གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཛེས་སྡུག་གི་བྲོས་བྱོལ་མ།

2017-06-24 13:45:03 པདྨ་ཆོས་སྒྲོན། ཀློག་གྲངས། མཆན ཡོད།


ཕྲག་་ཕྲག་་ཕྲག་་་  འཛིན་ཁང་གི་འཁྱམས་ར་ནས་གྲགས་འོངས་པའི་རྡོག་སྒྲ་དེ་ནི་བུད་མེད་དགེ་རྒན་ཆེ་གེ་མོས་རྟིང་ཀ་མཐོན་པོ་ཅན་གྱི་དཔེ་གསར་ཀོ་ལྷམ་་ཞིག་གྱོན་ནས་ཡོང་བཞིན་པའི་གོམ་སྟབས་རེད་མོད།    དེ་ནི་ལོ་ན་བརྒྱད་དགུ་ཙམ་ལས་སོན་མེད་པའི་བུ་མོ་ཞིག་ལ། མོ་གསར་གྱི་རྨི་ལམ་དང་འདོད་རྔམ་སྐྲུན་བྱེད་ཀྱི་རོལ་དབྱངས་ཐོག་མ་དེ་རེད།

ས་མ་འབྲོག་གི་བུ་མོ་ཞིག གྲོང་རྡལ་ཁུལ་གྱི་སློབ་གྲྭའི་སྒོ་ཐེམ་འགྲིམ་པའི་ཉི་མ་དང་བོ་དེར།  ཕྲག་་་ཕྲག་་་ སྒྲ་དེས་བསྐྲུན་པའི་རྨི་ལམ། རང་ཉིད་ཀྱང་མ་འོངས་པར་རྡོག་སྒྲ་དེ་ལ་བཞོན་པའི་མོ་གསར་ཆགས་འདོད་ཅིག་དང་། ཡང་ན། ལྷམ་གསར་བ་དེ་འདྲ་གྱོན་མཁན་གྱི་དགེ་རྒན་ཞིག་ཏུ་གྱུར་འདོད་པའི་སེམས། སེམས་འགྱུ་དེ་དེ་མ་ཐག་ཏུ་ཁོ་མོར་མི་དབང་བར་གྱུར།

དགུན་ཁར་མོའི་་ཕ་ཡུལ་ཧ་ཅང་འཁྱགས།  "ཀློའུ་ལྷམ་"གསར་བ་ཞིག་གྱོན་སྐལ་རག་པའང་ལྷ་རབ་ཡིན་མོད།  ཀློའུ་ལྷམ་གྱི་སྣ་མགོ་རལ་ནས་མཐེབ་ཆེན་ཕྱི་རུ་འཇུར་(མངོན་)འོངས་པ་མཐོང་ཐེངས་རེར།      ཁོ་མོ་"ཕྲག་སྒྲ་ཅན་"གྱི་མོ་གསར་ཆགས་འདོད་ཀྱི་རྨི་ལམ་དེར་རྨ་ཁ་ལྟ་བུའིསྡུག་བསྔལ་མི་ཆུང་ཞིག་བསྐྲུན་པ་ཉུང་ཉུང་མིན་ཨང་།

ལང་ཚོ་ལ་རེ་སྒུག་གི་ཉི་མ་དང་ཟླ་བའི་བར་ནས། འཛིན་གྲྭ་རིམ་གྱིས་འཕར་ཞིང་། རྐང་པ་ཡུན་གྱིས་ཆེར་ལོན།    མཛུབ་མོའི་སྲ་མཁྲེགས་ལ་གཞིགས་ན། ད་ནི་ཀློའུ་ལྷམ་གཡུགས་ནས་ཀོ་ལྷམ་རྟིང་ཀ་ཅན་ཞིག་གྱོན་ཚད་ལ་ཐུག  ཡིན་ནའང་་་་་ངའི་རྣ་རྩར་ཐོག་མར་གྲགས་འོང་བ་ནི་"ཕྲག་་ཕྲག་་ཕྲག་"ཟེར་བའི་རྡོག་སྒྲ་དང་། རྡོག་སྒྲ་དེས་བཞེངས་པའི་འཆར་ཡན་ཁོ་ན་ནི་མོའི་སློབ་ཆུང་གི་ཕྱིར་དྲན་ཁོ་ནར་གྱུར། 

སློབ་ཆུང་ནས་སློབ་འབྲིང་ལ་འགྲོ་མཁན་གྱི་སློབ་མ་ཞིག དེ་ནི་ལྕི་འདམ་ལ་གྱེས་གྲལ་ཕུལ་སྟངས་ཤིག  བཅིངས་གྲོལ་གྱི་ཀླད་རྩ་སྦྲིད་ཡོད་པའི་བུ་མོ་ཉུང་ངུ་ལས་མེད་པའི་གྲས་ཀྱི་སྐལ་ལྡན་མ་དེ་རེད། 

རེད་དེ། མོ་གསར་ཆགས་རྒྱུར་སེམས་ཁམས་ཙམ་མིན་པར་ཤ་གསེང་ནས་ཟ་འཕྲུག་སློང་བྱེད་ལྟ་བུ། གྲོང་ཁྱེར་གྱི་ཅ་དངོས་ནི་སྣ་ཚོགས་ཏེ།  དེ་དག་གིས་རང་སྟེང་ནས་ཆོ་འཕྲུལ་རེ་བསྟན་ཐེངས་རེར།  ཁོ་མོར་དགོས་པ་ནི། ཡང་ན་་་ཡིད་སྨོན་འཆོར་ས་ཇེ་མང་ནས་ཇེ་མང་དུ་འཕེལ། 

རང་ཉིད་བུ་མོ་ཞིག་སྟེ། ད་དུང་གནས་འགྲོ་མ་ཞིག་ཡིན་ངེས་ན། བུད་མེད་ནང་གི་དཔེ་གསར་མ་ཞིག་གི་བྱད་གཟུགས་དང་། ཆ་ལུགས་ཡོངས་སུ་བསྐྲུན་དགོས་པའི་སེམས་ཁམས་དེར། འོད་འཚེར་འཚེར་གྱི་རྨི་ལམ་གང་མང་ཞིག་མེད་པ་ནས་ཡོད་པར་གྱུར། བྱི་རུའི་སྐེ་རྒྱན་དང་། གསེར་གྱི་རྣ་ལུང་ཨ་ཕས་ཉོ་རྒྱུར་ཁས་ལེན་བྱས་ཡོད་ཀྱང་། ད་དུང་ཟུར་ཁུར་གོ་ཁུག གདོང་པར་སྐག་རྩི་དཀར་པོ། མཆུ་ཏོར་མཚལ་ཆེན་དམར་པོ། མཛུབ་མོར་སེན་རྩི་དམར་སྨུག མིག་སྤུ་བཟོ་བྱེད། སྨིན་མ་འབྲི་བྱེད།   སྐྲ་ལོ་ཕྲག་ཏུ་དཔྱང་རྒྱུ།  སྔར་ལས་མཐོ་བའི་རྟིང་ཀ་ཅན་གྱི་ལྷམ་སོགས་་་་་་་་་

མོ་རང་གི་ལོ་ཚོད་ལས་བརྒལ་བའི་ཡག་འདོད་ཀྱིས་སྤྲུམ་མར་གྱུར། འོད་ཀྱི་སྒང་བུ་འདྲ་བའི་ཡག་འདོད་ཀྱི་རྨི་ལམ་དང་བཅས་དམའ་འབྲིང་གི་རྒྱུགས་འབྲས་གསལ་བསྒྲགས་བྱུང་རྗེས།  མོ་དང་སློབ་གྲོགས་འགའ་གློག་བརྙན་ཁང་ཞིག་ཏུ་རྒྱ་གར་གྱི་གློག་བརྙན་ཞིག་ལ་བལྟ་རུ་སོང་། གློག་བརྙན་ནང་གི་འདྲེན་པ་དང་འདྲེན་མ། ལྡེམ་ལྕུག་གོམ་འགྲོས་ཀྱི་ཆ་བྱད་ཡོངས་དུ་རྫོགས་པའི་གར་མཁན་མ་དག་དང་བསྡུར་ན།   ཡུན་ནས་མཛེས་པའི་ཏོག་ཏུ་སྣང་བའི་ <ཐང་སིན་བླ་མའི་>ལྟད་མོའི་ནང་གི་འཕགས་མ་སྦྱན་རས་གཟིགས་མ་ནི་དེ་ག་ཙམ་རེད།

མཛེས་པ་ཁོ་ན་མིག་ལ་ཐོགས་པའི་བུ་མོ་ཡག་དགའ་མ་ཞིག རང་ཉིད་མ་མཛེས་པའི་སེམས་པ་སྡུག་ལ་གཏོད་མཁན་གྱི་ཞི་མོ་ལས་ངན་ཞིག་གིས།  དཀའ་ངལ་དེ་རྒྱ་གར་ཞེས་པའི་རྒྱུས་མེད་ཀྱི་རྒྱ་ཁམས་དེ་ནས་སེལ་བར་རེ་ཞིང་། མཛེས་སྡུག་གི་བྲོས་བྱོལ་བྱ་རྒྱུ་སེམས་ཐག་དེ་ནས་བཅད་པར་གྱུར་པའི་གླེན་མ་ཞིག ཕ་ས་ཕ་ཡུལ་དང་རིང་དུ་བྲལ། 

རོགས་པ་ཁ་ཤས་དང་ལྷན་དུ་བྲོས། བྲོས་འགྲོ་མཁན་ཚང་མར་མོ་བཞིན་སེམས་ནད་ལྕི་མོ་ཞིག་དང་། དམིགས་ཡུལ་ངེས་ཅན་རེ་ལོས་ཡོད་མོད། མཛེས་པ་ཁོ་ན་ཐོབ་རེ་ཡི་ཉེན་མཆོངས་བྱེད་མཁན་ནི་མོ་ཁོ་ན་རེད།

ཟླ་ངོ་ཁ་ཤས་རྗེས་སུ་མོ་ངོ་མ་ཅིག་ལ་སླེབས་སོང་། རྨི་ལམ་ཤི་ས། ལྷམ་གྱི་རྟིང་ཀ་ཆག་ས། བརྩེ་བའི་རྩ་བ་རུལ་ས། གནས་དེ་རུ་ཁོ་མོས་གཞན་སྟེང་ནས་རྙེད་པའི་རང་ཉིད་དེ་གློ་བུར་དུ་བོར་ཞིང་ རིམ་གྱིས་རྨེག་མེད་དུ་གྱུར། སླར་ཡང་ནམ་དུས་བཞིར་སྒྲིག་ཆས་སྔོ་སྐྱ་གྱོན་པའི་"སློབ་མ་"ཞེས་པར་གྱུར་ཅིང་། རང་ལས་གཞན་གཅེས་ཟེར་བའི་དགེ་རྒན་ཚོས། ཀ་ཁ་ག་ང། མགོ་ནས་མ་ཀློག་ན།  འབྲས་དང་ལྡ་ལི་མི་སྤྲོད་ཟེར་ཞིང་།   བཀའ་དྲིན་ལ་བསམ་ཤེས་མེད་ན། དམྱལ་བའི་སྒོ་ལྕགས་དེ་ཁྱོད་ལ་ཕྱེ་ཆོག་ཆོག་ཡོད་ཟེར་བས། སློབ་སྦྱོང་ཞེས། ཉིན་མཚན་དུས་དྲུག་ལ། ཤོག་བུའི་བར་དུ་སིམ་འཛུལ་བྱས་པའི་རང་ཉིད་དེ་ཤོག་འབུ་(book worm)རུ་གྱུར།

ཡང་སྐབས་དེ་དུས་གཞི་ནས་མཛེས་སྡུག་གི་རྨི་ལམ་ནི་སྟོང་སེམས་ཡིན་པ་ར་འཕྲོད་པ་དང་སྦྲགས། མ་སྨིན་པའི་ལང་ཚོའི་རྨི་ལམ་དེ་འཆི་ལམ་དུ་བཞུད་རྗེས།   གཞན་ཕན་ཞེས་པའི་སློབ་གསོའི་ཁྲག་རྒྱུན་ཞིག་རང་ཉིད་ཀྱི་ཤ་གསེང་རུས་གསེང་དུ་ཐིམ་འགོ་ཚུགས་ཤིང་། གཞན་ཕན་ཁོ་ན་བདེ་སྐྱིད་ཀྱི་གཞི་མ་དང་། མི་ཚེ་ཡི་མདུན་ལམ་ཡིན་སྣང་འཆར། 

སྤིར་སུ་ཇ་སློབ་གྲྭ་ཐོན་རྗེས། ཡོངས་གྲགས་སུ་ཚ་དམྱལ་དུ་འབོད་པའི་ཝཱ་ཎ་མཐོ་སློབ་ལ་ཕྱིན། གནས་དེ་རུ་སེམས་དང་སེམས་བྱུང་། མཚན་ཉིད་རིག་པ་ནི་རླུང་ཡན་བཞིན་ཁོ་མོའི་ཡིད་དབང་དུ་སིམ་ཞིང་།  ད་དུང་སྟོང་ཉིད་དང་བདག་མེད། མི་རྟག་པ་སོགས།  ཐོས་བསམ་བྱེད་བཞིན་བུད་མེད་ཅིག་ཡིན་པའི་རང་ཉིད་ནི་སྔོན་གྱི་རྣམ་སྨིན་ཞིག་་དང་། མི་གཙང་བའི་རང་བཞིན་ཡིན་སྣང་སྐྱེས་པ་ནས། རིམ་གྱིས་རང་ཉིད་ཀྱི་འགུལ་སྐྱོད་ཚང་མ་སྡིག་ཉེས་ཤིག་དང་། མི་སྡུག་པ་ཞིག་ཏུ་མཐོང་པར་གྱུར།    ཆད་མཐའི་སེམས་ངོ་དེ་རུ་དར་ལ་བབས་པའི་ལང་ཚོ་ནི་བརྗེད་ཟས་བརྗེད་ཆུ་ཙམ་ལས་མ་འདས།

ཝཱ་ཎའི་བུ་མོའི་ཉལ་ཁང་གི་མིང་བྱང་ལ་༼   སྒྱུ་མ་ལྷ་མཛེས་༽ དང་།  དེ་ནི་ཤཱཀྱ་ཐུབ་པའི་ཡུམ་གྱི་མཚན་རེད་ཅེས་རང་སེམས་གསོ་སྤྱད་བྱས་ན་མ་གཏོགས། ཚིག་ངོས་རང་གི་གོ་བ་འགྲེལ་ན། བུད་མེད་ལ་དེ་ལས་ལྷག་པའི་མཐོང་ཆུང་ཞིག་ཡོད་མི་སྲིད་ཀྱང་།  ཉལ་ཁང་དེའི་མཁའ་དབུགས་དང་ལྷན་དུ། ཁོ་མོས་ཀྱང་དྲང་སྲུང་རྒན་པོ་བཞིན། མཛེས་སྡུག་དང་སྒྱུ་རྩལ་གྱི་རོལ་མྱོང་ནི་ལོག་རྟོག་ཡིན་པ་སྒྲུབ་གང་ཐུབ་དང་། ཟས་ངན་ངོན་དང་གོས་རལ་བ་ཞེས་མངོན་ཆུང་བཅོས་མ་ཞིག་ནི་མོའི་མཐོ་སློབ་ཀྱི་འཚོ་བ་དང་མི་ཚེ་ཡི་ལེའུ་གལ་ཆེན་ཞིག   ལོ་ངོ་བདུན་དེ་ལྟར་རྫོགས། 

ཡིན་ན་ཡང་། མཐོ་སློབ་ཐོན་རྗེས། མཆོད་བཤམས་སུ་བཞེངས་མཁན་མེད་ཅིང་།  གཟིམ་ཆུང་གང་གི་སྦུག་ནས་ཟ་ཆོག་ཆོག་ཅིག་མེད་པར།   ཆ་རྐྱེན་ཅན་གྱི་སྤྱི་ཚོགས་ཤིག་གི་གདོང་ཐུག་འོག ཁོ་མོས་ཅིག་ཤེས་པའམ།  ཡང་ན་ཁོ་མོར་དྲག་སྐྱེད་མེད་པའི་ན་ཚ་གསར་བ་ཞིག་འགོས་པ་ནི།   བུད་མེད་ནི་རྒྱུ་ཆེན་ལ་ཉོ་རྒྱུ་མེད་པ། ངོ་ཆེན་ལ་ལག་རྟགས་མིན་པ། གཞན་ངོ་སྲུང་ཐུབ་ཚེ་རང་ཉིད་ལ་སྐྱིད་པའི་མི་ཚེ་ཞིག་ཡོད་པར་འདོད་པའི་འདུ་ཤེས་དེར་ནོར་རྟགས་འཐེན་པ་དེ་རེད།  

དུས་དེ་ནས་རང་ཉིད་དོན་གྱིས་བུད་མེད་མཛེས་མ་ཞིག་ཏུ་ཇི་ལྟར་འཁྱོངས་མིན་ལ་མནོ་བསམ་བཏང་ཞིང་། རང་ཉིད་ལ་རང་ཉིད་དངོས་མ་ཞིག་ཡོད་དགོས་པའི་རྨི་ལམ་ཞིག་མཇུག་ལྡོག་གིས་རྨིས་ཤིང་། རང་གི་དགའ་ཕྱོགས་ལྟར་བྱེད་འདོད་པའི་རང་ཉིད་ཅིག་ཨུ་ཚུགས་ཀྱིས་ལས་བཞིན་པ་ནི་དེ་རིང་གི་མོ་རང་ཡིན།  

མོ་ནི་ཁྱིམ་ཚང་ཞིག་གི་བདག་མོ་དང་།  གཅེས་ཕྲུག་གཉིས་ཀྱི་ཨ་མ་ཡིན། རྒད་པོ་ལངས་ཤོར་དེའི་གཉའ་ལ་དཀོན་ཅོག་གིས་བསམ་བཞིན་སྐྱོན་པའི་གཉའ་ཤིང་དེ་མིན་པ་ལས། གཞན་ཚང་མ་ཡིན། ང་ནི་སྒྱུ་མ་ལྷ་མཛེས་ལས་བཅིངས་གྲོལ་ཐོབ་པའི----སྐྱེ་དགུའི་བདག་མོ་ཡིན་་་་་་

དེ་ནི་སློབ་ཆེན་ཐོན་ནས་ལོ་གཅིག་འགོར་བའི་རྗེས་ཀྱི་ཉིན་ཞིག་རེད། མོས་ལས་ཁུངས་སུ་འགྲོ་བྱེད་ཀྱི་ཟུར་ཁུར་ཀོ་ཁུག་སྟབས་བདེ་ཞིག་ཉོས་ཤིང་། ཕྱུ་བ་ཚོན་ཁྲ་ཅན་དང་།  རྣ་ལུང་ཆེ་ཆུང་གང་མང་ཞིག་བཏགས་སྟེ་ལས་ཁུངས་ཞེས་པ་རུ་སོང་ཞིང་། ལས་ཁུངས་ཀྱི་ལས་ཀ་བྱེད་རྒྱུ་ནི་དཀའ་ངལ་ཆེ་བ་ཞིག་ག་ལ་ཡིན། འོན་ཀྱང་། བུད་མེད་ཞིག་གི་བྱད་གཟུགས་དོད་རྒྱུ་ནི་ཁོ་མོ་ལྟ་བུས་རྒྱུན་འཁྱོངས་ནུས་པའི་ལས་ཀ་ཞིག་གཏན་ནས་མ་རེད།  ཐ་ན། བརྒྱ་སྡེ་ཁྲོམ་གཞུང་ནས་བྲང་གི་འོ་མ་ལུད་པ་དང་། དེ་ཉིད་བདག་གཅེས་གང་ཡག་ཅིག་བྱ་རྒྱུ་ཙམ་ཡང་ལས་སླ་བོ་གཏན་ནས་མ་རེད།  ཁྱིམ་ཚང་དང་ལས་ཁུངས་བར་ནས་གོམ་པ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་སོང་བ་དང་མ་ཟད།   རིམ་གྱིས་གློག་ཀླད་ངོས་ཀྱི་ཡིག་འབྲུ་ཚུན་ཆད་ཕྲུ་གུའི་ངུ་སྐད་ལ་འཁྲུལ་འོངས་ན། ཁེད་དེ་ཙམ་ཞིག་ནས། ཕྲག་གི་ཀོ་ཁུག་ཀྱང་ཡང་ཁྱིམ་ཕུག་ནས་ལུས་མགོ་ཚུགས་ཤིང་། ཟབ་སྦྱོང་ཁག་ནས་རིན་མེད་དུ་རག་པའི་ལག་ཁུག་དེ་དག་ནི་ངའི་ལས་ཁུངས་ཀྱི་ལག་ཁུག་དང་། ཚོན་མ་ཉོ་བྱེད་གཅིག་ལྕོགས་ཏུ་གྱུར།

དེ་ལྟ་མོད།  ཟླ་དགུར་ངལ་དུབ་ངང་ཁུར་བའི་མངལ་གྱི་ཕྲུ་གུ་བཙས་རྗེས་ཀྱི་བུད་མེད་ཀྱི་སེམས་ངོའམ། གོམ་ཁ་ཡང་མོ་ཡང་མོ་དེ་དང་བསྟུན་ནས། ཚོར་བ་བསོ་མོ་བསོ་མོ་ཞིག་བྱུང་བ་མོལ། རང་ལ་ཏག་ཏག་བྱས་པའི་གོན་པ་ཅི་རིགས་ཤིག་གསར་དུ་ཉོ་འདོད་དང་། ཟ་མ་ཆོག་པའི་ཟས་རིགས་གང་མང་ཞིག་ཟ་འདོད་སྐྱེས་པ། ཚད་བཀག་དང་དཀའ་ངལ་ལས་གྲོལ་བའི་སེམས་ཁམས་དེར་་་་་རང་ཉིད་ཆིག་རྐྱང་བ་ཞིག སྔར་གྱི་རང་ཉིད་རྙིང་བ་ཞིག  མོ་གསར་གྱི་དབྱིངས་ཤིག་ཐོལ་གྱི་འཕར་འགྲོ་བའི་སྐབས་དེ་ཡས་མས་སུ། ང་དང་ངའི་སེམས་ངོར་བདག་གཅེས་གནང་མཁན། འཛམ་གླིང་ཤར་ནུབ་ཀྱི་གྲོགས་མོ་ཚོས་མོ་ལ་སྐུར་བའི་ཟུར་ཁུག་གོང་ཆེན་དང་། སྐག་རྩི་རྩ་ཆེན།  དཔེ་གསར་ལྷམ་མགོ་སོགས་གྱོན་ནས། བྱུགས་ནས། བཏེགས་ནས། སླར་ཡང་ལས་ཁུངས་སུ་སོང་བའི་ཉིན་དང་བོ་ནི། ཅི་འདྲའི་བརྗེད་ཐུབ་བྲལ་བའི་དགའ་སྣང་ཞིག་ཡིན་ཨང་།    འོན་ཀྱང་། རིམ་གྱི་མེ་ལོང་ནང་གི་རང་ཉིད་དེ་རྒས་བཞིན་པ་དང་། འདོགས་ཆ་དེ་དག་མ་གཞི་ནས་ཁོ་མོར་བཙན་དྲགས་པའི་ཚོར་སྣང་ཞིག་དུས་ནས་དུས་སུ།  གློ་བུར་གློ་བུར་དུ་སྐྱེས་འོང་བ་ནི། བཟློག་ཏུ་མེད་པའི་མནར་གཅོད་འཕར་མ་ཞིག་ཅི་ལ་མིན། 

ལྷག་པར་ཉིན་དེའི་ཞོགས་པར། མོའི་བུ་ཆུང་ལོ་བཞི་ཅན་པོས།    ཨ་མ་་་ཁྱོས་ཨ་ཕའི་ནང་འཇམ་གྱོན་འདུག་ཟེར་ནས་འཕྱ་དམོད་ལྟ་བུ་གད་མོ་ཤོར་པ་ན།  ཞི་ལི་་་་་ཨ་མ་ད་རྒས་སོང་ཟིག་ཅེས་ཁོ་མོས་ནང་གཏམ་འདི་སེམས་སུ་བཤད།

རེད་ཡ་་་་་ད་ཆ་ཁོ་མོས་ཁོ་རང་གི་ཡངས་ཆ་ཡངས་ཁོད་ཅན་གྱི་ནང་འཇམ་དང་དོར་མ་སོགས་ལག་ཏུ་གང་ཐེབས་ཁག་གྱོན་རྒྱུ་དགའ་བར་གྱུར།  བདེ་བོ་ནི་རང་དབང་ཡིན་པའི་སྣང་བ་དེའང་ཆེ་ཆེར་རྒྱས་པའི་སྐབས་འདིར། ལས་ཁུངས་ལ་གོན་དགོས་པའི་ལྷ་སའི་ཕྱུ་བས།    གྲོད་ཁོག་བསྡམས་ཐོག རང་ཉིད་ཀྱི་མི་སྡུག་པ་ཡོད་ཚད་ཁྲོམ་དཀྱིལ་དུ་སྟོན་བྱེད་ལྟ་བུ་འདི་ནི།  སྐབས་རེར་ཡག་དགའི་བག་ཆགས་ཀྱི་གཡའ་རྩི་ཙམ་ད་དུང་ཡང་གཏིང་རིམ་དུ་ལུས་པའི་ང་ལ་གནམ་གྱིས་གནང་བའི་ཉེས་ཆད་ཅིག་ལོས་ཡིན་འདོད།

ཡིན་ནའང་། ཡང་ཡང་ཡག་འདོད་པའམ། རྒས་མི་འདོད་པའི་སེམས་རྒྱུད་ཅིག་གི་དབང་གིས།  ཉེ་ལམ་ཞིག་ལ།  ངས་ནུ་ཤུབས་གོང་ཆེན་(Rs 999)ཞིག་བསམ་གཟོས་ནས་ཉོས་པ་ཡིན། ཉིན་དེ་ནས་ངའི་རྒད་པོས་ངའི་མིང་འདོགས་ལ་༩༩༩་མ་ཞེས་བཏགས་ནས་འབོད་མགོ་ཚུགས་པ་མ་ཟད།   ཁྱོས་ནུ་ཤུབས་གོང་ཅན་དེ་འདྲ་སུ་ལ་སྟོན་ཆེད་ཡིན་ཟེར། ནུ་ཤུབས་དེ་སུ་གང་གིས་མ་མཐོང་ཡང་ཆོག་མོད།           

         དེ་ནི་མཛེས་སྡུག་གི་བྲོས་བྱོལ་མ་ཞིག་གིས། ཕྱིར་དྲན་ལ་མཐའ་མའི་སྐྱེལ་མ་བྱེད་སྟངས་ཤིག་ཏུ་བརྩི་ཆོག་པར་ཞུ།

                                        ཕྱི་ལ་༢༠༡༧ ཟླ༦ཚེས༡༦ ལ།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།