱུ་མེད་པས་ཁྱོད་ཚོ་སུན་རྒྱུ་རེད”ཅེས་ང་ལ་འཁོར་ཏེ་འཛུམ་ཞིག་བསྟན། ངས“སུན་རྒྱུ་ཞིག་གང་ན།《གེ་སར་རྒྱལ་བོའི་སྒྲུང》དང་《མི་ལ་རས་པའི་རྣམ་ཐར》ལྟར་སྙན་པས་མུ་མཐུད་དུ་བཤད་རོགས་གནོངས”ཞེས་འོ་ཇ་དཀར་ཡོལ་གང་བླུགས་ཏེ་ཁོའི་ལག་ཏུ་བཞག
  ཁོས་སྟོང་ལ་ཉེ་བའི་ཆང་དམ་ལས་ཆང་ཡོད་ཚད་ཆང་དཀར་དུ་བླུགས་རྗེས“ལོ་གསུམ་པ་དེའི་ལོ་མགོ་ནས་བཟུང་། ངེད་གཉིས་གཙོ་བྱས་པའི་འཛིན་གྲྭ་དེ་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་གདོད་མའི་ནགས་ཚལ་ཞིག་སྲུང་དུ་མངགས། ནགས་ཚལ་དེར་སེང་སྟག་དོམ་གསུམ་གྱི་གཅན་གཟན་དང་། ཤ་བ། དགོ་བ། གཙོད་སོགས་རི་དྭགས་རྩ་ཆེན་རྐྱང་རྐྱང་ཡོད། ང་ཚོའི་སྲུང་གནས་སྒོ་ཆེན་དེའི་ནང་གཅན་གཟན་དང་། རི་དྭགས་ཡར་སྐྱེལ་མར་ལེན་བྱེད་པའི་རླངས་འཁོར་ཆེ་ཆུང་མང་པོ་ཡར་འཛུལ་མར་འཛུལ་བྱེད་ཀྱིན་ཡོད་པས། ང་ཚོའི་ལས་འགན་ནི་ཕྱི་གཏོང་ནང་འདྲེན་བྱེད་པའི་རླངས་འཁོར་ལ་བལྟ་རྒྱུ་དེ་ཡིན།  ཨ་ལ་ཟེར་བ་འོ་དྲི་དང་རྔ་མ་ཐོན་ན་སྐྱག་དྲི་ཟེར་བ་ཅི་མ་བདེན། ང་ཚོ་འཛིན་གྲྭ་དེས་ཟླ་ངོ་གསུམ་གྱི་རིང་ལ། ངེད་གཉིས་གཙོ་བྱས་ཏེ་རྣམ་དག་གིས་ཁ་ལོ་པ་ལ་ལག་རྟགས་ཡོད་མེད་དང་ཕྱི་འདྲེན་གྱི་ཁ་གྲངས་སོགས་ལ་གཅིག་གཅིག་གཉིས་གཉིས་བྱས་ཏེ་བལྟས། ཡིན་ཡང་། རྒྱུ་རིག་ན་རྒྱུ་མ་མི་འགུལ་མཁན་དང་ཟས་རིག་ན་མཆིལ་མ་མི་མུད་མཁན་སུ་ཡོད། ལྷག་པར་ངེད་གཉིས་ལྟ་བུར་མཚོན་ན། རྟ་བཙོངས་པའི་སྒོར་མོ་དེ་མ་གཏོགས། སྒོར་མོ་མང་པོ་ཞིག་རིག་ཀྱང་མ་མྱོང། སྐབས་དེར། སྒོ་ཆེན་དེའི་ནང་འཛུལ་བའི་རླངས་འཁོར་གྱི་ཁ་ལོ་པར་གཅན་གཟན་དང་རི་དྭགས་ལྷག་མ་འགའ་འཁྱེར་དུ་བཅུག་ན། ཤེས་མ་ཤེས་དང་གོ་མ་གོ  ཐོས་མ་ཐོས་ཀྱི་མཚམས་ནས་སྒོར་ལྔ་བརྒྱ་དྲུག་བརྒྱ་སྐར་ཆ་འགའི་ཡུན་དུ་ངལ་བ་སྤུ་ཙམ་ཡང་མེད་པར་ཐོབ་ཐུབ། དུས་ནམ་ཞིག་ནས་འགོ་བརྩམས་པ་མ་ཤེས་པར་ངེད་གཉིས་ཀྱི་ཁ་ནས་རྒྱལ་ཁབ་དང་ཁོག་ནས་རྒྱལ་ཁ་གཉེར་པར་ལོབས། ལོ་དེའི་བརྒྱད་གཅིག་དུས་ཆེན་གྱི་དགོང་མོ། དམག་གྲོགས་གཞན་པ་བཟི་བ་དང་བསྟུན་ནས་སྔོན་གྱི་འཆར་བཀོད་ལྟར་རླངས་འཁོར་བཞི་འགྲོ་རུ་བཅུག ཐེངས་དེར་ངེད་གཉིས་ཀྱིས་ཤོག་སྒོར་ཁྲི་གཅིག་ཙམ་གསོག་ཐུབ་སོང་། སྐབས་དེའི་སྒོར་ཁྲི་གཅིག་ནི་ཉུང་ཉུང་ཞིག་མ་རེད། ཕྱུག་པོ་ཤ་སྟག་ཅིག་ལའང་སྒོར་ཁྲི་ཅན་གྱི་ཁྱིམ་ཚང་ཞེས་ཚཊ་པར་དང་རླུང་འཕྲིན་སོགས་ལས་ཆེ་ཆེར་བསྒྲགས་བཞིན་ཡོད”ཅེས་ཆང་དམ་སྟོང་བ་དེ་ང་ལ་བསྟན་ཏེ“དགེ་རྒན། ད་ཆང་ཞིག་ཡོད་ན་འཁྱེར་ཡོང་རན་རེད། ངའི་ལག་གི་དྲིན་ཆེན་པོ་དུ་ཆང་འདི་གཉིས་མེད་སོང་ན་སྔོན་ཆད་ཀྱི་བྱ་བ་ཅི་ཡང་མི་དྲན”ཞེས་བཤད། ངས་མྱུར་དུ་གྲོགས་པོ་ཞིག་གིས་འཁྱེར་ཡོང་བའི་ཆང་དེ་དྲན་ནས་ཅོག་སྒམ་ལས་བླངས་ཏེ་ཁོར
་བྱིན། ཁོས་གོམས་ལོབས་སུ་སོང་བའི་ཉམས་ཀྱིས་ཆང་དམ་ཁ་སོ་ཡིས་ཕྱེས་རྗེས“ཨིན་ཨིན། ཨ་དྲིན་ཆེན་པོ། ཆང་དགའ་ཞིག་རེད། སྔོན་ཆད་ད་ཆང་འདི་འདྲ་འཐུང་མྱོང་། དེ་དུས་བཟའ་རྒྱུ་གང་ཞིམ་གང་མངར། གོན་རྒྱུ་གང་འཇམ་གང་ཡག་ཡོད་ནི་རེད། ང་དྭ་ཕྲུག་ཅིག་གི་ལས་བསོད་ནམས་ག་ལ་ཡིན། སྤྲང་བོ་ཟས་ཀྱི་རྒྱག་ན་དྲན་རྒྱུ་མང་ཞེས་པ་ཅི་མ་བདེན། ཉིན་དེ་ནས་བཟུང་། ངེད་གཉིས་ཀྱིས་དམག་གྲོགས་གཞན་ལ་ངན་སྐུལ་བྱས་ཏེ་བྱ་བ་ཡོད་ཚད་སྣང་མེད་དུ་བསྐྱུར།  ང་ཚོས་ལྐོག་ནས་གླ་རྩི་དང་ཤྭ་རྭ། དོམ་མཁྲིས་སོགས་ཀྱི་ཚོང་རྒྱག་པ་དང་ལྐོག་རྔན་ལེན་པ་སོགས་བྱས་པས། རིམ་བཞིན་གོང་རིམ་གྱིས་ཤེས་ནས་ང་ཚོ་ཕྱིར་དམག་ཁུལ་དུ་བླངས་ཏེ་འདྲི་གཅོད་སྣ་ཚོགས་བྱས། གདོད་མའི་ནགས་ཚལ་དེ་རྒྱ་ཆེ་བ་དང་ང་ཚོ་ནང་མི་སྤུན་ཟླ་བཞིན་འགྲིག་མཐུན་ཡོང་བས། ང་ཚོའི་ཁ་ནས་རྩད་ཅི་ཡང་མ་ཆོད། བདེ་བ་ཆུང་ལ་ཆགས་པ་དེར། ཆེན་པོའི་བདེ་བ་འཐོབ་མི་སྲིད་ཅེས་པ་ཅི་མ་བདེན། ལས་ངན་པའི་ལམ་ནག་ནག་ཡིན་ཅེས་པ་བཞིན་ལོ་གསུམ་གྱི་མཐའ་མར་ང་ཚོ་ཚང་མ་དམག་ཁུལ་ལས་ཕྱིར་ཕུད། དམག་གྲོགས་གཞན་པ་ཚོས་འབྲེལ་བ་བཙལ་ཏེ་རྒྱལ་ཁབ་ཀྱི་བྱ་བ་ལས་པ་མ་ཟད། དེ་ནང་ནས་གཅིག་གིས་ད་ལྟ་ལན་ཀྲུག་དམག་ཁུལ་གྱི་དམག་དཔོན་མཐོན་པོ་ཞིག་འཁུར་ཡོད།  ངའི་མོ་ཧྭ་ཏ་ཡི་ལྭ་རིང་འདི་དམག་དཔོན་དེས་བྱིན་པ་ཡིན། ངའི་དྲིན་ཆེན་པོ་འདི་རྙིང་སོང་ན། སྟོད་ལྭ་གྲ་དག་གཅིག་ཀྱང་མེད་པས་བདག་གཉེར་བྱོས”ཟེར་བཞིན་ཆང་གིས་བཟི་བར་གྲ་སྒྲིག་བྱེད་པ་ལྟར་ལྭ་རིང་འཕུད་དེ་ང་ལ་བྱིན།
  ཁོའི་མིག་ཟུང་ཇེ་ཆུང་ནས་ཇེ་ཆུང་དང་ངོ་གདོང་ཇེ་དམར་ནས་ཇེ་དམར་ཡིན་པའི་ཚུགས་ཀར་བལྟས་ན། ཁོ་ངོ་མས་ཆང་གིས་བཟི་ལ་ཁད་ཡོད་པ་ཤེས་ཐུབ། ཁོས་མུ་མཐུད་དུ“དུས་དེ་ནས་བཟུང་། ངེད་གཉིས་ཀྱི་ཡར་མྱུལ་མར་མྱུལ་བྱེད་པའི་འཚོ་བ་རོལ་འགོ་ཚུགས། ངེད་གཉིས་ཀྱི་སྐྱིད་རྒྱག་ས་ནི་སྟོད་ཉི་མ་ལྷ་ས་དང་གོར་མོ་གྲོང་ཁྱེར། བར་སྐུ་འབུམ་དགོན་པ་དང་ཟི་ལིང་གྲོང་ཁྱེར་། སྨད་བླ་བྲང་དགོན་པ་དང་ལན་ཀྲུག་གྲོང་ཁྱེར་བཅས་ཀྱི་ཟ་ཁང་དང་མགྲོན་ཁང་། བྲོ་ཁང་དང་ཆང་ཁང་རེད། ངེད་གཉིས་ཀྱི་གོན་རྒྱུ་རྒྱ་ལྭ་ནག་པོ་དང་བོད་ལྭ་འཇམ་པོ། བཟའ་རྒྱུ་རྒྱ་ཚོད་ཁ་མོ་དང་བོད་ཟས་སྣུམ་པོ། འཐུང་རྒྱུ་ཕྱི་རྒྱལ་གྱི་རྒུན་ཆང་དང་བོད་ཀྱི་ནས་ཆང་། ངེད་གཉིས་ཀྱི་འགྲོ་རོགས་རྒྱ་ཡི་སྦྱིན་བདག་དང་བོད་ཀྱི་ཚོང་དཔོན། ཉལ་རོགས་གླུ་མ་དང་གར་མ། འགྲོ་སྤྱད་གནམ་གྲུ་དང་རླངས་འཁོར།  ཙོག་ས་འབོག་ཁྲི་དང་ས་གདན་ཡིན”ཅེས་སློབ་བུ་ཚོས་དག་ཡིག་བློར་འདོན་པ་དང་རྒན་པོ་ཚོས་གསང་འབོད་བྱེད་པ་ལྟར་བཤད།
  བྱང་ཆ་ལྡན་པར་བལྟས་ན། ཚིག་འདི་དག་ནི་ཁོས་རྒྱུན་དུ་མི་གཞན་ལ་རང་ཉིད་ཀྱི་ཆེ་བ་བརྗོད་བྱེད་ཅིག་ཡིན་པ་རྟོགས་ཐུབ་ལ། ཕྱི་རོལ་ཡུལ་གྱི་འཇིག་རྟེན་ནི་ཁྲ་ཁྲ་རིག་རིག་གི་རོལ་རྩེད་དང་སྣ་མ་སྣ་ཚོགས་ཀྱི་དངོས་པོ།  ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད། བོད་མིན་རྒྱ་མིན་གྱི་མི་ཡིས་བཀང་ཡོད་པའང་ཤུགས་ཀྱིས་རྟོགས་ཐུབ།

          ༦  ཉེས་ཅན་གྱི་ཉེན་རྟོག་པ།
  ཁོས་ཆང་ཧུབ་གང་འཐུང་རྗེས“ང་མི་བཟང་པོ་བརྒྱད་བཅུ་ལོ་ཡིས་ཐུ། གོས་བཟང་པོ་དབྱར་གསུམ་ཆར་གྱིས་བརླན་ན།  སྙིང་མ་རྗེ། ཆང་རྒྱ་མ་གང་གིས་ཀྱང་བཟི་ལ་ཉེ། ཨོ། རེད། རེད། སྒོར་ཁྲི་གཅིག་པོ་དེ་གཙོ་བོ་ལྷ་ས་དང་གོར་མོ་གྲོང་ཁྱེར་ནས་རྒྱས་བཟའ་རྒྱས་འཐུང་བྱས་པ་ཡིན། སྐྱིད་ཀྱི་རྗེས་ན་སྡུག་དང་ཉི་མའི་རྗེས་ན་གཟའ་ཡོད་པ་སུས་རྟོགས། ཁ་དཔེར། གསོག་ན་རི་བོ་ཡིན་ཡང་ཆུང་། ཟས་ན་རི་བོ་ཡིན་ཡང་ཚར་ཞེས་པ་ཅི་མ་བདེན། སྒོར་ཁྲི་གཅིག་པོ་ལོ་གཉིས་ལ་ཡང་མ་འདང་བར་ཚར། སྒོར་མོ་ཚར་རྗེས་ངེད་གཉིས་ཀྱིས་རྒྱས་བཟའ་རྒྱས་འཐུང་དང་ངན་པ་ལངས་ཤོར་གྱི་ལས་དོར་ཏེ་ཞོར་ལས་འདྲ་བྱས་ཀྱང་ལྟོ་བ་འགྲེང་ཐབས་ཙམ་ལས་མ་ཡོང་། མི་ངན་ལྟོགས་ན་ཕ་ཡུལ་དྲན་ཞེས་པ་བཞིན་ངེད་གཉིས་ཡུལ་ལ་ཡོང་གྲབས་བྱས་ཀྱང་། ལྷ་ས་གང་གི་ས་རེད། ཕ་ཡུལ་དུ་ཡོང་བའི་རླངས་འཁོར་གྱི་འདུག་བྱང་ཉོ་སྤྱད་གང་ན་ཡོད། ང་ཚོ་མར་ཉུལ་མར་ཉུལ་བྱེད་པའི་མི་དག་ལ་མཚོན་ན། ཡོད་དུས་འགྲངས་ཏེ་བཀད་ལ་ཁད་དང་མེད་དུས་ལྟོགས་ཏེ་འཆི་ལ་ཁད་ཡིན་ནི་རེད། ཉིན་ཞིག ཟི་ལིང་གི་ཟོང་འཁོར་ཞིག་ཏུ་བསྡད་དེ་སྤྱི་ལེ་ལྔ་བཅུ་ཙམ་གྱི་སར་ཐོན་མོད་སྒོར་མོ་མེད་པ་ཤེས་ཏེ་ཁ་ལོ་པས་ངེད་གཉིས་ཕྱིར་ཐང་ལ་གཡུགས། མི་མེད་ལུང་སྟོང་དེ་ནས་ངེད་གཉིས་གང་དུ་འགྲོ དུས་ཚོད་ཕྱེད་ཙམ་ལ་རླངས་འཁོར་བཀག་ཀྱང་འཁྱེར་མཁན་ཞིག་མ་བྱུང་། ང་རང་གྲྭ་པ་བྱས་པ་དང་དམག་ལ་ཞུགས་པ། རྒྱ་སྐད་དང་བོད་སྐད་ལ་ཐོགས་པ་མེད་པ། དམག་ལྭ་ཆ་ཚང་དང་ལྕགས་སྒྲོག དཀྲུམ་མདའི་ཀོ་ཁུག་སོགས་ཡོད་པ་ཚང་མ་ནི་ངའི་མི་ཚེ་འདིའི་བསླུ་བྲིད་ལེགས་འགྲུབ་ཡོང་བའི་མཐུན་རྐྱེན་གཙོ་བོ་རེད། ལས་ངན་ངེད་གཉིས་ཀྱི་དགེ་བའི་ལས་གཅིག་ཀྱང་མི་འགྲུབ་མོད། སྡུག་གི་ཕྱོགས་ནས་སྡོང་གྲོགས་མཛད་མཁན་ཞིག་ཡོད་པ་ཇི་བཞིན་འབད་མེད་ལྷུན་གྲུབ་ཅིག་རེད།”
  ཁོའི་གདོང་ལ་འཛུམ་ཞིག་བསྡུས་ཏེ“ དགོད་བྲོ་བ་ཞིག་ལ། ཐེངས་དེར། ངེད་གཉིས་ཐབས་ཟད་པས། ངས་ཁོ་ལ་ལག་སྒྲོག་བརྒྱབ་ཏེ་ཉེས་ཅན་ཡིན་ཁུལ་གྱིས་རླངས་འཁོར་ལ་སྒུག་ནས་བསྡད། ངས་དམག་ཁུལ་ནས་སྦྱངས་པའི་རླངས་འཁོར་འགོག་སྟངས་ཀྱི་ཕྱག་རྒྱ་དེ་བཀོལ་བ་ན། ཟོང་འཁོར་ཞིག་དམ་སེ་འགོག་ཐུབ་བྱུང་། ཁོ་རང་རླངས་འཁོར་གྱི་འཁོར་སྒམ་དུ་མ་ཆུད་པས་གཞུག་སྒམ་སྟོང་བའི་ནང་འདུག་དགོས་བྱུང་། ཉིན་ཞག་གཉིས་ཀྱི་རིང་ལ། ཁོ་ཡར་འགྲིལ་མར་འགྲིལ་གྲངས་མེད་བྱས་པའི་ན་ཟུག་དེ་སུས་ཀྱང་རྟོགས་ཐུབ། རྗེས་ནས་ཁོ་ཆང་གི་བཟི་ཐེངས་རེར་ང་ལ་ལེ་བདའ་བྱེད་མོད། ཁོའི་སེམས་ནས་ཀྱང་ཐབས་སྡུག་གི་འགྲུལ་བཞུད་ཐེངས་གཅིག་ཡིན་པ་རྟོགས་ཡོད། དེ་དུས་ཟི་ལིང་དུ་སྐར་མ་གཅིག་ཀྱང་སྟེར་མ་དགོས་པར་ཐོན། རྗེས་ནས་ངེད་གཉིས་ལ་སྒོར་མོ་མེད་དུས་གང་ལ་འགྲོ་ན། རླངས་འཁོར་གྱི་འདུག་བྱང་མ་ཉོས་པར་རེས་མོས་ཀྱིས་གཅིག་ཉེས་ཅན་དང་གཅིག་ཉེན་རྟོག་པ་བྱས་པ་ཡིན། ངོ་མ་བཤད་ན། ཐེངས་དེར་ཁོ་ལའང་ཁག་མི་འདུག དུས་ཚོད་འགའ་ལ་ཉེས་ཅན་བྱེད་རྒྱུ་དེ་ཧ་ཅང་དཀའ་མོ་ཡིན། དེ་ལྟར་ཉེས་ཅན་བྱས་རྗེས་ཀྱི་ཉིན་ཞག་འགའ་ལ་ལུས་ཡོངས་སུ་རྡོ་རིལ(རོང་བའི་གཡུལ་གཅོག་བྱེད་ཀྱི་རྡོ་གླིང་དྲུག་ཅན་ཞིག)དྲུད་པ་དང་འདྲ་བར་ན་ཟུག་བཟོད་མི་ཐུབ”ཅེས་དངན་པ་རིང་བོ་ཞིག་འཐེན།     ཁོའི་ངོ་གདོང་ལས་རང་ཉིད་ཀྱི་འདས་སོང་གི་བྱ་བ་ཐ་དག་ལ་ཡི་ཆད་པ་དང་འུ་ཐུག་པའི་ཉམས་ཤིག་མངོན་འདུག
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།