གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐད་འཕྲིན་གྱིས་བསྐྱངས་པའི་བརྩེ་དུང་།

2015-05-05 18:27:43 རྒྱལ་རྩེའི་ཕོ་གཞོན། ཀློག་གྲངས། མཆན ཡོད།

  ཁོའི་མིང་ལ་རྒྱལ་མཚན་ཟེར་ཞིང་ལས་ཀར་ཞུགས་ནས་ལོ་གཉིས་ལྷག་ཙམ་སོང་བའི་རྒྱལ་ཁབ་ཀྱི་ལས་བྱེད་དཀྱུས་མ་ཞིག་ཡིན་ལ“ཀུ་ཤུ་”རྟགས་ཅན་གྱི་ཁ་པར་དེ་ནི་ཁོ་ལས་ཀར་ཞུགས་ནས་ཟླ་བ་བཞི་ཙམ་སོང་རྗེས་ཉོས་པའི་ཅ་ལག་དྲག་ཤོས་དེ་ཡིན་པས་དེ་ལ་རང་གི་མིག་འབྲས་ལས་གཅེས་ཤིང་གཉེན་ཉེ་ལས་དུང་བར་བྱེད་པ་མ་ཟད་མཚན་མོ་གཉིད་ཉལ་བའི་དུས་ཚོད་མ་གཏོགས་དུས་དང་རྣམ་པ་ཀུན་ཏུ་ཁ་པར་དེ་ལ་ཅེར་ནས་སྡོད་བཞིན་ཡོད། མཚན་མོ་དེར་ཁོས་ནམ་རྒྱུན་དང་འདྲ་བར་སྐད་འཕྲིན་གྱི “ཉེ་འགྲམ་གྱི་མི་འཚོལ་བ་”ཞེས་པ་ལས་ཉེ་འགྲམ་གྱི་མི་བཙལ་ཞིང་དྲ་མིང་དུ་”ཁ་བའི་མེ་ཏོག་”ཅེས་པ་ཞིག་ལ་གྲོགས་སྒྲིག་རྒྱུའི་འཕྲིན་ཐུང་ཞིག་བསྐུར་ཞིང་ཡུད་ཙམ་སོང་རྗེས་ཁ་བའི་མེ་ཏོག་གིས་ཁོ་རང་གྲོགས་སུ་བཅུག ཁོས“ཁམས་བཟང་”ཞེས་པའི་འཕྲིན་ཐུང་ཞིག་བསྐུར་ཏེ་ཁོ་གཉིས་ཀྱི་གླེང་མོལ་འགོ་བཙུགས་ཤིང་ཕན་ཚུན་དབར་མིང་དང་ཕ་ཡུལ། ལས་གནས་སོགས་ཞིབ་པར་འདྲི་རེས་བྱས་པས་མཚན་མོའི་ཆུ་ཚོད་གཉིས་པ་ཙམ་ལ་གཞི་ནས་གཉིད་དུ་ཡུར།
  ཉིན་གཉིས་པར་ཁོ་ཡར་ལངས་མ་ཐག་སྐད་འཕྲིན་ཁ་ཕྱེ་ཞིང་ཁ་བའི་མེ་ཏོག་ལ“གཉིད་སད་ཡོད་དམ་”ཞེས་པའི་འཕྲིན་ཐུང་ཞིག་བསྐུར། ཉིན་གུང་ཙམ་ལ་མོས་གཞི་ནས་ཁོ་ལ“དགོངས་པ་མ་ཚོམ། ད་ནངས་ང་ལས་ཀ་ཏོག་ཙམ་ཡོད”ཅེས་པའི་འཕྲིན་ལན་ཞིག་བསྐུར་འདུག་པས་ཁོས་ལམ་སེང“སྣང་དག་མེད་”ཅེས་པའི་འཕྲིན་ཐུང་ཞིག་བསྐུར་ཞིང་སླར་ཡང་རྫོགས་རྒྱུ་མེད་པའི་གླེང་མོལ་ལ་གཡེང་། གླེང་མོལ་མང་དག་ཅིག་བྱས་རྗེས་སུ་ཁོས་མོ་ལ “འདྲ་པར་ཞིག་བསྐུར་ན་འགྲིག་གམ་”ཞེས་བཤད་པས་མོས“སྔོན་ལ་རང་གིས་བསྐུར་ཤོག་”ཟེར། ཁོས་རང་གི་འདྲ་པར་རྫིག་ཤོས་སུ་རློམ་པ་ཞིག་བསྐུར་ཞིང་མོ་ལ“ད་ཁྱེད་ཀྱིས་བསྐུར་རོགས་”ཞེས་བཤད། མོས་ཀྱང་འདྲ་པར་མཚར་པོ་ཞིག་བསྐུར་འདུག་པ་མ་ཟད་ཁོ་ལ “ཁྱེད་རང་དངོས་གནས་རྫིག་པོ་ཞིག་འདུག་”ཅེས་བཤད། ཁོས་མོའི་འདྲ་པར་དེ་ཆེ་རུ་བཏང་ནས་ལན་མང་བལྟས་རྗེས་”ཁྱེད་རང་དངོས་ནས་མཛེས་མའི་ནང་གི་མཛེས་མ་རེད་འདུག་”ཅེས་པའི་འཕྲིན་ཐུང་ཞིག་བསྐུར། ཁོ་གཉིས་ནི་ཕན་ཚུན་ཆ་ཡོད་རྒྱུས་ཡོད་ཡིན་པའི་མི་ལྟར་རང་གི་འཚོ་བ་དང་ལས་ཀ་སོགས་ལྷུག་པོར་གླེང་ཞིང་ཁ་པར་ལས་ཡུད་ཙམ་ཡང་ཁ་མ་བྲལ། མཚན་མོར་ས་རུབ་རྗེས་ཁོས་རང་གི་ཉིན་གང་ཁོག་ཏུ་སྦས་པའི་སྐད་ཆ་སྟེ “ཁྱེད་ལ་དགའ་རོགས་ཡོད་དམ་”ཞེས་པའི་འཕྲིན་ཐུང་ཞིག་བསྐུར་ཞིང་མོའི་འཕྲིན་ལན་ལ་སྒུག་སྟེ་བསྡད། ཡུད་ཙམ་སོང་རྗེས་མོས་”ང་ལ་དགའ་རོགས་མེད། ཁྱེད་རང་ལ་ཡོད་ཀྱི་རེད་”ཅེས་པའི་ཡིག་ལན་ཞིག་བསྐུར་བྱུང་བས་ཁོའི་སེམས་ནས་དགའ་བའི་མེ་ཏོག་ཤར་སྟེ“ང་ལའང་མེད། ངས་ཁྱེད་དང་དགའ་རོགས་སྒྲིག་ན་འགྲིག་གམ་”ཞེས་བཤད་པས་མོས“ངས་བསམ་བློ་བཏང་ཆོག་”ཟེར། དེ་ནས་ཡང་ཁོ་གཉིས་མུ་མཐུད་དུ་རྫོགས་རྒྱུ་མེད་པའི་གླེང་མོལ་ལ་གཡེང་།
  ཉིན་གསུམ་པར་ཁོས་སྐད་འཕྲིན་ཁ་ཕྱེ་སྟེ་མོ་ལ“བསམ་བློ་བཏང་ཚར་སོང་ངམ་”ཞེས་པའི་འཕྲིན་ཐུང་ཞིག་བསྐུར་བས་མོས་ཁོའི་འཕྲིན་ཐུང་ལ་སྒུག་ནས་བསྡད་ཡོད་པ་ལྟར་ལམ་སེང་”ཨིན་”ཞེས་པའི་ཡི་གེ་གཅིག་པོ་ཞིག་བསྐུར་ཡོང་ཞིང་ཁོས་ཀྱང་རྒྱུ་མ་ཕུ་འདེད་ཀྱི་ཚུལ་དུ་”འོ་ན་ལན་རྒྱབ་ཤོག་”ཅེས་བཤད་པས་མོས“སྔོན་ལ་ང་གཉིས་ཚོད་ལྟ་བལྟ་དོ་”ཟེར་བས་ཁོ་མདང་ནུབ་ལས་ཀྱང་དགའ་ཚོར་ཆེ་བ་སྐྱེས་ཤིང་བཤད་མི་ཚར་བའི་སྙིང་གཏམ་སྐད་འཕྲིན་བརྒྱུད་མོ་ལ་བརྗོད་ཅིང་མོས་ཀྱང་ཡུན་རིང་གཤིབས་པའི་དགའ་རོགས་ཤིག་ལྟར་ཁོ་ལ་སྙིང་གཏམ་ཡོད་རྒུ་ལྷུག་པོར་གླེང་།
 དུས་ཚོད་ནི་ལང་ལོང་དུ་རྒྱུགས་པའི་ཆུ་མོ་བཞིན་བར་མཚམས་མེད་པར་མདུན་དུ་རྒྱུགས། ཁོ་གཉིས་ཀྱི་བརྩེ་དུང་ཡང་ས་བོན་ཆུང་ཆུང་ཞིག་དང་འདྲ་བར་དང་ཐོག་མྱུ་གུ་འབུས་ཤིང་རིམ་བཞིན་འཚར་ལོངས་བྱུང་སྟེ་བརྩེ་དུང་གི་རྒྱ་མཚོར་བྱིངས་པའི་ཕོ་མོ་ཟུང་དུ་གྱུར། ཁོས་སྐད་འཕྲིན་ལས་སྐད་གཅིག་བསྐུར་ཏེ་མོ་དང་འཕྲད་རྒྱུའི་རེ་བ་བསྟན། མོས་རེ་ཞིག་མནོ་བསམ་བཏང་ནས་ཁོ་གཉིས་འཕྲད་རྒྱུར་མོས་མཐུན་བྱས་ཤིང་དགོང་མོའི་ཆུ་ཚོད་དྲུག་པར་རྫོང་དེ་གའི་ཐང་ཆེན་དུ་འཛོམས་རྒྱུར་ཁ་ཆད་བྱས།
  ཁོས་རང་གི་ཉེ་ཆར་དྲ་ཐོག་ནས་གསར་དུ་ཉོས་པའི་གྱོན་གོས་དང་འཇུར་ཏ་རྣམས་ལེགས་པར་གྱོན་ཞིང་མིག་ཤེལ་ནག་པོ་དེ་གཙང་མར་འཕྱིས་ཏེ་རང་གི་མིག་ལ་བརྒྱབ་ནས་ངོ་ཤེལ་ལ་ཐེངས་མང་བལྟས། མོས་ཀྱང་རང་གི་ལུས་ལ་གཟབ་མཆོར་ལེགས་པར་སྤྲད་ཅིང་དགོང་དྲོའི་དུས་ཚོད་ཕལ་ཆེ་བ་རང་གི་གཟུགས་པོ་ལས་ཀྱང་ཆེ་བའི་ངོ་ཤེལ་གྱི་མདུན་དུ་བསྐྱལ། ཆུ་ཚོད་དྲུག་པ་མ་ཟིན་གོང་ནས་ཁོ་ཐང་ཆེན་གྱི་ཕྱོགས་སུ་སོང་ཞིང་ཁ་ཆད་བྱས་ཟིན་པའི་གནས་སུ་རང་གི་སེམས་ནང་གི་མཛེས་མ་ཁོང་ལ་སྒུག་ནས་བསྡད། ཆུ་ཚོད་དྲུག་པ་ཡོལ་ཙམ་ལ་མོ་ཡང་ཐང་ཆེན་དུ་སླེབས་ཤིང་ཁ་ཆད་ལྟར་ཁོ་ཡོད་སར་ཐད་ཀར་སོང་། ཁོ་གློ་བུར་དུ་རང་གི་མིག་ལ་ཡིད་མ་ཆེས་པར་ཧད་དེ་ལུས། མོ་ནི་ཁོའི་སེམས་ནང་གི་སྙིང་གྲོགས་མཛེས་མ་དེ་ག་ལ་ཡིན་སྟེ་ཁོའི་གྲོགས་པོ་ཞིག་གི་སྤུན་མཆེད་གཅེན་པོ་ཞིག་གི་མནའ་མ་དེ་རེད་འདུག ཁོས་མོའི་འགྲེལ་བཤད་ལ་མ་ཉན་པར་ཐད་ཀར་ཉལ་ཁང་དུ་ལོག་ཕྱིན་ཞིང་རང་ཉིད་དང་སློབ་ཆེན་འགྲིམས་དུས་སུ་དགའ་པོ་བྱས་ཤིང་ད་ལྟ་བར་མུ་མཐུད་འབྲེལ་བ་བྱེད་བཞིན་པའི་སྙིང་གྲོགས་ཚེ་གཡང་ལ་ཁ་པར་ཞིག་མི་རྒྱག་ཀ་མེད་དུ་གྱུར།
  མཚན་མོ་དེར་ཁོ་རང་མོ་དང་འདྲ་བར་སླར་ཡང་སྐད་འཕྲིན་ལས་ཉེ་འགྲམ་གྱི་མི་འཚོལ་བར་བྲེལ་ཞིང་བརྩེ་དུང་གི་ས་བོན་གསར་པ་ཞིག་འདེབས་རྒྱུར་རེ་བས་ཁེངས་བཞིན་འདུག

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།