སྒྲོལ་མ་འདོན་མཁན་གྱི་སྒྲོལ་མ།
༡
གསར་དུ་ངོ་ཤེས་པའི་སྒྲོལ་མར་སྒྲོལ་མ་འདོན་རྒྱུ་ཞིག་གོམས་ཡོད། ཡིན་ཡང་མོས་ད་རུང་སྒྲོལ་མ་བློར་ངེས་ཀྱི་མི་འདུག
༢
མོ་ནི་གཟུགས་ཅུང་ཟད་ཐུང་ལ་སྒེག་ཉམས་ཀྱིས་དོད་མེད་ཀྱང་ཤ་ཁ་དཀར་ཞིང་འཇམ་མཉེན་ལྡན་པ་ཞིག་ཡིན་ལ། རྒྱུགས་ཆེ་བའི་གོམ་པ་ཡང་མིག་ལ་བདེ་བོ་ཞིག་གོན་ཐུབ་ཀྱིན་ཡོད། དེ་ལས་ཀྱང་ཡིད་སེམས་འདྲེན་བྱེད་ཀྱི་རྒྱུ་ཞིག་ཡོད་པ་ནི་མོའི་སྐད་མདངས་རེད། སྐད་མདངས་དེ་གཞན་དང་མི་འདྲ་པར་ཕྲ་ཞིང་གདངས་སྙན་ལ་འཇེབས་པ། ད་དུང་འགྱུར་ཁུག་དང་ལྡན་པས་ངའི་ཡིད་ཀྱི་ལྕགས་ཀྱུ་རང་བཞིན་གྱིས་བཀུག་སོང་བ་འདྲ། དེ་བས་མོའི་མིང་ལ་སྒྲོལ་མ་ཟེར་བ་ངས་སྔོན་ནས་བཟུང་ཤེས་ཡོད། ཡིན་ཡང་སྒྲོལ་མ་འདོན་མཁན་ཞིག་ཡིན་པ་གཏན་ནས་ཤེས་མེད།
འོ། ཡ། ངས་སྒྲོལ་མ་བཏོན་ཚར་རྗེས་ད་གཟོད་་་་་་་་
སྐད་ཆ་འདིས་དད་སེམས་ཀྱི་དྲི་བསུང་ཞིག་ངའི་ལུས་ཡོངས་སུ་འགོས་པར་བྱས་སོང་། དེ་ལས་ངའི་ཡིད་ཀྱི་དང་བའི་དབང་གཞུ་མོས་བཀུག་སོང་བ་དང་འདྲ་བར་མཐོ་གསུམ་གྱི་སྐབས་སུ་རང་གིས་བཏོན་མྱོང་བའི་སྒྲོལ་མ་དེ་ཡང་ཡིད་ལ་ཤར་དུ་བཅུག་སོང་།
འོ། ཡ། ངས་སྒྲོལ་མ་བཏོན་ཚར་རྗེས་ཁ་བརྡ་བྱེད།
དེ་ལྟར་སྨག་རུམ་ཁྱུ་གཅིག་གིས་ཟླ་བའི་འོད་སྣང་བསྒྲིབས་པ་དང་བསྟུན་ནས་ཁ་བརྡ་ལྷོད་པོ་ཞིག་བྱེད་ཐབས་ཡེ་ནས་མ་བྱུང་།
ཁོ་མོ་རང་སྦྱོང་ཁང་དུ་འགྲོ་བ་ནི་ང་དང་ཁ་བརྡ་གློད་པར་གོ་སྐབས་སྟེེར་བ་དང་འདྲ། ང་རང་མལ་ཁང་གི་སྒོ་ཁར་བུད་དུས། ཁ་ཕྱོགས་མེད་པའི་བསིལ་རླུང་འཇམ་པོ་ཞིག་ལྡང་བྱུང་ལ། ང་ལ་མ་འཚུབ་ཅེས་སེམས་ཤུགས་བསྩལ་བ་དང་མཚུངས། མོའི་གདངས་སྙན་ལ་ངག་འཇེབས་པའི་ཚིག་གི་སྦྲང་རྩིས་ངའི་ཡིད་ཀྱི་བུང་བའི་ཁྱུ་གཅིག་དབང་མེད་དུ་ཁྲིད་སོང་། རང་སྦྱོང་ཁང་ནས་ངས་མིག་གིས་དཔེ་ཆ་ཞིག་ལ་ཨུ་ཚུགས་ཀྱིས་བལྟ་ཁུལ་བྱས་ཡོད་ནའང་། སེམས་ཀྱི་ཐུར་མདའ་ནམ་ཡང་སྒྲོལ་མ་ཟེར་བའི་བུ་མོ་དེའི་ཕྱོགས་སུ་འཐེན་གྱིན་འདུག མོས་ཀྱང་དོན་དུ་དཔེ་ཆ་བལྟ་བསམ་ཡོད་པའམ་ཡང་ན་ང་དང་ཁ་བརྡ་གློད་འདོད་ཡོད་པ་གང་ཡིན་མི་ཤེས་མོད། མིག་གིས་དཔེ་ཆ་ལ་ཡིད་འཚིམ་པ་ཞིག་ལྟ་བཞིན་ཡོད་པ་ལྟར་སྣང་། དེ་ལྟར་ཡུད་ཙམ་འདས་པ་ན། མོས་རྩོམ་གཞུང་སྤྱི་བཤད་ཀྱི་དཔེ་ཆ་དེ་ཨེ་ཡོད་ཅེས་ང་ལ་དྲིས་པ་དང་མཉམ་དུ་ཁ་པར་ཞིག་གི་དུང་བརྡ་ཐོན་བྱུང་།
ཏོའི་་ ཏོའུ་ཏོའུ་ཏོའུ་་་ ཏོའུ་ཏོའུ་ཏོའུ་་ ཏོའུ་ཏོའུ་་་ ཏོའུ་ཏོའུ་་ ཏོའུ་ཏོའུ་་ ཏོའུ་་ ་་་་་་་
གོ་མ་ཐག་ངའི་ཁ་པར་ཀུ་ཤུ་རྟགས་ཅན་གྱི་དུང་བརྡ་ཡིན་པ་ཚོར་སྟེ་བྲེལ་འཚུབ་ཅུང་ཙམ་དང་བསྒྲེས་ནས་རྫི་དོར་གྱི་ཁུག་མ་ལས་མྱུར་མོར་ཕྱུང་ཡོང་།
འོ།
ཝེ། 老大 གང་ན་ཡོད། ཟ་མ་འེ་ཟོས།
འབྲུག་མོ་ཡིན་ནས། ཁྱོའི་ཁ་པར་ཨང་གྲངས་འདི་མིན་མོད འདི་་་་་
འུན་ འདི་དཔལ་སྐྱབས་ཀྱི་རེད།
འོ་ ཟ་མ་་་་་
ཆི་རེད་་
ཅང་མ་རེད་ ང་ད་རུང་རང་སྦྱོང་ཁང་ན་ཡོད་ཡ་ ཁྱོས་ང་ལ་སྒུག་ཐུབ་ནི་མ་རེད་ ཁྱོད་རང་གིས་ཟོ་དང་ཆོག
དེ་མི་སྐྱོན་ ང་ཡང་དཔེ་མཛོད་ཁང་ནས་ད་སོ་མ་ཡོང་ནི་ཡིན་ དེ་ན་ང་རང་སྦྱོང་ཁང་དུ་ཡོང་ཡ་ དེ་ནས་འུ་གཉིས་མཉམ་དུ་འགྲོ་རེས།
མིན་ ང་ད་རུང་དཔེ་ཆ་ཅུང་ཙམ་བལྟ་འདོད་ཡོད་པས་ ཁྱོས་ང་སྒུག་ཐུབ་ནི་མ་རེད་ ད་ཁྱོད་རང་ཉིད་སོང་ནས་ཟོ་དང་ སང་ཉིན་གཞིས་ཉིན་ཟིག་ལ་ངས་ཁྱོད་ཁ་པར་བཏང་འོང་ དེ་དུས་འུ་གཉིས་འགྲོ་ཨ།
ཧུ་ཧུ་ ཡ་ཡ་ དེ་ན་བདེ་མོ།
ཡ་ བདེ་མོ།
ཁ་པར་འདིས་ང་རང་སྔར་ལས་རྟབ་རྟབ་པོར་བཟོས་སོང་། དེ་ནས་ཁ་པར་ཅོག་ཙེ་སྟེང་དུ་འཇོག་གྲབས་བྱས་མོད། ཨ་གསར་ཅན་ཞིག་རེད་སྙམ་པར་རྟོགས་ནས་ཕྱིར་ཁུག་མ་རུ་བསྡུས། སྤྱིར་བཏང་དུ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ལག་ཏུ་བཟུང་ཚེ་དེ་ལྟར་བྲེལ་བ་ལངས་མི་དགོས་ཏེ། ལྷག་པར་རང་ཉིད་ཧྲིན་ཀྲིན་གྲོང་ཁྱེར་ལ་འགྲོ་དུས་སུ་རང་དང་ལོ་ཚོད་མཉམ་པ་དག་གིས་ས་འོག་ལྕགས་ལམ་ནང་ནས་གློག་རྡུལ་རོལ་ཆས་རྩེ་བྱེད་དུ་བཀོལ་ཀྱིན་ཡོད་མོད། འོན་ཀྱང་རང་ས་དོག་མོ་ལུང་གི་མི་དག་གི་སེམས་རྒྱ་དོག་པས་ཅི་ལྟར་བཤད་ཉེན་ལ་སུན་པ་ཞེ་ནས་སྐྱེས་སྟབས་འཛེམ་དོགས་འདི་འདྲ་ཞིག་བྱས་པ་ཡིན། དེ་ཡང་འགྲིག་སྟེ། ས་འོག་ལྕགས་ལམ་ནང་གི་གཞོན་གསར་བ་དེ་དག་དང་རང་ཉིད་བསྡུར་ཐབས་ཡེ་ནས་མེད་དེ། ཁོ་རང་ཚོའི་གོན་པ་དེ་དག་ཀྱང་རྟགས་ཅན་མང་བོ་ལས་གྲུབ་པ་ཞིག་ཡིན་འདུག་ལ། ཐ་ན་རྐང་མགོའི་ལྷམ་དེའང་མེའུ་ཁུ་རྟགས་ཅན་ནམ་ཡང་ན་ལེའུ་ཉིན་རྟགས་ཅན་སོགས་ཏེ། མ་མཐའ་ཡང་དམངས་སྒོར་སྟོང་ཉིས་གསུམ་ལྷག་གིས་ཉོས་པའི་ལྷམ་ཡིན་འདུག་པས་དེ་དག་དང་ཆ་འཇོག་རན་མེད་པར་སྙམ་བྱུང་།
ཁོམ་པ་མེད་ནི་འེ་རེད།
མ་རེད་མ་རེད་ སྔོན་ལ་ཅི་ཟེར་བ་ཡིན།
འོ་ ཁྱོད་ལ་རྩོམ་རིག་སྤྱི་བཤད་ཟེར་བའི་དཔེ་ཆ་དེ་འེ་ཡོད་ ཡོད་ན་ང་ལ་གཡོར་དང།
ཡོད་ དཔེ་ཆ་དེ་ང་ལ་ཡོད་ དེ་ན་ངས་ཁྱོད་ནམ་ཞིག་ལ་བསྐྱལ་འོང་རྒྱུ་ཡིན།
ཁོམ་དུས་ཤིག་ལ།
ཟེར་བ་དང་མཉམ་དུ་མོའི་དཀར་ལ་འཇམ་པོར་ཆགས་པའི་གདོང་ནས་འཛུམ་ཞིག་བསྟན་པ་དང་མཉམ་དུ་ངས་བསྲན་ཚུགས་ཀྱིས་བསྡམས་པའི་ལུས་ངག་ཡིད་གསུམ་གྱི་མདུད་པ་དེའང་རང་བཞིན་གྱིས་གྲོལ་བྱུང་བ་ལྟར་སྣང་སོང་།
འོ་རེད་ཡ རྗེས་ཕྱོགས་ཁྱོས་ང་ལ་སྒྲོལ་མ་ཞེས་བོས་དང་ཆོག
༣
ཉིན་འདི་འགར་ང་རང་སློབ་ཆུང་སློབ་མ་རེ་གཉིས་ཤིག་གི་ཁྱིམ་གྱི་དགེ་རྒན་དུ་བསྡད་ཡོད། འདི་ལྟར་བྱས་ན་སློབ་ཆེན་གྱི་ཆེས་དཀའ་བའི་དཔལ་འབྱོར་གྱི་གནད་དོན་རེ་ཞིག་ཐག་གཅོད་ཐུབ་པར་མ་ཟད། ཞོར་དུ་སློབ་མ་ཆུང་ཆུང་གཉིས་ཀ་དང་མཉམ་དུ་སློབ་སྦྱོང་རེ་བྱེད་ཐུབ་ངེས་ཡིན། དེ་ལྟར་ང་རང་སློབ་མ་ཆུང་ཆུང་གཉིས་ཀ་དང་ཧ་ཅང་འདྲིས་སོང་། དེ་ནི་ངའི་སློབ་སྐབས་འདིའི་བརྩེ་དུང་ཐོག་མ་རུ་གྱུར། ངས་རང་ཉིད་ཀྱི་སྟོབས་ཤུགས་ཡོད་ཚད་དེ་རུ་བཀོལ་ན་འདོད་ཡོད། ནམ་མཁའ་གཡའ་དག་ཅིང་ཉི་ཟླ་གཉིས་རེས་མོས་ཀྱིས་འཁོར་གྱིན་གདའ། མཚམས་མཚམས་སུ་སྤྲིན་པ་ལེབ་མོ་རེ་འགས་སུ་ཞིག་གི་ངལ་བ་འཐུ་བཞིན་འཁྲིགས་ཀྱིན་གདའ།
དངན་པ་རིང་མོ་ཞིག་དང་ལྷན་དུ་ངའི་སློབ་ཆེན་གྱི་འཚོ་བ་དེ་ཡང་དགེ་རྒན་ཞིག་ཏུ་གྱུར་སོང་། ཡིན་ཡང་ངས་ད་དུང་སྒྲོལ་མ་དྲན་གྱིན་འདུག ཞོགས་པར་ཁ་ལག་བཀྲུས་ཚར་མ་ཐག་སྒྲོལ་མ་ཚར་གཅིག་རེ་བཏོན་ཞིང་། དགོང་མོར་གློག་ཏལ་མ་ཐག་སྒྲོལ་མ་དང་ཁ་བརྡ་གློད་ཀྱི་ཡོད།
འ་རོ། ཅི་བྱེད་གིན་ཡོད སྒྲོལ་མ་འེ་འདོན།
བཏོན་ཟིན ད་ཉལ་ཕྱག་འཚལ་འདོད་ཡོད ཁྱོས།
ངས་ད་སོ་མ་恋空ཞེས་པའི་གློག་བརྙན་དེ་ལ་བལྟས་ཚར་བ་ཡིན དེ་ཧ་ཅང་ལེགས་པོ་འདུག
འོ་རེད་ཡ་ དེ་ཟེར་ན་ང་ལ་གློག་བརྙན་ལེགས་པོ་རེ་གཉིས་ངོ་སྤྲོད་གནོངས་དང་།
ཡ་ གང་གི་སྐོར།
བརྩེ་དུང་གི་སྐོར་ཡིན་ཡང་ཆོག
ཧུ་ཧུ་ ཡ་ དེ་ན་ཐོག་མར་雏菊ཞེས་པའི་གློག་བརྙན་དེ་ལ་ལྟོས་དང་།
ཡ་ ཐུགས་རྗེ་ཆེ།
འ་རོ་ འུ་གཉིས་བར་ལ་ཐུགས་རྗེ་ཆེ་ཞུ་ས་མེད་ཅེས་བཤད་ཡོད་མོ།
འོ་ ཧུ་ཧུ་ དགོངས་དག
མི་སྐྱོན་ སང་ཉིན་སློབ་ཐུན་དུ་ཡོད།
གཉིས་ཡོད་ ཁྱོད་ལ།
ང་ལའང་གཉིས་ཡོད།
ཧ་ཧ་ འུ་གཉིས་ཨ་ན་པ་ན་རེད་ལ་ ཕག་རྒན་ཁྱོད་ཕྱི་ཉིན་སྔ་མོར་གཉིད་ལ་ཤོར་འགྲོ་རེད་་་་
ཧུ་ཧུ་ མི་ཤོར་ ངས་ཁ་པར་གྱི་དུང་བརྡ་བཞག་ཡོད།
འོ་ དེ་ན་འགྲིག་འདུག ཧེ་ ཡང་མིན་ན་སང་ཉིན་ངས་ཁྱོད་ལ་བོས་ན་ཇི་འདྲ་རེད།
འོ་ ཡ་ དེ་ཡང་ཆོག་གི་ ཡ་དེ་ན་གཟིམས་ས་བདེ་ ཕག་མ།
ཧ་ཧ་ བདེ་མོ་ ཕག་རྒན།
ཉིན་དེ་ནས་བཟུང་ངེད་གཉིས་བར་ལ་མཚང་མིང་འདོགས་རེས་བྱེད་རྒྱུ་ཞིག་གོམས་སོང་། ངས་རྒྱུན་པར་མོ་ལ་ཕག་མ་ཞེས་ཀུ་རེ་ཡི་ཚུལ་དུ་འབོད་ཀྱིན་ཡོད་ལ། དེའང་སྒྲོལ་མའི་ནང་དུ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ་ཞེས་པ་དེ་བཅོས་ཏེ་རྗེ་བཙུན་ཕག་མ་སྒྲོལ་མ་ཞེས་འབོད་ཀྱིན་ཡོད། མོ་ལ་དེ་ལྟར་འབོད་ཉན་ནི་མ་རེད་ཅེས་པའི་སྐད་ཆ་ཙམ་ལས་ཅི་ཡང་མི་འདུག དོན་དུ་རང་གིས་ཀྱང་དེ་ལྟར་འདོགས་རུང་མིན་ཅི་ཡང་མི་ཤེས་མོད། ངས་རྒྱུན་པར་ཀུ་རེ་ཡི་ཚུལ་དུ། རྗེ་བཙུན་ཕག་མ་སྒྲོལ་མ་ཞེས་འབོད་དོན་ནི། ང་ནི་རྗེ་དང་། ཁྱོད་ནི་རྗེ་ཡི་བཙུན་མོ་སྟེ།ཕག་མ་སྒྲོལ་མའོ་ཞེས་བཤད་དུས་མོ་རང་ཡུད་ཙམ་ལ་གད་མོ་སློང་བར་བྱེད་དོ།
ང་ལ་འགྱོད་པ་ཞིག་སྐྱེས་རྒྱུ་འོང་བ་ནི་སྡེ་ཁག་རིམ་པའི་རིག་རྩལ་འཁྲབ་སྟོན་སྟེང་ནས་མོས་འཁྲབ་པའི་དེང་རབས་ཞབས་བྲོ་དེར་ལྟ་བའི་གོ་སྐབས་མ་གླགས་པ་དེ་ཡིན། སྤྱིར་བཏང་དུ་ང་བལྟ་རུ་འོང་རྒྱུར་ཁས་ལེན་བྱས་ཡོད། ཡིན་ཡང་སྐབས་དེ་ཏག་ཏག་ལ་ཟི་ལིང་གྲོང་ཁྱེར་ནས་ཐོན་པའི་གྲོགས་པོ་རེ་འགས་ངའི་གོ་སྐབས་དེ་ཡོངས་སུ་འཕྲོག་པར་བྱས་སོང་། ཡིན་ཡང་ངས་ཁོ་ཚོ་ལ་འདིའི་སྐོར་ནས་ཅི་ཡང་ལབ་གླེང་བྱས་མྱོང་མེད་པས་ཁོ་ཚོ་ལའང་མཐའ་གཅིག་ཏུ་ལེ་བདའ་བྱེད་ས་གཏན་ནས་མི་འགྲོ།
དགོང་མོ་དེར་ངས་མོ་ལ་ཁ་བརྡ་གློད་འདོད་ཀྱི་འདུན་པ་དྲག་ཏུ་སྐྱེས་མོད། འོན་ཀྱང་མོས་སྒྲོལ་མ་འདོན་དགོས་ཟེར་ནས་ང་ལ་ཁ་བརྡ་ལེགས་པོ་ཞིག་བྱེད་ཐབས་མ་བྱུང་། ཅི་ཁག དེའང་ང་ལན་པས་རེད། སེང་དཀར་མོ་ཅན་པོ་གངས་ཐོག་དང་བོད་ཁ་བ་ཅན་པོ་ཚིག་ཐོག་ཟེར་མོད། ང་རང་ཚིག་ཐོག་ནས་ཤུད་སོང་བས་མོའང་སྤོ་ལངས་བར་ཅི་ཁག ཡང་གཅིག་བཤད་ན་སྤོ་ལངས་པ་དེས་ང་ལ་ཞར་དུ་གསལ་ལ་མི་གསལ་བའི་བརྡ་རྟགས་ཤིག་ཀྱང་འདོན་བཞིན་པ་འདྲ་བས་ང་ཡང་དགའ་ན་འགྲིག་གི
༤
སྒྲོལ་མ་དང་འགྲོགས་ཉིན་ནས་ང་ལའང་སྒྲོལ་མ་འདོན་རྒྱུ་ཞིག་ལོབས་སོང་། ཏག་ཏག་ནམ་མཁར་སྐར་ཚོགས་ཀྱིས་གང་བའི་ལྷིང་འཇགས་ཀྱི་མཚན་མོ་ཞིག་ལ། ང་རང་ཁྱིམ་དུ་ལོག་པ་དེ་ནི་སུ་ཞིག་གི་མཚན་མོའི་རྨི་ལམ་འཕྲོག་ཏུ་འོང་བ་དང་འདྲ་བས། སྒྲོལ་མ་འདོན་དབང་ཞིག་ཡེ་ནས་མ་བྱུང་བར་གང་ཞིག་དང་རིང་དུ་གྱེས་ནས་འབོལ་ཁྲི་ལས་ཉལ་དགོས་བྱུང་བས། དགོང་མོ་དེ་ནི་ང་ལ་མཚོན་ན་སྒྲོལ་མ་དང་གྱེས་ཐེངས་དང་པོ་རུ་གྱུར་སོང་ལ། སྒྲོལ་མ་དེ་དྲན་ཐེངས་དང་པོ་རུ་ཡང་གྱུར་སོང་།
དེ་ན་སྒོག་མྱུག་དང་། ལྕ་ཚལ། སྣུམ་ཚལ། བྱ་སྒོང་། ཞོག་ཁོག ལྡུམ་སྒོང་། ཚལ་ཀུབ་་་་་་་
ད་ཆོག་གི་རེད འུ་གཉིས་ལ་དེ་འདྲ་མང་བོ་ཞིག་གིས་ཅི་བྱ།
ཧུ་ཧུ་ ཡ་ཡ ངས་ཇ་མའི་ཁ་ཉན། ཧུས་ཧུས།
དེ་ན་ཁྱེད་ཀྱིས་འབྲས་བཙོས་དང་ངས་ཚོད་མ་རྔོ་ལེན།
ཡ་ཡ་ ངས་ཚོད་མ་རྔོ་མི་ཤེས་པ་མ་གཏོགས་འབྲས་བཙོས་ན་འདང་རྒྱག་ཟིག་མེད།
ལབ་སྔོན་ལ་མ་རྒྱག་ཡ།
ཧུ་ཧུ་ ལབ་མིན་ དེ་ན་ཁྱོད་ལ་ཚོད་མ་བཀྲུ་རོགས་བྱེད་མི་དགོས་སམ།
་་་་་་་་་་་
ཧ་ཧ་ ཁྱོད་ཀྱིས་བཙོས་པ་འབྲས་ཐུག་ཡིན་ནམ།
དེ་ན་ཁྱོད་ཀྱིས་བརྔོས་པ་འདི་ཅི་རེད།
མི་སྐྱོན་ འདི་ཡང་ཉམས་མྱོང་ཡིན་ནི་རེད།
དེ་ལོས་ཡིན།
འོ་རེད་ཡ ཁྱེད་ཀྱི་མཛའ་མོ་དང་ཁྱེད་གཉིས་ཀས་འདི་ལྟར་མཉམ་དུ་ཟ་མ་ལས་འེ་མྱོང་།
མ་མྱོང་།
དེ་ན་ཁྱེད་གཉིས་ཀས་་་་་་་
ད་ཆོག་གི་ དོན་དག་དེ་མི་གླེང་རྒྱུ་བྱ།
་་་་་་་
དགོང་མོ་དེར་ཟླ་བ་ལས་ངེད་གཉིས་ལ་ལྐོག་ལྟ་བྱེད་མཁན་ཞིག་ཡེ་ནས་མེད་པ་ལྟར། བག་ལྷོད་ངང་མཉམ་དུ་ལས་པའི་ཟ་མ་ཞིག་ལ་མཉམ་དུ་རོལ་བཞིན་བར་ཐག་ཅིག་ལ་འདང་རྒྱག་གིན་བསྡད། དགོང་མོ་དེ་ནི་སྒྲོལ་མ་དང་ཆེས་ཉེ་བའི་ཉིན་མོ་ཞིག་རེད་བསམ་གྱིན་བསྡད། ཟ་མ་ཟོས་ཚར་རྗེས། ངས་སྒྲོལ་མ་དང་མཉམ་དུ་སྒྲོལ་མ་འདོན་འགོ་བརྩམས།
སྒྲོལ་མ་ཞབས་བྲོ་འཁྲབ་རྒྱུར་ཧ་ཅང་དགའ། དེ་ངས་ཤེས་ཡོད། འོན་ཀྱང་ཅི་འདྲ་ཞིག་འཁྲབ་མིན་མི་ཤེས། དེའི་རྗེས་ཀྱི་ཏག་ཏག་སྐར་ཚོགས་ཀྱིས་རུབ་པའི་དགོང་མོ་དེ་ལ། ང་དང་སྒྲོལ་མ། ད་དུང་མོའི་གྲོགས་མོ་འགའ་ཞིག་བཅས་ཆང་ཁང་དུ་སོང་བ་ཡིན། དགོང་མོར་དེར་ངས་ཆེས་ཐོག་མར་མོས་ཞབས་བྲོ་འཁྲབ་པ་མཐོང་བ་ཡིན། དགོང་མོ་དེར་ང་ལ་བཟི་ཁ་ཟུང་མའི་སྦྲུལ་ལྕེས་ཤི་མིན་རོ་མིན་ཞིག་ཏུ་བཟོས་སོང་། ཁོ་མོའི་འཇོ་སྒེག་གིས་བཟི་སོང་བའམ་ཆང་འཐུང་བས་བཟི་བ་གང་ཡིན་མ་ཤེས་པར་བྱ་རྨྱང་ཐེངས་ཤིག་དང་བཅས་ཏེ་གཉིད་ཀྱི་འགྲུལ་བཞུད་ཐེངས་གཅིག་ཏུ་གོམ་པ་སྤོས། ཕྱིར་གཉིད་ལས་སད་དུས་མཚན་གུང་གི་ཆུ་ཚོད་གསུམ་ཙམ་དུ་སླེབས་འདུག་པས། མགྲོན་ཁང་ཞིག་ཏུ་ཉལ་དུ་ཕྱིན་པ་ཡིན། མགྲོན་ཁང་ནས་ཅི་བྱས་སོང་བ་ཡིན་ཞེས་རང་གིས་རང་ལ་འདྲི་བ་ཞིག་དྲིས་མྱོང་ལ། ད་དུང་ཡང་འདྲི་བཞིན་ཡོད། མིན། ངེད་གཉིས་རུམ་བྱས་པ་བདེན། ཡིན་ཡང་ངས་ཅི་ཡང་བྱས་མྱོང་མེད། དེའང་བརྩེ་དུང་རྣལ་མ་ཞིག་དང་སེམས་པ་ལྷད་མེད་ཅིག་གི་སྔོན་འགྲོ་ཡིན། དོན་དུ་མོས་དེ་འདྲ་ཞིག་ཏུ་བསམ་ཡོད་མེད་མི་ཤེས།
དུས་ཚོད་ནི་ལྕགས་ལམ་དུ་འགྲོས་སྙོམས་སུ་སྐྱོད་པའི་མེ་འཁོར་ཞིག་གི་འགྲོས་རེད། དུང་ཕྲུག་རི་སྒང་གི་སྤང་ཐང་དེའང་བསམ་དབང་དྲན་དབང་མེད་པར་སེར་མདོག་གི་གཞིས་ཀ་ཆུང་ཆུང་ཞིག་ཏུ་གྱུར་སོང་། ད་ནི་སློབ་སྐབས་ཤིག་ལ་བཞི་ཤད་འཇོག་པར་ཐོན་སོང་། དགོང་མོ་དེར་མོས་ང་ལ་ཕ་ཡུལ་དུ་འགྲོ་རྒྱུའི་སྐོར་ནས་ཁ་བརྡ་ཨེན་ཙམ་གླེང་བྱུང་། དེ་ནི་ང་ལ་མཚོན་ན་གྲང་ཤུར་ཤུར་གྱི་གྲང་རླུང་ཞིག་ངའི་བྲང་ཁར་སྣུན་པ་དང་མཚུངས།
མཁའ་མཐའི་མཚམས་སྤྲིན་དང་གཤིབས་ནས་འོང་བའི་ཉི་ཟེར་དག་གིས་དབང་རིམ་གྱི་སྤྲིན་པ་གཤགས་ནས་དབྱིངས་སུ་འཕྲོས་པས་འཆར་ཀའི་མདངས་ཡོངས་སུ་དམར་པོར་གྱུར་འདུག སྐབས་དེར་ངས་མོ་རང་ལམ་འཇུག་བྱས་པ་ཡིན།
ཁྱེད་འགྲོ་ཁར་ང་ལ་སྐད་ཆ་མང་བོ་ཞིག་མེད། གཅིག་ཡོད་པ་ནི་ཁྱེད་ང་དང་བྲལ་རྗེས། ཡང་ན་ཁྱེད་ཀྱིས་ཕ་ཡུལ་ནས་ང་ལ་འབྲེལ་བ་མང་ཙམ་གནང་རོགས།
ཡ་ཡ་ ཁྱེད་སེམས་བདེ་མོ་བྱོས ད་ང་རང་བུད་འགྲོ
ཆེས་རྒྱུན་ལྡན་གྱི་སྐད་ཆ་དེས་ངའི་བྲང་སྙིང་གི་ཕྱེད་ཀ་ཡང་བསྐྱར་བརླན་གྱིས་བཟུང་སོང་།
དབྱར་གནང་མཇུག་སྒྲིལ་ལ་ཉེ་བྱུང་། སྒྲོལ་མ་ཞེས་པའི་བུ་མོ་དེས་ང་ལ་ཁ་པར་གཅིག་དང་ཐ་ན་འཕྲིན་ཐུང་ཞིག་གི་སེམས་ངལ་ཡང་བསུས་མ་བྱུང་བས་མོ་ལ་འཁོར་བའི་སེམས་ངོ་རུ་ཙག་ཤད་ཅིག་རྒྱབ་བྱུང་། མཚམས་རེར་འདི་ནི་མོའི་རང་གཤིས་ཤིག་ཡིན་པར་བསམ་བློ་བཏང་། ལན་རེར་འདི་ནི་མོས་ང་དང་སོ་སོར་གྱེས་པར་འདོད་པའི་བརྡ་ཡིག་ཅིག་ཡིན་པར་སྙམ། དུས་དེ་ལ་ངས་མཐུན་འགྲིག་གི་རྒྱ་སེ་མེ་ཏོག་འཁྱེར་མ་མྱོང་ཡང་མོ་ལ་འཁྲེང་བའི་སེམས་པ་དེ་རྒྱ་སེ་མེ་ཏོག་ལས་ཀྱང་དམར་པོ་ཡིན། ཟླ་བ་མེད་པའི་མཚན་མོ་དེའི་གླགས་དང་བསྟུན་ནས་མོས་ཡང་དམ་ཚིག་གི་ཐག་པ་བཅད་དེ་ང་ལ་དང་ལེན་བྱས་ཡོད། ད་ནི་འདི་འདྲའི་གནས་ཚུལ་ཞིག་འོང་རྒྱུ་ནི་སུ་ཞིག་གི་སེམས་སུ་དྲན་ཡོད་དམ།
དེ་ལྟར་ང་ནི་སྨག་གནག་པའི་དབྱར་གཞུང་གི་མཚན་མོའི་རྫི་བོ་ཞིག་དང་འདྲ་བར་ནམ་རྒྱུན་གཡའ་དག་པའི་སེམས་པ་དེ་རབ་རིབ་མག་མོག་ཅིག་ཏུ་གྱུར་སོང་།
དགོང་མོ་དེར་ང་རང་ཡང་བསྐྱར་རབ་རིབ་ཀྱི་མཚན་ལམ་འགྲིམས། གློ་བུར་དུ་ངའི་སློབ་མ་བསྟན་འཛིན་གྱིས།
དགེ་རྒན། ཁྱེད་ཀྱིས་སྒྲོལ་མ་ཨེ་བཏོན། ཞེས་ཟེར་མ་ཐག་ང་རང་གཉིད་ལས་སད་པ་ལྟར་གྱུར་སོང་།
2015.9.4
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།