གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་གཅིག་གི་གྱེས་པ།

2017-10-01 15:48:15 རྩེ་སྟོད་འགྱུར་མེད་རྒྱ་མཚོ།(རྨ་ལྷོ) ཀློག་གྲངས། མཆན ཡོད།

 

དབྱར་ཟླ་དྲུག་པའི་ཉིན་ཞིག་ལ་ཉི་འོད་སྔར་བཞིན་འཛིན་མའི་ཁྱོན་ཡོངས་ལ་ཁེབས་ཤིང་མིག་ལ་འཚེར་བའི་ཉི་ཐིག་ཕྲ་མོས་བསོད་རྒྱལ་ཚང་གི་སློབ་གྲོགས་ཟླ་བ་ལ་ཡང་ཡང་གཙེས་ནའང་། ཁོས་དེ་ལ་སྣང་འཇོག་མ་བྱས་པར་འགྱིང་ཉམས་ཀྱིས་འོད་སྣང་ལ་ཁ་གཏད་ནས་ཨུ་ཚུགས་ཀྱིས་ཡུན་རིང་བསྡད་པ་ན།སློབ་མ་མང་པོ་ཞིག་གིས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཁོའི་མདུན་ནས་ཕར་འགྲོ་ཚུར་ཡོང་གིས་རྒྱུན་མི་ཆད་མོད། ཁོས་ད་གཟོད་སློབ་ཁྲིད་འཚོགས་ཡོད་བསམ་ནས་དེ་མ་ཐག་དངངས་སྐྲག་ཅིག་དང་མཉམ་དུ་སློབ་ཁང་གི་ཕྱོགས་སུ་བརྒྱུགས་སོང་པ་རེད། ཁོ་ལ་མཚོན་ན་སློབ་ཁྲིད་ནི་ངལ་གསོ་ཙམ་ཞིག་དང་དགེ་རྒན་ནི་ཆེས་སྤྱིར་བཏང་གི་མི་ཞིག་ཏུ་ངོས་འཛིན་པས་དགེ་སློབ་ཀྱི་བར་ལ་བརྩི་བཀུར་ཟེར་བ་དང་མཐོ་དམའ་ཟེར་བ་ནི་ཆེས་རྒྱང་ཐག་རིང་བའི་ཧེ་བག་ཅིག་གོ།

ཁོ་རང་དངངས་སྐྲག་སྐྱེ་དོན་ནི་རང་གི་ཡུལ་ན་ལུས་པའི་ཕ་མ་དང་དེའི་བཅངས་པའི་རེ་བཞག་གི་འདུན་མ་དང་ནམ་རྒྱུན་ཁ་ཏ་སློབ་གསོ་ལས་འཕྲོས་པའི་ཞལ་གསུང་དྲོན་མོ་དེ་ཡིན་ལ།ཞལ་གསུང་དྲན་ཐེངས་རེ་ལ་དབང་མེད་དུ་རང་གི་འགྲོ་འདུག་ལ་སེམས་ཞིབ་མོས་མཉམ་འཇོག་ཅིག་བྱེད་སྲིད། འོན་ཀྱང་ཁོར་མཚོན་ན་ཕ་མས་བཀའ་ལ་ལྡོག་མ་ཕོད་པར་སློབ་གྲྭར་ཡོང་བ་ཡིན་ལ་ཉིན་རྒྱུན་གྱི་སློབ་ཁྲིད་ལ་ཞུགས་ཀྱང་རྟག་བརྟན་དབེན་པའི་རྒྱ་ཡན་གྱི་སེམས་པ་ནི་རྟ་རྒོད་མཐུར་ལས་ཤོར་བ་ལྟར་རྣམ་གཡེང་གི་དབང་གིས་ཕྱི་རོལ་གྱི་ཡུལ་ལྗོངས་ལས་འཕྲོས་ཏེ་ཁྱིམ་ཚང་གི་ཕྱོགས་ལ་སླེབས་འགྲོ་བ་རེད། འདི་ལྟར་སློབ་གྲྭའི་ཉི་མ་རེ་རེ་ནི་ཁོར་མཚོན་ན་སྒྲིག་ལམ་དང་གནོན་ཤུགས་ཀྱིས་བཙིར་ཡོང་བའི་ཨ་ཐང་ཆད་པའི་ལས་ཞིག་ཡིན་ལ་ཉི་མ་འཁྱོལ་དཀའ་བའི་ལོ་ཟླ་གྲངས་མེད་ཅིག་ཅི་ལ་མིན་ཨང་།

ཁོ་ནི་སློབ་གྲྭར་འགྲིམ་པར་མི་དགའ་ཞིང་ཡུལ་ནས་ཕ་མ་གཉིས་དང་མཉམ་དུ་འདུག་ཐུབ་ན་དེ་ནི་ཆེས་སུན་སྣང་མེད་ཅིང་རང་དབང་གི་སྣང་བ་བཟུང་ཆོག་པའི་མི་ཡུལ་གྱི་སྤྲོ་སྐྱིད་ཅིག་ཏུ་བསམ་ཡོད།ཉིན་དེའི་སློབ་ཁྲིད་ནི་འཛིན་བདག་དོན་གྲུབ་ཡིན་མོད།སློབ་གྲོགས་ཟླ་བ་ལ་མཚོན་ན་འཛིན་བདག་ཡིན་ན་གུས་ཞབས་བྱ་རྒྱུ་དང་སྐྲག་སྣང་གི་ཚོར་བ་འབྱུང་རྒྱུ་ཟེར་བ་ནི་དགོད་བྲོ་བའི་གནས་ཤིག་ཏུ་ཟད། འོན་ཏེ་ཁོ་ལ་གཞན་དང་མི་མཚུངས་པའི་རང་གཤིས་གྱོང་བོ་ཞིག་ཡོད་པ་ནི་གྲོགས་པོ་གཞན་ཚོས་ཁོ་ལ་སློབ་གྲྭ་དང་དགེ་རྒན་གྱི་ཕྱོགས་ནས་གླེང་གཞི་རེ་བཙལ་ཡོང་ཚེ་ཁོས་སྨྲ་བ་བསྡམས་ནས་ཅི་ཡང་མི་བཤད་པ་རེད།རྒྱུ་མཚན་ཅི་ཡིན་ཆ་མ་འཚལ་མོད།སློབ་གྲྭ་དང་དགེ་རྒན་གྱིས་ཁོའི་སེམས་ལ་བསྲན་དུ་མེད་པའི་རྨ་ཁ་ཞིག་བཞག་ཡོད་པ་དང་ཅི་འདྲའི་མཚུངས་ཨང་། དགེ་རྒན་དོན་གྲུབ་ནམ་རྒྱུན་གྱི་ཁྲིད་སྟེགས་ཟད་པོ་དེའི་སྟེང་ཡོང་སྟེ་སློབ་མ་ཚོ་ལ་ངར་ཤུགས་ཆེན་པོས་སློབ་སྦྱོང་དང་སྒྲིག་ལམ་གྱི་སྐོར་ནས་ནན་མོ་བྱས་ཏེ་སྤ་བཀོང་བར་བྱེད་སྲིད། ལྷག་པར་དུ་སློབ་སྦྱོང་གི་རྒྱུགས་འབྲས་ཞན་པ་དང་སྒྲིག་ལམ་མི་བརྩི་མཁན་ནི་ཁོའི་སེམས་ཀྱི་ཚེར་མ་ལྟ་བུར་སྣང་ལ་ནམ་རྒྱུན་གཟའ་འཁོར་གཅིག་རིང་གི་འཛིན་གྲྭའི་འཚོགས་འདུ་ཆེ་ཆུང་གང་ལའང་སྤྱི་སྡོམ་བྱེད་དུས་སློབ་གྲོགས་ཟླ་བ་ནི་བརྗོད་གཞི་ལས་འདའ་ཐབས་མེད་པའོ།།

གལ་ཏེ་སློབ་གྲོགས་སུ་ཞིག་སློབ་གྲྭའི་སྒྲིག་ལམ་ལ་འགལ་བ་དང་འཛིན་གྲྭའི་སྐྱོར་དཔོན་ལ་མི་འཐད་པའི་རྣམ་འགྱུར་ཙམ་བསྟན་ཚེ།དགེ་རྒན་དོན་གྲུབ་ཀྱིས་དེ་མུར་དེ་ནི་ཁོ་མིག་ནང་དུ་མ་བཞག་པ་དང་ཁོ་ལ་རྒྱབ་འགལ་བྱས་པ་དང་གཉིས་སུ་མེད་ཅེས་ཡང་ཡང་ཟློ་མྱོང་།འོན་ཏེ་སློབ་གྲོགས་ཟླ་བ་ལ་མཚོན་ན་དགེ་རྒན་དོན་གྲུབ་ཀྱི་སྐད་ཆ་རེ་རེ་ནི་སྤྱང་ཀིའི་རྣ་བར་ཆོས་བཤད་དུ་འགྱུར་སྲིད།
དོན་དུ་སློབ་མ་ཟླ་བ་སློབ་གྲྭར་སོང་བ་ནི་དོན་མེད་མི་ཚེ་འཕྲོ་བརླག་དང་ཕ་མའི་རྔུལ་ཆུ་ས་ལ་བསྲེས་པ་དང་སྒོར་མོ་ཆུད་ཟོས་སུ་བཏང་བ་ལས་མ་འདས་མོད།འོན་ཏེ་ཕ་མ་གཉིས་དྲན་ཐེངས་རེ་ལ་ཁོས་རང་གི་བྱས་ཉེས་དག་ངོས་ཟིན་པར་ཡོད་ལ་རང་གི་སློབ་གྲྭའི་ཉིན་རྒྱུན་གྱི་སྤྱོད་ལམ་དག་གློ་བུར་དུ་འདང་རེ་བརྒྱབ་པ་ན་ཁོའི་སེམས་ལ་མདུང་གིས་བསྣུན་པ་བཞིན་གདུང་བ་དྲག་པོ་ཞིག་གིས་མནར་མེད་དུ་བཏང་བྱུང་ངོ་།།

ཉིན་ཞིག་ལ་དགེ་རྒན་དོན་གྲུབ་ཀྱིས་སློབ་ཁྲིད་བྱེད་བཞིན་པའི་སྐབས་སུ།གློ་བུར་དུ་སློབ་མ་ཟླ་བའི་ཁྱིམ་བདག་སློབ་ཁང་ནང་དུ་ཡོང་ནས༼  ཞི་ལུ་སང་ཉིན་ཨ་ཕ་དང་ཨ་མ་ངེད་གཉིས་མཇལ་སྐོར་ལ་འགྲོ་རྒྱུ་ཡིན།དེ་རིང་རྫོང་ལ་ཡོང་ཞོར་དུ་ཁྱོད་བྲོ་ཁ་ཞིག་ཁྱེར་ཡོང་ཡོད།འདི་རང་གིས་ཟོས།ཁྱོད་ད་སྒོར་མོ་འདྲ་ཨེ་དགོས ༽ཞེས་བཤད་རྗེས།

འཛིན་བདག་དོན་གྲུབ་ཀྱིས་དེ་མ་ཐག༼   ཨ་རོ་ཨ་ཁུ།སྒོའང་མི་རྡུང་བར་ངས་འདི་ན་སློབ་ཁྲིད་བྱེད་བཞིན་པ་མི་མཐོང་ངམ། སློབ་ཁྲིད་སྐབས་སུ་སློབ་ཁང་ནང་ལ་འདི་ཡིས་ཡོང་ཉན་ནི་མ་རེད་ཡ། ཁྱོས་དུ་ར་མི་ཤེས་ནས། རང་གི་ཞི་ལུ་དེ་འདྲའི་ཤ་ཚ་ན་རང་གིས་ཁྲིད་དེ་ཡུལ་ལ་སོང་། ཁྱེད་ཀི་ཞི་ལུ་འདིའི་སློབ་སྦྱོང་གི་གནས་ཚུལ་ཁོ་རང་ཉིད་ཀྱིས་ཤེས་ནི་རེད།ད་རང་གཉིས་ཀ་ཕྱིར་ར་སོང་། ༽ཞེས་ཁོང་ཁྲོ་དང་བཅས་བཤད་རྗེས།འཛིན་གྲྭའི་ནང་གློ་བུར་དལ་ཅག་གེར་སོང་ཞིང་སློབ་གྲོགས་ཚོས་མིག་རིག་རིག་གིས་དགེ་རྒན་དང་ཁྱིམ་བདག་གི་གདོང་ལ་བལྟ་བ་དང་ཁ་ཕྱིར་འཁོར་ནས་སློབ་གྲོགས་ཟླ་བའི་གདོང་ལ་ཡང་ཡང་བལྟས་ཏེ་འཕྱ་དགོད་ཀྱི་རྣམ་འགྱུར་ཞིག་ངང་ངམ་ཤུགས་ཀྱིས་བསྟན་བྱུང་།

སློབ་མ་ཟླ་བས་དགེ་རྒན་གྱི་སྐད་ཆ་འདི་ཐོས་མ་ཐག་ཁོང་ཁྲོ་དང་ཚ་བེར་བེར་གྱི་ངང་དུ་ལུས་ནས་མགོ་མར་བསྒུར་ནས་གདོང་དམར་པོར་གྱུར་ཏེ་བསྡད་པ་ན།སློབ་གྲོགས་ཟླ་བའི་ཁྱིམ་བདག་གིས་དགེ་རྒན་ལ༼  དོན་ངོ་མས་ཞི་ལུས་ཅི་བྱས་སོང་།དགེ་རྒན་ཁྱོད་ཕོག་ཐུག་འདྲ་བཟོས་བཏང་ནི་མིན་ན།༽ཞེས་འདྲི་བར་བརྩམ་པ་ན་དགེ་རྒན་དོན་གྲུབ་ཀྱིས་ཅི་མི་སྙམ་པར་༼ངའི་སློབ་ཁྲིད་ལ་བར་ཆད་མ་བྱེད་། ད་མར་སྒོར་སོང་།ངས་སློབ་ཁྲིད་བྱེད་དགོས།ཟླ་བ་རང་ཉིད་ཀྱང་ཨ་ཕ་འགྲོགས་ཏེ་ཡུལ་ལ་སོང་།༽ ཞེས་སྒོ་རྒྱག་གྲབས་བྱས་ཏེ་བཙན་ཤུགས་ཀྱིས་བརྗོད་བྱུང་།

ཟླ་བ་ལ་མཚོན་ན་གཅིག་ནས་སློབ་གྲྭའི་ནང་འདུག་མི་འདོད་པ་དང་གཉིས་ནས་དགེ་རྒན་གྱི་སྟེང་ལ་ཁོང་ཁྲོ་ལངས་པ་བཅས་ཀྱིས་འདང་རྒྱག་སྤུ་ཙམ་ཡང་མེད་ཅིང་ཅི་མི་སྙམ་པར་སྒོ་ཐག་སེ་བརྒྱབ་ནས་སློབ་ཁང་ལས་ཕྱིར་བུད་སོང་།

ཟླ་བ་ལ་མཚོན་ན་དེ་རིང་གི་མཇུག་མཐའི་གྱེས་པ་འདི་གཅིག་ནས་དགའ་བ་དང་གཉིས་ནས་སྡུག་བསྔལ་ཞིག་ཅི་ལ་མིན། ཁོ་རང་དགའ་བ་ནི་འཛིན་བདག་གིས་ཡུལ་ལ་འགྲོ་རུ་བཅུག་པ་དང་ཁོ་རང་སྐྱོ་བ་ནི་ཕ་མ་གཉིས་ལ་དེ་ལས་ལྷག་པའི་སེམས་ཀྱི་ཁུར་བོ་ལྕི་མོ་ཞིག་བསྣན་བྱུང་པ་དེའོ།།

ཁོང་གཉིས་སོང་རྗེས་དགེ་རྒན་དོན་གྲུབ་ཀྱིས་འཛིན་གྲྭའི་ནང་ལ་ཚོགས་གཏམ་ཞིག་བཏང་བྱུང་སྟེ༼  ཁྱི་སྐྱག་གན་གཉིས་ཀྱིས་དེ་རིང་གི་ངའི་སློབ་ཁྲིད་བརླགས་བྱུང་། ད་སློབ་ཁྲིད་བྱེད་རྒྱུའི་སེམས་མེད་ཀི ཁྱེད་ཚོས་རྗེས་ཕྱོགས་རང་རང་གི་ཁྱིམ་བདག་ལ་གསལ་བོར་ཤོད། གང་འདོད་འདོད་ཀྱིས་སློབ་ཁང་ནང་ཡོང་མི་ཆོག ༽ཅེས་བཤད་པ་དང་མཉམ་དུ་སློབ་ཁྲིད་གྲོལ་བརྡའི་ཅུང་བརྡའང་སིལ་སིལ་དུ་གྲགས་བྱུང་ངོ་།

སློབ་མ་ཚོས་མགོ་ནང་དུ་ཡང་ཡང་བཀུག་ནས་དགེ་རྒན་ལགས་སོ་ཞེས་བཤད་བྱུང་པ་རེད།འདི་ལྟར་ཕ་བུ་གཉིས་ཀྱིས་མཇུག་མཐའི་སྐྱེལ་མ་ལྟ་བུའི་བྲོ་བ་འདི་མྱངས་ནས་སློབ་གྲྭའི་སྒོ་ཆེན་ལས་ཕྱིར་བུད་དེ་རྒྱ་སྲང་དུ་བུད་སོང་། དེ་ནས་ཕ་བུ་གཉིས་ཟ་ཁང་ཞིག་གི་ནང་དུ་སོང་ནས་ཟ་མ་ཟ་ཞོར་ཞི་ལུས་རང་གི་ད་ལྟ་ལ་ཐུག་གི་བར་དུ་སློབ་གྲྭའི་ནང་ནས་ཇི་ལྟར་བསྡད་ཚུལ་དང་རང་གི་དམིགས་བྱ་དངོས་སོགས་ཁ་གསལ་གོ་བདེའི་སྒོ་ནས་ཨ་ཕ་ལ་ཆ་ཚང་བཤད་རྗེས།ཨ་ཕར་དེ་མ་ཐག་ཞི་ལུའི་སྐད་ཆ་དག་གིས་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྦྱིན་ནས༼   ངས་ཁྱོད་འདི་འདྲ་ཞིག་ཡིན་མ་འདོད། བྱུང་ཡིན་ན་སློབ་གྲྭ་སོང་ནས་ཡི་གེ་གཅིག་ཤེས་ནའང་རྗེས་ཕྱོགས་ཁྱོད་གཞན་ལ་བརྟེན་དགོས་ནི་མ་རེད། ད་སྐབས་ཡི་གེ་མ་ཤེས་ན་ཨ་ཕ་ལྟ་བུ་རེད།ངས་མ་མཐའ་རང་གི་མིང་འང་དག་མོ་ཞིག་འབྲི་མི་ཤེས་ཀི ས་ཆ་ཡར་མར་ཞིག་ལ་འགྲོ་ན་ར་གཞན་དག་དག་ལ་དྲིས་ནས་འགྲོ་དགོས་ཀི དོན་ངོ་མ་བཤད་ན་ང་ཟོག་ཨ་ན་མ་ན་ཡིན་ནི་རེད། ཁྱོད་དེ་འདྲ་མ་རེད་མོ། ལོ་ཆུང་གི་སྐབས་ལ་ཡི་གེ་སློབ་བདེ་ནི་རེད།ད་ཁྱོད་སློབ་གྲྭ་འགྲོ་མི་འདོད་ན་ངས་ཁྱོད་བཙན་པོ་མི་བྱེད ༽ ཅེས་ནོངས་འགྱོད་དང་སེམས་ཚོར་གཞི་གཅིག་ཏུ་འདྲེས་ནས་སྐད་ཆ་འདི་འདྲ་ཞིག་བཤད་བྱུང་།

སྐབས་དེར་ཟླ་བར་མཚོན་ན་བསམ་བློ་ལ་རང་དབང་མེད་པར་འགྱུར་བ་ཐེབས་ཤིང་བཤད་རྒྱུ་མོད་པོ་ཞིག་མཆིས་ནའང་མིད་པ་འགག་ནས་བསྡད་པ་རེད།ཡིན་ཀྱང་ཁོས་སྔར་བཞིན་རང་གི་རྩ་དོན་སེམས་ལ་འཛིན་དགོས་བསམ་ནས༼  ང་ལ་འཆར་གཞི་ཞིག་ཡོད།ངས་སློབ་གྲྭ་དོར་ནས་ཡུལ་ལ་ཡོང་དོནའང་མ་གཞི་རང་གི་སེམས་ལ་དམིགས་བྱ་ཞིག་ཡོད།ཨ་ཕ་ལགས།ང་ངོ་མ་བསམ་བློ་བཀག་སྡོམ་ཐེབས་པའི་སློབ་ར་འདི་ལྟ་བུ་ཞིག་ནས་འདུག་མི་འདོད་ཀི ངའི་མ་འོངས་པ་ཅི་ལྟ་བུ་ཞིག་ཡིན་ཀྱང་ངས་རང་ལ་དབང་བའི་འཚོ་བ་ཞིག་དང་རང་གིས་བྱེད་འདོད་པའི་ལས་ཞིག་བྱ་བསམ་ཀི༽ ཅེས་ནན་ཏན་གྱིས་ཨ་ཕའི་རྣ་ལམ་དུ་བསྒྲོན་བྱུང་།དེ་མུར་ཨ་ཕས་ཕྱིར་བུ་ཆུང་ལ༼   ཞི་ལུ།ཁྱོས་བསམ་མ་ཤེས་ནི་རེད།སློབ་གྲྭ་ནས་བསྡད་ན་དུ་ན་སློབ་གྲོགས་མང་པོ་ཡོད་ཀི་མོ། དུ་ནས་བསྡད་ན་ཅི་འདྲའི་མི་སྐྱིད་ཀི ༽ཞེས་བཤད། ཟླ་བས་ཡང་བསྐྱར་ཨ་ཕ་ལ༼  ཨ་ཕ། ཁྱོད་སློབ་གྲྭ་འགྲོ་མ་མྱོང་བས་རེད། དེ་ནི་ཕྱི་ཚུལ་ཙམ་ཡིན།དོན་དངོས་དེ་འདྲ་ཞིག་གཏན་ནས་མིན།ང་རང་སྤྱི་ཚོགས་རིང་ལུགས་ཀྱིས་སྐྱེད་སྲིང་བྱས་པའི་ལག་ཆ་ལྟ་བུ་ཞིག་ཏུ་འགྱུར་མི་འདོད་ཀི ༽ཞེས་ཚམ་ཚོམ་མེད་པར་བརྗོད།ཨ་ཕས་སླར་ཡང་བུ་ཆུང་ལ༼  ངས་སྤྱི་ཚོགས་རིང་ལུགས་གདོག་གོ དུ་མོ་དུ་མི་ཤེས།འོན་ཀྱང་ད་སྐབས་སྲིད་ཇུས་ཅི་འདྲའི་བཟང་གི ༽ཞེས་གཉོམ་དུང་གི་སྐད་ཆ་འདི་འདྲ་ཞིག་བརྗོད་བྱུང་།དེ་ནས་རེ་ཞིག་ཕ་བུ་གཉིས་དལ་ཅག་གེར་འདུག་དགོས་པ་བྱུང་སོང་ངོ་།།
                      

༢༠༡༧ལོའི་ཟླ༠༩པའི་ཚེས་༢༤ཉིན་གྲུབ།


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)




རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།