གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུ་སྨུག་ཁྲོད་ཀྱི་སྦྲ་ནག

2015-07-23 09:43:47 དྭངས་ཟིལ། ཀློག་གྲངས། མཆན ཡོད།


              ཀ

  ཨ་ཕ་བློ་བཟང་ཚང་ལ་དེ་རིང་སྡེ་དཔོན་འོང་ཞིང་། སྡེ་དཔོན་གྱིས་ཅི་ཞིག་ལབ་ཏེ་མཐར་ཁོ་རང་འོང་དོན་གྱི་གླེང་མོལ་ངོ་མ་དེ་བྱས།
  “གོང་རིམ་གྱིས་གྲོས་བསྡུར་བྱས་ཏེ་ད་ལོའི་སྟོན་ཁར་བསྡུ་རྒྱུ་ཡིན་པའི་ཡུལ་ཚོའི་སློབ་ཆུང་གི་སློབ་མའི་གྲལ་དུ་ང་ཚོའི་སྡེ་བ་ནས་སློབ་ལོ་རན་པའི་བྱིས་པ་བཅུ་འགྲོ་རུ་འཇུག་དགོས་པའི་བཀའ་བབབ་འདུག ཁྱེད་ཚང་གི་ཚེ་རིང་སྒྲོལ་མ་ཡང་སློབ་ལོ་རན་པའི་བྱིས་པ་ཡིན་པས་སྟོན་ཁར་སླེབས་དུས་སློབ་གྲྭར་བསྐྱེལ་དགོས”ཞེས་སྡེ་དཔོན་གྱིས་ཐལ་བ་དཀྲུག་ཞོར་ཨ་ཕ་བློ་བཟང་གི་གདོང་ལ་ཅེར།
  “ཨ་ཙི། བུ་མོ་འདི་སློབ་གྲྭར་སོང་ཕྱིན་ངས་ཅི་བྱེད། ཁྱིམ་ཕྱི་ནང་གི་ལས་ཀ་མང་བོར་བུ་མོ་ཀན་གྱི་དྲིན་ལ་ལག་པས་རེག་ཙམ་ཡང་བྱེད་མ་མྱོང་། ཀན་མེད་ཕྱིན་ངས་ཉི་མ་ཇི་ལྟར་གཏོང་རྒྱུ་ཡིན”ཨ་ཕ་བློ་བཟང་གི་ཁ་མ་གྲགས་གོང་ཨ་མ་ལྷ་སྐྱིད་ཀྱིས་མྱུར་དུ་དེ་ལྟར་ལབ།
  “ད། ཤུ་རེ་གོ་བྱེད་དགོས་སོང་བ་རེད། གོང་རིམ་གྱི་བཀའ་ལ་ངོ་ཡ་གཏན་ནས་བྱེད་མི་ཉན། ངེད་ཚང་གི་བཀྲ་ཤིས་ཀྱང་སློབ་གྲྭར་བསྐྱེལ་རྒྱུ་ཡིན། ”སྡེ་དཔོན་གྱིས་ཨ་མ་ལྷ་སྐྱིད་གདོང་ལ་བལྟས་ཏེ་ནན་ཏན་གྱིས་ལབ།
  “སྡེ་དཔོན་ལོ་ལོ། བུ་མོ་འདི་སློབ་གྲྭར་གཏན་ནས་བསྐྱེལ་མི་ཉན། ངེད་བཟའ་མི་གཉིས་ལ་བྱིས་པ་དྲང་མོ་ཞིག་ཡོད་པ་ནི་འདི་གཅིག་པུ་ཡིན། འདི་སློབ་གྲྭར་སོང་ཕྱིན་ངེད་གཉིས་ཀྱིས་ཁ་ནང་ནས་སྔོ་སྐྱེ་རྒྱུ་ལས་གཞན་མེད། ”ཨ་ཕ་བློ་བཟང་གིས་ཞུ་བའི་ཉམས་ཀྱིས་སྡེ་དཔོན་ལ་ཁ་གཏད་ནས་བརྗོད།
  “ད་བཤད་རྒྱུ་མི་འདུག སློབ་གྲྭའི་ནང་ནས་ཀྱང་རྒྱལ་ཁ་ལེན་ཁོ་ཐག་ཡིན། སློབ་གྲྭར་འགྲོ་རྒྱུ་བྱོས། ཀ་ངོ་ཡིག་ངོ་ཞིག་ཆོད་ན་ཡང་གཞན་གྱིས་མགོ་གཡོགས་མི་ཐུབ་པ་རེད།”
  “སྡེ་དཔོན་དྲིན་ཅན་པོ། ཁྱོད་ལ་ཅིག་གསལ། ཁྱོད་ཀྱིས་ཀྱང་རིག་འདུག་པ་འདི་རེད། ངེད་ཚང་ན་བུ་མོ་འདི་ལས་མིག་བལྟས་བྱེད་ས་ཞིག་མེད་ནོ་ངོ་མ་མིག་ཁ་ན་ཡོད་པ་འདི་རེད།”ཨ་མ་ལྷ་སྐྱིད་ཀྱིས་སླ་ངའི་ངོ་བཀྲུ་བཞིན་ལབ།
  ཡུད་ཙམ་ནས་སྡེ་དཔོན་གྱིས་ཤུགས་རིང་ཞིག་རྔུབ་ཀྱིན་“ད། ང་འགྲོ་རྒྱུ་ཡིན། ད་རུང་ཁྱིམ་ཚང་གཞན་པར་ཡང་བརྡ་རྒྱག་དགོས། ངས་བལྟས་ན་བུ་མོ་འདི་སློབ་གྲྭར་སོང་བའི་ཕན་ན་བཟང་ཞིག་མེད་པ་འདྲ།”ཞེས་རྗོད་ཀྱིན་ཡར་ལངས་ཏེ་སྦྲའི་ཕྱི་རོལ་ཏུ་ཕྱིན། ཨ་མ་ལྷ་སྐྱིད་ཀྱིས་གོམ་པ་ལྔ་བཅུའི་མཚམས་སུ་སྡེ་དཔོན་ཕར་བསྐྱལ་རྗེས་ཕྱིར་ཁྱིམ་དུ་འཛུལ།

               ཁ།

  བློན་པོ་ལྷ་བཀྲའི་འདབས་རོལ་ཏུ། ས་གདན་ཐང་ལ་བཏང་འདྲའི་རྩྭ་ཐང་གི་ངོས་སུ་སྐར་ཚོགས་ས་རུ་འཕོས་འདྲའི་ནོར་ལུག་གི་ཁྱུ་ཚོགས་གང་སར་ཡན་པས་ཧ་ཅང་མཛེས་ཉམས་ལྡན། རྩྭ་ཐང་དུ་འཁྱུག་འགྲོས་ཀྱི་གར་སྟབས་ཅི་དགར་བསྒྱུར་བའི་འབའ་ཆུ་སྔོན་མོ་རྒྱང་རིང་གི་ཡུལ་གྲུ་ཞིག་ནས་གནས་འདི་རུ་བརྒྱུད་པ་དང་། གནས་འདི་ནས་ཀྱང་རྒྱང་རིང་གི་ཡུལ་གྲུ་ཞིག་ཏུ་ངལ་མེད་དུ་བཞུར།
  འབའ་ཆུའི་འགྲམ་དུ། དུད་སྨུག་གིས་གཡོགས་པའི་སྦྲ་ནག་ཁེར་རྐྱང་ཞིག་མངོན་ཞིང་། སྦྲ་ནག་ལས་སློག་པ་གཡང་ཤམ་བྱས་པའི་ཨ་ཕ་བློ་བཟང་སྒོར་བུད་ནས་གཅིན་པ་ཤག་སེ་བཏང་མཐར་ཕྱིར་ཁྱིམ་དུ་འཛུལ།
བུ་མོ་ཚེ་རིང་སྒྲོལ་མས་སྨྱུག་སླེ་ཞིག་རྒྱབ་ཏུ་ཁུར་ནས་ལྷས་འདབས་སུ་ལྕི་བ་བཏུ་རུ་འོང་། ཁོ་མོའི་ལག་པ་ཧ་ཅང་མྱུར་བ་དང་། ཡུད་ཙམ་ནས་ལྕི་བ་བཏུས་ཏེ་སྨྱུག་སླེའི་ཁ་བཀངས་ཏེ་ལྷས་འདབས་ཀྱི་གཡོན་ཕྱོགས་སར་སྤུངས་པ་དང་། ཡང་བསྐྱར་ལྕི་བ་བཏུ་བར་ལག་མྱུར་གྱི་གཞུང་བསྐྱེད་འགོ་བརྩམས།
  ཨ་ཕ་བློ་བཟང་གིས་ཁ་ལག་བཀྲུས་མཐར་གཞི་ནས་ནངས་ཇ་འཐུང་བ་དང་། དེ་དང་ཆབས་ཅིག་ཏུ་ཐ་མག་ཅིག་ལ་ཡང་མེ་བསྒྲོན། ཁོས་རྩམ་པ་རིལ་རིལ་བྱས་མཐར་དཀར་ཡོལ་ནང་དུ་ཇ་ལྡུག་ཏུ་བཅུགས་ཤིང་། དཀར་ཡོལ་ཁར་ཕུ་འདེབས་ཞོར་ཇ་འཐུང་།
  ཨ་ཕ་བློ་བཟང་གིས་མེ་ཡོར་གྱིས་གོ་ཁའི་ནང་དུ་མེ་བརྡལ་རྗེས་སྔུན་ལ་ནུར་ཙམ་བྱས་ནས་ཁ་ལག་བསྲོས། ཁོས་སྦྲ་སྒོའི་ཕྱོགས་སུ་ཞིབ་ལྟ་ཞིག་བྱེད་དུས་བུ་མོ་ཚེ་རིང་སྒྲོལ་མས་མགྱོགས་མྱུར་ངང་ལྕི་བ་བཏུ་བཞིན་པ་གསལ་ལེར་མཐོང་།
  དེ་དུས་ད་གཟོད་ཁ་སང་གི་དོན་དག་དེ་ཡིད་ལ་དྲན་ཞིང་། “ཧིན། སྡེ་དཔོན་ཁྱོད་ཁྲོམ་རྒན་གྱི་གཉའ་སྦོམ་ན། ང་བློ་བཟང་སྤྱང་རྒན་གྱི་ཁ་དེ་ལས་ཀྱང་ཆེ། ངས་བུ་མོ་ཀན་སྡུག་ལ་མི་གཏོད་ཁོ་ཐག་ཡིན། ང་བླུན་པོ་བརྒྱ་ཡིན་རུང་བུ་མོ་ཞིག་ལ་ཡི་གེ་མི་མཁོ་བ་ངས་ལོས་ཤེས། གནའ་མི་བོད་ཀྱི་གཏམ་དཔེ་ལ་སྟག་ཤར་མ་སྨྱོས་ཙམ། བུ་མོ་མ་གླེན་ཙམ་ཞེས་པ་ངས་ཀྱང་གོ་མྱོང་། ”ཨ་ཕ་བློ་བཟང་གིས་ཁོང་ཁྲོ་དང་བཅས་པར་དེ་ལྟར་ལབ།
“འོ་ལོས། སྡེ་དཔོན་གྱིས་འདང་མ་བརྒྱབ་པ་རེད། རང་གི་བྱིས་པ་ལ་ཤ་མི་ཚ་མཁན་ཞིག་གང་ན་ཡོད། ཡི་གེ་ཞེས་ལྟོགས་ན་ཟས་གོ་དང་། གྲང་ན་གོས་གོ་མི་ཆོད་པ་དེ་ཡིས་ཅི་བྱེད། ཕྱིར་ཡུལ་དུ་འོང་ན་ཕྱུགས་ཀྱང་འཚོ་མི་ཤེས་པས་སློབ་གྲྭར་སུས་འགྲོ་རུ་འཇུག”ཨ་མ་ལྷ་སྐྱིད་ཀྱིས་བོང་ཁའི་ཨོང་བ་ཐབ་ཁུང་ནང་དུ་འདེད་ཞོར“སྡེ་དཔོན་གྱིས་འུ་ཚང་ལ་བསམ་བཞིན་དུ་དེ་ལྟར་བྱེད་ཀྱིན་ཡོད་པ་འདྲ། དེ་མ་གཏོགས་སྡེ་དཔོན་ནི་ནམ་མཁའི་བྱིའུ་ཕོ་མོ་མི་ཤེས་རུང་། མགོ་ནག་མིའི་རྣམ་འགྱུར་མི་ཤེས་མཁན་ཞིག་ག་ལ་ཡིན།”ཨ་མ་ལྷ་སྐྱིད་ཀྱིས་གཟབ་ནན་ངང་ཨ་ཕ་བློ་བཟང་གི་གདོང་ལ་ཅེར་ནས་དེ་ལྟར་ལབ།
  སྐབས་དེར་ཨ་ཕ་བློ་བཟང་གིས་མགོ་བོ་ལྕོག་ལྕོག་བྱས་ནས་གདོང་ལ་རྟོག་དཀའི་འཛུམ་མདངས་ཤིག་ལངས་ཏེ་ཡང་བསྐྱར་ཐ་མག་ཅིག་ལ་མེ་བསྒྲོན་ནས་དལ་གྱིས་རྔུབ་ཅིང་། དེ་དང་བསྟུན་ནས་ཐབ་ཀ་ལས་དུ་བ་ལྷོག་ལྷོག་ཏུ་འཕྱུར་ཏེ། རྒྱང་རིང་གི་ས་ནས་བལྟས་ན་སྦྲ་ནག་དེ་དུད་སྨུག་གི་ཀློང་དུ་མཐོང་ཙམ་ཡལ་ཙམ་བྱེད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།