གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་རང་རྩོམ་པ་པོར་འགྱུར་དོན།

2018-10-15 19:33:08 ཀླད་ཀོར།(སྨར་ཁམས) ཀློག་གྲངས། མཆན ཡོད།

ལོ་གཅིག་གི་སྔོན་ལ་ཡེ་ཤེས་སྒྲོན་མས་ང་རང་བར་མཚམས་མེད་པར་དེད་པས་ངས་མོ་དང་དགའ་རོགས་འགྲིག་པར་མོས་མཐུན་མི་བྱེད་ཀ་མེད་བྱུང་། ཉིན་དེའི་མཚན་མོར་ཟླ་ཆབ་ཀྱི་འགྲམ་དུ་མོ་རང་ང་ལ་དམ་དུ་མཐམས་ཏེ“མ་འོངས་པ་ཁྱོད་རང་མི་གང་འདྲ་ཞིག་ཏུ་གྱུར་ཡང་ང་རང་ཁྱོད་དང་ཁ་མི་འབྲལ”ཞེས་དམ་བཅས་བྱུང་།

  དེ་རིང་མོ་རང་པེ་ཅིང་དུ་ཐོན་ཡོད་ཟེར་ནས་ང་ལ་དུས་བཏབ་བྱུང་། ངེད་གཉིས་ཆེས་ཟང་ཟིང་ཆེ་བའི་སྲང་ལམ་ཞིག་ཏུ་འཕྲད་ཅིང་མིང་ལ་མུན་པ་ཟེར་བའི་ཁོ་ཧྥེ་ཁང་དེའི་ཕྱོགས་སུ་སོང་། མོས་གོས་ཚོང་རྟགས་གྲགས་ཅན་ཆ་ཚང་ཞིག་གྱོན་འདུག་ལ་མིག་ཤེལ་དམར་པོ་ཞིག་ཀྱང་བརྒྱབ་འདུག མིག་ཤེལ་ནང་དུ་ཡོད་པའི་མིག་དེ་ངས་གསལ་པོ་མི་མཐོང་ནའང་མོས་ངའི་རྐང་པ་ནས་མགོ་བར་ཞིབ་ལྟ་ཐེངས་གཅིག་བྱས་སོང་། མིག་ཤེལ་ངོས་སུ་ལྡོག་འཕྲོ་བྱེད་ཡོང་བའི་ཉི་འོད་ཀྱི་ནང་དུ་མཐོང་ཆུང་གི་མདངས་འདྲེས་ཡོད་པ་ཚོར་ཡོང་།

  “ཁྱོད་རང་པེ་ཅིང་དུ་ཇི་ལྟར་འཚོ་བ་ཡིན་ནམ”དེ་ནི་མོས་དང་པོར་བཤད་པའི་སྐད་ཆ་དེ་རེད།  སྐད་ཆ་དེས་ངའི་ལུས་པོ་ཡོངས་འུར་ཟིང་ངེར་བྱེད་དུ་བཅུག་བྱུང་ལ“ང་རང་པེ་ཅིང་དུ་འཚོ་བའི་ཐོབ་ཐང་མེད་དམ། ང་རང་རང་ཤི་རྒྱག་དགོས་སམ”ཞེས་བཤད་རྗེས་མོ་རང་དང་ཁ་བྲལ་ནས་མདུན་ཕྱོགས་སུ་སོང་བ་ཡིན།

  ངས་ཡེ་ཤེས་སྒྲོན་མ་གང་དུ་ཡོད་མེད་ལ་ཕྱི་ལྟ་ཙམ་ཡང་མ་བྱས། ངའི་ཡིད་ལ་བྱེད་པ་ནི་མུན་ནག་ཟེར་བའི་ཁོ་ཧྥེ་ཁང་ནང་གི་ཁོ་ཧྥེ་ཞིམ་པོ་པེ་ཙི་གང་དེ་ཡིན། ཡིན་ཡང་དེ་རིང་ང་རང་ཁོ་ཧྥེ་ཁང་དུ་རྩ་བ་ནས་འཛུལ་མི་རུང་སྙམ་གྱིན་པེ་ཅིང་གི་མི་ཚིགས་ཁྲོད་དུ་སིམ། པེ་ཅིང་གི་མི་ཚོགས་ཀྱིས་ཅི་ཞིག་འཚོལ་གྱིན་འདུག ཁོ་ཚོས་འཚོལ་གྱིན་པ་ནི་རི་རབ་འདྲ་བའི་ཐོག་བརྩིགས་ཁང་ཆེན་གྱི་ནགས་ཚལ་ཁྲོད་དུ་རང་རང་ལ་དབང་བའི་བཙོན་ཁང་འདྲ་བའི་ཁང་ཆུང་རེ་རེར་ཡིན་ནམ། ཡང་ན་གློ་བུར་གློ་བུར་འགྱུར་བའི་མི་སེམས་གཞན་པ་ཞིག་ལ་ཁེན་ཏེ་རང་ཉིད་ཀྱི་ཁེར་རྐྱང་ལ་བདེ་དྲོད་རྫུན་མ་ཞིག་བླུག་བསམ་པ་ཡིན། གང་ལྟར་མི་ཚང་མས་སྲང་ལམ་གྱི་གང་སར་རྒྱུགས་ཏེ་ཅི་ཞིག་འཚོལ་གྱིན་འདུག མཐར་ཅི་ཡང་མ་རྙེད་པར་འདྲ་སྟེ། སྲང་ལམ་གང་སར་མི་འཚོལ་ཡིག་གིས་ཁེངས་འདུག ང་རང་བརྒྱུད་ཀྱིན་པའི་སྲང་ལམ་འདིའི་གློག་ཀ་ཞིག་གི་ཐོག་ཏུ་མི་འཚོལ་ཡིག་སྤུས་དག་ཞིག་གླན་འདུག དེར་ལོ་སུམ་ཅུ་ལ་ཟིན་པའི་འབུམ་རམས་པ་ཞིག་བོར་བཞག་ཅེས་བྲིས་འདུག མིའི་རིགས་པ་ལ་ཞིབ་འཇུག་བྱེད་མཁན་གྱི་འབུམ་རམས་པ་དེ་ཁ་སང་ཞོགས་པར་ལས་ཀར་སོང་རྗེས་དེ་རིང་ལོག་རྒྱུ་མི་འདུག་ཟེར། ང་རང་ཡང་འདི་ལྟར་ནམ་ཞིག་མི་ཚོགས་ཤར་ཤར་ཁྲོད་དུ་བོར་བར་འགྱུར་རམ་སྙམ་སྐབས་ང་ནི་པེ་ཅིང་གི་བོད་པ་སྡོད་སའི་སྲང་ལམ་གྱི་ཐོག་ཏུ་སླེབས་འདུག སྲང་ལམ་འདིའི་ཁྱད་ཆོས་ཉག་གཅིག་ནི་བོད་ཡིག་གིས་ཁེངས་ཡོད་པ་དེ་རེད། ང་རང་སྲང་ལམ་འདིའི་ཐོག་ཏུ་སླེབས་དུས་གཅིན་པ་གཏོང་འདོད་འགོག་ཅིག་སྐྱེས། “གཅིན་པ་གཏོང་མི་མཆོག”ཅེས་བྲིས་ཡོད་པའི་གྱང་རྩར་གཅིན་པ་ཞིག་གཏང་གྲབས་བྱེད་སྐབས་སྐྱག་པ་གཏོང་འདོད་ཀྱང་སྐྱེས་བྱུང་། དང་པོར་གཅིན་པ་གཏོང་དགོས་སམ་ཡང་ན་སྐྱག་པ་གཏོང་དགོས། ང་ནི་ཐེ་ཚོམ་གྱི་དྲ་བར་ཚུད། ངས་གྱར་རྩ་འདི་རུ་གཅིན་པ་གཏོང་སྐབས་སྐྱག་པ་ཨེན་ཙམ་མིན་ན་སྣམ་བུར་ཤོར་སོང་། ངས་གཅིན་པ་གཏོང་མཚམས་བཞག་པ་དང་“གཅིན་པ་གཏོང་མི་ཆོག”ཅེས་བྲིས་པའི་ཡི་གེ་ལ་ཞིབ་ལྟ་བྱེད་བཞིན་ང་རང་ནི་མཆོག་ཏུ་འགྱུར་བའི་གཅིན་པ་གཏོང་མཁན་ཞིག་ཏུ་གྱུར་འདུག་ཨང་སྙམ་བྱུང་། དེ་མུར་ངས་ཁ་པར་གྱི་ས་ཁྲ་ནས་སྐྱག་ཁང་ཞིག་འཚོལ། ས་ཁྲས་སྐྱག་ཁང་ཞིག་ངའི་མདུན་ཕྱོགས་སུ་ཡོད་པ་ངོ་སྤྲོད་བྱས།

  ང་རང་ས་ཁྲས་ལམ་སྟོན་བྱེད་པའི་གསང་སྤྱོད་ནང་འཛུལ། གསང་སྤྱོད་དེ་ནི་གཞལ་ཡས་ཕོ་བྲང་ཞིག་དང་འདྲ། གང་སར་རྡུལ་ཞིག་རྙེད་ས་མི་འདུག ངས་སྐྱག་པ་གཏོང་གིན་སྟོད་ཐུང་གི་པར་ཁུག་ནས་ཐ་མ་འཐེན་འཕྲོ་བླངས་ནས་ཁ་ནང་ཡུན་རིང་བཅུག་ནའང་། མེ་ཆ་རྙེད་ཀྱི་མི་འདུག ང་རང་སླར་ཡང་མི་ཚོགས་ཀྱི་ནང་འཛུལ་དུས་དེར། ཁོ་ཚོ་ཁ་ཤས་མོ་ཊ་བཏང་ནས་འགྲོ་བཞིན་འདུག་ཅིང་ལ་ཤས་ས་འོག་གི་ལྕགས་ལམ་ནང་འཛུལ་གྱིན་འདུག ལ་ལ་ནི་གནམ་ལ་འཕུར་གྱིན་འདུག ང་དང་ང་འདྲ་བར་རང་ཉིད་ཀྱི་རྐང་པ་གཉིས་ལ་བརྟེན་དེ་འགྲོ་མཁན་ཡང་འདུག ཡོད་ཚད་ཅི་མགྱོགས་གང་མགྱོགས་ཀྱིས་ཅི་ཞིག་ལ་གང་འཐོབ་རྒྱག་གིན་འདུག ངས་རང་ཉིད་གང་ཞིག་ཏུ་འགྲོ་དགོས་པའང་མི་ཤེས། རང་ཉིད་བོར་སོང་ནའང་མི་འཚོལ་ཡིག་སྤུས་དག་ཅིག་བྲིས་པས་ཆོག་སྙམ། མཐར་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་འཛུལ་སོང་། སྤྱི་སྤྱོད་རླངས་འཁོར་ནང་གི་མི་རྣམས་ལ་སེམས་སྡུག་ཆེན་པོ་རེར་འཁུར་རྒྱུ་འདུག ཁོ་ཚོའི་སྡུག་དེ་ང་དང་ང་འདྲ་བའི་མི་ཆ་མེད་དག་གིས་བཟོས་པ་དང་འདྲ་བར་ཁོ་ཚོས་ནང་གི་མི་དང་ཕྱི་རོལ་གྱི་ཡུལ་ལྗོངས་ལ་རྣམ་འགྱུར་འཁྱག་པ་རེ་སྟོན་པར་བྱེད། ཡང་ན་ཕྱི་རོལ་གྱི་དངོས་ཡོད་ཟེར་བའི་གོམ་པ་སྤོ་ཆོག་པའི་གནས་འདི་རུ་ཅི་ཡང་མ་རྙེད་པས་ཁ་པར་ནང་གི་དྲ་ལམ་དུ་ཅི་ཞིག་འཚོལ་གྱིན་འདུག ཡིན་ཡང་ཁ་པར་གྱིས་མི་ཚོས་རྫུན་བཟོ་བྱས་པའི་ཕུགས་བསམ་ཞེས་པའི་མ་འོངས་ཀྱི་དག་ཞིག་དེ་སྔར་ལས་མག་མོག་ཏུ་བཏང་ཞིང་མི་ཚོས་བརྗེད་པར་བསམ་པའི་ཁ་སང་གི་རྨ་ཁར་ཚྭ་མང་པོ་བཏབ།

  ངའི་སེམས་པ་འདི་རྒྱུ་མཚན་མེད་པར་སྐྱོ་བས་ཁེངས། ང་རང་འཇིག་རྟེན་འཁྱག་པ་འདི་འདྲ་ཞིག་ཏུ་ཅིའི་ཕྱིར་འོང་བ་ཡིན་ནམ། གལ་སྲིད་དང་པོ་ཉིད་ནས་གང་འགྲོ་གང་འདུག་ལ་གདམ་ཆོག་པ་ཞིག་ཡིན་ན་ངས་འཇིག་རྟེན་འདི་ལས་དམྱལ་ཁམས་ཅེས་པའི་ན་ཟུག་གི་ཁེངས་པའི་འཇིག་རྟེན་དེ་གདམ་འདོད། རྒྱུ་མཚན་ང་རང་སྡོད་སའི་འཇིག་རྟེན་འདི་རུ་མི་མང་པོ་ཞིག་གིས་རྫོགས་རྒྱུ་མེད་པ་ཞིག་འཚོལ་བཞིན་འདུག སྐྱེ་བ་ལ་གདམ་ག་མེད་ན་འཆི་བར་གདམ་ག་བྱེད་ཆོག་པ་འདུག ལོ་འདི་དག་གི་རིང་ངས་རང་ཤི་རྒྱག་པའི་ཚོད་ལྟ་ཐེངས་མང་བྱས། ཆོས་གཞུང་དུ་རང་ཤི་བརྒྱབ་ན་དམྱལ་བར་ལྷུང་འགྲོ་ཟེར། ང་ལ་མཚོན་ན་དེ་ནི་དགའ་འོས་པའི་བྱ་བ་ཞིག་རེད། ངས་འདི་ལྟར་བསམ་གྱིན་ངོ་གདོང་འཁྱག་པ་མང་པོ་དང་མཉམ་དུ་ཙོག་བསྡད་སྐབས་གློ་བུར་ངས་ཐོས་མ་མྱོང་བའི་སྒྲ་དབྱངས་སྙན་མོ་ཞིག་གྲགས་བྱུང་།

“སྡོང་པོ་ལྗང་ཁུ་སྙིང་རྗེ་མོ་ལ།

ལོ་མ་སྔོ་པོ་སྙིང་རྗེ་མོ་ལ།

མེ་ཏོག་དཀར་པོ་སྙིང་རྗེ་མོ་ལ།

མེ་ཏོག་མཐོང་མཁན་སྙིང་རྗེ་མོ་ལ”

  ངས་སྒྲ་དབྱངས་དེ་དེད་ནས་ཕར་བལྟས་མ་ཐག བུ་མོ་ཆུང་ཆུང་ཞིག་གིས་ཞི་ཕྲུག་ཁྲ་ཁྲ་ཞིག་པང་ནས་གླུ་འདི་ལྟར་ལེན་གྱིན་འདུག ཞི་ཕྲུག་དེ་སྒེའུ་ཁུང་ནས་འཕྲོས་པའི་ཉི་འོད་ན་གཉིད་སྐྱིད་པོ་ཞིག་ཁུག་འདུག་ཅིང་བུ་མོ་དེས་མིག་དྭངས་མོ་ཤེལ་ཏོག་འདྲ་བ་དེ་བགྲད་ཀྱིན་གླུ་དབྱངས་འདི་ཡང་ནས་ཡང་དུ་ལེན། ཧ་ལམ་མོའི་མིག་ནང་དུ་སེམས་སྡུག་གི་ཁེངས་པའི་མི་ཚོགས་ནི་རྩྭ་ཐང་ཐོག་གི་མེ་ཏོག་དཀར་པོ་སྙིང་རྗེ་མོ་དག་ཡིན་པ་ལྟར། གདོང་ལ་འཚེར་སྣང་དང་དོགས་མི་བདེ་བ་གང་ཡང་མི་འདུག ངས་མོའི་གླུ་སྐད་ཐོས་པ་དང་ལྷད་མེད་དྭངས་གཙང་གི་རྣམ་འགྱུར་དེ་མཐོང་མ་ཐག ངའི་སེམས་ཀྱི་གཤོང་བར་ལོ་མང་ཁེངས་པའི་མིག་ཆུ་དག་ཐིགས་པ་རེ་རེ་བཞིན་ཟགས་ཤོར།  ང་ལ་ཡང་སྙིང་ཅི་བྱུང་སོང་། ང་རང་མི་གཞན་གྱི་མིག་མདངས་དང་འཕྲད་པ་ཙམ་གྱིས་ཀྱང་སེམས་ནང་དོགས་མི་བདེ་བ་ཞིག་ཡོང་དོན་ཅི་ཡིན་ནམ། ངས་མི་ཚོགས་ཀྱི་ཁྲོད་དུ་འཛུམ་མདངས་ཞིག་ཀྱང་སྟོན་མི་ཐུབ་དོན་ཅི་ཡིན་ནམ། ཡིན་ཡང་ལོ་གསུམ་བཞི་ཙམ་ལས་མེད་པའི་བུ་མོ་ཆུང་ཆུང་ཞིག་གིས་མེ་ཏོག་སྙིང་རྗེ་མོ་ཞེས་སྣང་དོགས་མེད་པར་ངོ་གདོང་འཁྱག་པའི་ཁྲོད་དུ་གླུ་དབྱངས་ལེན་གྱིན་འདུག

  བུ་མོ་ཆུང་ཆུང་དེའི་གླུ་དབྱངས་དེས་ནི་མགོ་ཐོག་ཏུ་གློ་བུར་ཐོག་བརྒྱབ་པ་ལྟར་ངའི་སེམས་པར་གཡོ་འགུལ་ཆེན་པོ་བཟོས། 

  འབབ་ཚུགས་ཤིག་ཏུ་སླེབས་པ་དང་ང་རང་སྤྱི་སྤྱོད་རླངས་འཁོར་ནས་བུད། སྤྱི་སྤྱོད་རླངས་འཁོར་གྱིས་ང་རང་ས་འདིར་བཞག་རྗེས། བུ་མོ་ཆུང་ཆུང་དེའི་གླུ་སྒྲ་ཁུར་ནས་བུད་སོང་།

  ང་རང་ཆ་མེད་ཀྱི་སྲང་ལམ་འདིའི་ཐོག་ཏུ་འགྲོ་དུས། ངའི་རྐང་པ་གཉིས་པོ་སྐྱོན་ཕོག་པའི་འཁོར་ལོ་གཉིས་དང་འདྲ་བར་ལྗིད་པོ་ཡིན་པ་ཚོར། ལོ་ངོ་མང་པོར་རྐང་པས་ང་རང་ཁུར་ཏེ་འགྲོ་བ་མིན་པར་ངས་རྐང་པ་ལྗིད་པོ་གཉིས་འདྲུད་་ཀྱིན་འགྲོ་བཞིན་འདུག ང་རང་བཞི་མདོ་ཞིག་ཏུ་སླེབས་དུས་རྐང་པ་ཐོགས་ས་ཅི་ཡང་མེད་མོད་ཅི་ཞིག་ལ་ཐོགས་ནས་སར་འགྱེལ་སོང་། ང་རང་སར་ཇི་ལྟར་འགྱེལ་བ་ལྟར་དེ་ལྟར་སྲང་ལམ་ན་གཡོ་འགུལ་མེད་པར་ཉལ་བསྡད། ལོ་ངོ་ཉེར་གཅིག་གི་རིང་ངའི་སེམས་པར་ལྷིང་འཇགས་འདི་ལྟར་ཞིག་བྱུང་མ་མྱོང་། དུས་རྒྱུན་དྲོ་འཇམ་གྱི་མལ་ཁྲི་ཐོག་ཉལ་བསྡད་དུས་ཀྱང་ངའི་སེམས་པ་ནི་དྲག་ཏུ་ལྡིང་བས་གཉིད་སྐྱིད་པོ་ཞིག་ཁུག་མི་སྲིད། ཁུག་ནའང་རྨི་ལམ་དུ་དམག་འཁྲུག་རྐྱང་རྐྱང་རྨིས་པར་བྱེད། དེ་རིང་མི་ཚོགས་ཀྱི་ཁྲོད་དུ་ང་རང་འདི་ལྟར་ཉལ་བསྡད། དག་གཙང་གི་གྲོང་ཁྱེར་འདིའི་ནང་གི་དངོས་པོ་གང་ལའང་མེད་པའི་ཐལ་རྡུལ་གྱི་དྲི་མ་ཞིམ་པོ་ཞིག་ངའི་སྣ་ལམ་དུ་འཛུལ། ཉེ་འགྲམ་དུ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་པའི་མི་ཚོགས་ཀྱི་གོམ་སྒྲ་ནི་དབྱངས་ཅན་མས་དཀྲོལ་བའི་དབྱངས་རྟ་སྙན་མོ་ཞིག་དང་འདྲ། ང་རང་འཇིག་རྟེན་འདིའི་ཡོད་ཚད་ལ་ཁ་ཡ་མ་བྱས་པར་སྟོང་ཉིད་ཀྱི་ཞིང་ཁམས་སུ་འཐིམས།

  ང་རང་ཡར་ལངས་ནས་མི་རྣམས་ཀྱི་ཡ་མཚན་སྣང་གི་མིག་མདངས་ལ་ཁ་ཡ་མ་བྱེད་པར་སྲང་ལམ་བརྒལ་བ་ན། ང་རང་ཡང་ནས་ཡང་དུ་ཡོང་མྱོང་བའི་མིང་མེད་ཀྱི་རྒྱ་མཚོ་དེའི་འགྲམ་དུ་སླེབས་འདུག ངས་རྒྱབ་ཀྱི་གྲོང་ཁྱེར་འདི་ལ་ཕྱི་ལྟ་ཞིག་བྱེད་དུས་གྲོང་ཁྱེར་འདི་ནི་ངའི་མིག་ནང་དུ་མི་ཤོང་བར་མིག་སྤུའི་མཐའ་རུ་འཐེན་འདུག

  ལོ་གཅིག་སྔོན་གྱི་ཟླ་དྲུག་པའི་ཚེས་གསུམ་ལ་ང་རང་པེ་ཅིང་འོང་དུས། དང་པོར་མིང་མེད་པའི་རྒྱ་མཚོ་འདིའི་ཁ་རུ་སླེབས། སྐབས་དེར་ངས་རྒྱ་མཚོ་མཐོང་བ་ཐེངས་དང་པོ་ཡིན། དེའི་ཕྱིར་ཟླ་དྲུག་པའི་ཚེས་གསུམ་ནི་ངའི་སྐྱེས་སྐར་ལ་བརྩིས་པ་ཡིན། རྒྱུ་མཚན་ང་རང་འཇིག་རྟེན་འཁྱག་པ་འདིའི་ནང་ནམ་ཞིག་སླེབས་པ་ཨ་མ་ལའང་གསལ་ཆ་མི་འདུག ལོ་གཅིག་གི་སྔོན་གྱི་ཉིན་དེར་ང་རང་ཉིན་གང་བོར་རྒྱ་མཚོ་ལ་བལྟས་ནས་སྐྱེས་སྐར་གཏོང་བ་ཡིན། ཕྱི་དྲོ་མཚམས་སྤྲིན་ཤར་ཡོང་དུས་རྒྱ་མཚོའི་ངོས་སུ་མེ་འབར་བ་བཞིན་དམར་ལམ་ལམ་དུ་གྱུར་སོང་། སྐབས་དེར་ངས་རང་གི་སྐྱེས་སྐར་གྱི་སྨོན་ཚིག་ཅིག་ཐེ་ཚོམ་མེད་པར་ཁ་ནས་ཤོར།

“ལོ་རྗེས་མའི་ངའི་སྐྱེས་སྐར་ལ་རྒྱ་མཚོ་འདིའི་ནང་དུ་ལྕེབས་ཐུབ་པ་སྨོན”

ཡིན་ཡང་ང་རང་མི་ཡུལ་འདིའི་ནང་དུ་ལོ་གཅིག་འཚོ་ཐུབ་ཀྱི་མི་འདུག ཟླ་ཁ་ཤས་ཀྱི་སྔོན་དུ་ངས་རྒྱ་མཚོ་ནང་ལྕེབས་མ་ཐུབ་ནའང་མེ་མདའ་ཞིག་རང་ཉིད་ཀྱི་ཁ་ནང་བཅུག་ཏེ་རྐང་པ་མནན་བཞག་ན་ཤིན་ཏུ་ལེགས་པའི་ལྕེབ་སྟངས་ཞིག་རེད་སྙམ།  ང་རང་སློབ་གྲྭའི་ནང་དུ་ཡིད་སྨོན་ཤོར་ཡུལ་ཉག་གཅིག་ནི་སློབ་གྲྭའི་སྒོ་ཁར་ནམ་ཡང་ཤིང་སྡོང་ཞིག་ལྟར་འགྲེང་ཡོད་པའི་སྒོ་སྲུང་དེའི་སྐེད་པར་བཏགས་པའི་མེ་མདའ་ཐུང་ཐུང་དེ་ཡིན། ང་རང་སློབ་ཚན་ཚོགས་སུ་ཡང་མ་སོང་བར་མེ་མདའ་དེ་ལ་རྒྱང་ལྟ་བྱས་ནས་བསྡད་མྱོང་། ཉིན་ཞིག་ཤིང་སྡོང་ཞིག་དང་འདྲ་བའི་སྒོ་སྲུང་དེ་འགུལ་བྱུང་། འགུལ་པ་མ་ཟད་སློབ་གྲྭའི་སྒོ་ནས་ཐོན་ཏེ་སྲང་ལམ་དུ་ཕྱིན་སོང་། ངས་ཁོ་རང་དེད་ནས་ཕྱིན། ཁོ་རང་མུན་ནག་ཟེར་བའི་ཁོ་ཧྥེ་ཁང་དུ་འཛུལ་སོང་། ང་རང་ཡང་ནང་དུ་འཛུལ་ཏེ་ཁོ་ཧྥེ་ཁ་མོ་བཙན་དུག་འདྲ་བ་ཞིག་ཉོས་པ་ཡིན། སྒོ་སྲུང་ཁོ་རང་ཁོ་ཧྥེ་ཁང་དུ་བསྡད་དུས་ཀྱང་ཤིང་སྡོང་ཞིག་སར་བཙུགས་པ་བཞིན་གཡོ་འགུལ་མི་འདུག སྐབས་རེར་ཤིང་སྡོང་གི་ཡལ་འདབ་ལ་རླུང་བུ་ཕོག་པ་བཞིན་ལག་པ་དེ་འགུལ་ཙམ་གྱིས་ཁོ་ཧྥེ་འཐུང་བར་བྱེད།

ང་རང་ཁོ་སར་སོང་ཏེ“ཁོ་ཧྥེ་འདི་ཁ་བ་ལ”ཞེས་བཤད་པ་ན་ཁོས་མཆུ་ཏོ་གཅིག་པོ་འགུལ་གྱིན“ནང་དུ་འོ་མ་དང་བུ་རམ་བླུག་དགོས་ནི་རེད”ཅེས་བཤད་བྱུང་བས། ངས་ཤིང་སྡོང་ཞིག་གིས་ཀྱང་མི་སྐད་བཤད་ཤེས་པ་མཐོང་བས་ཧ་ལས་སོང་།

“ཁྱོད་ཀྱི་མེ་མདའ་འདི་རྩེད་ཆས་ཞིག་ཡིན་ནམ”ངས་འདི་ལྟར་དྲིས།

“ངོ་མ་ཡིན་དགོས་བྱུང་། འདི་ནི་སྐད་གྲགས་ཡོད་པའི་QSG92རྟགས་ཅན་གྱི་མེ་མདའ་རེད”

“མེ་མདའ་འདི་ང་ལ་སྐར་མ་གཅིག་གཡར་ན་ཆོག་གམ”

“རྩ་བ་ནས་ཆོག་ནི་མ་རེད”

“ངས་སྐད་འཕྲིན་ནས་ཁྱོད་ལ་སྒོར་མོ་ལྔ་སྟོང་བསྐུར་ཆོག”

“ཆོག་མ་རེད། སྒོར་མོ་ཁྲི་བསྐུར་ཀྱང་ཆོག་མ་རེད། གྲོགས་པོ་འདི་ནི་དངོས་པོ་གཞན་མ་རེད། མེ་མདའ་ཞིག་རེད། གྲོགས་པོ”

  འཕྲད་མ་ཐག་ནས“གྲོགས་པོ”ཞེས་ཟེར་ཡོང་དུས་ང་རང་མེ་མདའ་ལ་ཇི་ལྟར་དགའ་ནའང་དེའི་བདག་པོར་ཤིན་ཏུ་སུན་བྱུང་། ངས་ཁོ་ཧྥེ་ཁ་མོ་དེ་བཙན་འཐུང་བྱུང་རྗེས་ཕྱི་རོལ་དུ་ཐོན་པ་ཡིན། དེའི་ཕྱིར་སྙན་ངག་པ་མང་པོའི་ལྕེབས་སྟངས་དང་འདྲ་བར་ང་རང་མེ་མདའ་ཁ་ནང་དུ་བཅུག་ཏེ་ལྕེབས་ཐུབ་མ་སོང་།

ལོ་གཅིག་གི་ནང་དུ་འོས་འཚམ་གྱི་ལྕེབས་ཐབས་ཤིག་རྙེད་མ་བྱུང་། ལོ་གཅིག་གི་རིང་ང་རང་ངོ་གདོང་འཁྱག་པ་མང་པོའི་ཁྲོད་དུ་གྲང་འདར་བར་མེད་དུ་ཤོར། ང་རང་ཤིན་ཏུ་ངལ་བྱུང་། ང་རང་མི་ཡུལ་དུ་ལོ་ཉེར་གཅིག་བར་འཚོ་འདུག འཚོ་ཡུན་ཧ་ལས་པ་རིང་སོང་།

ངས་ལྕེབས་ཐབས་ཤིག་མ་རྙེད་པར་ལོ་གཅིག་གི་སྔོན་དུ་རྒྱ་མཚོ་འདིའི་འགྲམ་དུ་བཞག་མྱོང་བའི་དམ་བཅའ་ལྟར་དེ་རིང་གི་སྐྱེས་སྐར་བེད་སྤྱད་དེ་རྒྱ་མཚོའི་ཁར་རང་ཤི་བརྒྱབ་པར་ཡོང་།

ང་རང་ངོ་གདོང་འཁྱག་པའི་ནགས་ཚལ་དེ་བརྒལ་ཏེ། ལོ་ངོ་གཅིག་གི་རིང་རྨི་ལམ་ནང་ཡང་ཡང་འཁོར་མྱོང་བའི་དག་ཞིང་གི་མཚོ་ཁ་འདི་རུ་སླེབས་མ་ཐག ངའི་མཚོ་མོ་དེ་འཇིག་རྟེན་འདི་ནས་ཡལ་འདུག ལོ་གཅིག་གི་སྔོན་དུ་འཕྱུར་བཞིན་པའི་རྦ་རླབས་དག་ད་ནི་ཐལ་རྡུལ་གྱིས་སྒྲུབ་པའི་འཚུབ་མ་ལོག་འཁོར་རྐྱང་རྐྱང་གྱུར་འདུག ང་རང་ཐལ་རྡུལ་ནས་ལྕེབས་ཐུབ་བམ། ངའི་དམ་བཅའ་འགྱུར་མེད་ཀྱང་འཇིག་རྟེན་འདི་ཉིད་རྩ་བ་ནས་འགྱུར་འདུག

ང་རང་བྱེ་ཐང་གི་ཁ་རུ་མཚམས་སྤྲིན་མ་ཤར་བར་ཙོག་བསྡད། ན་ཟུག་ཅིག་རྒྱུན་མི་ཆད་པར་ངའི་ཁོག་པའི་ནང་དུ་ཡར་འགྲོ་མར་འགྲོ་བྱེད། མཚམས་སྤྲིན་ཤར་བྱུང་། དེ་ནི་ནམ་མཁའ་རུ་འཁྲིགས་པའི་ཐལ་རྡུལ་དག་ལ་ཚོན་རྩི་དམར་སེར་ཞིག་བྱུག་པ་ཙམ་རེད། མཚམས་སྤྲིན་ཤར་ནའང་སྤྲིན་ནི་རིག་སར་མི་འདུག ངས་ལོ་གཅིག་སྔོན་གྱི་ས་ཆ་འདི་ན་ཡོད་པའི་མཚམས་སྤྲིན་འོག་ཏུ་མེ་ལྟར་འབར་བཞིན་པའི་རྒྱ་མཚོ་དེ་དྲན། ང་མ་ལྕེབས་གོང་དུ་རྒྱ་མཚོ་ཁོ་རང་ལྕེབས་འདུག ང་རང་རང་ཤི་རྒྱུག་ཏུ་འོང་དུས་རྒྱ་མཚོ་ཁོ་རང་ནི་མཐའ་ཡས་པའི་བྱེ་ཐང་དུ་གྱུར་འདུག འཇིག་རྟེན་འདི་ན་མེ་མདའ། རྒྱ་མཚོ། བཙན་དུག་སོགས་རང་ཤི་རྒྱག་བྱེད་ཀྱི་ཡོ་བྱད་ཅིག་རྙེད་ས་མི་འདུག

  མཚམས་སྤྲིན་ཡལ་རྗེས། ཡང་ན་ཐལ་རྡུལ་དག་གི་ཁ་དོག་རང་བཞིན་གྱི་སྐྱ་བོར་འགྱུར་པ་དང་ང་རང་སླར་ཡང་གྲོང་ཁྱེར་འདི་ལ་ཁ་ཕྱོགས་ནས་ལོག ལམ་བར་དུ་དྲག་ཆར་ཆེན་པོ་ཞིག་གིས་ང་རང་བརྡུངས། ངས་ཁ་པར་ནང་ང་རང་བྱིས་པ་ཡིན་དུས་ཁྱིམ་མི་རྣམས་ཀྱིས་ཟླ་འོད་འོག་ཏུ་སྟོན་ལས་བྱེད་པའི་རྣམ་པ་དེ་ཡིད་སེམས་ཤིན་ཏུ་དགའ་བའི་ཡི་གེ་ལ་བརྟེན་ནས་ཡང་ཡང་གཏག་ཀྱང་ལག་པ་རློན་པས་ཁ་པར་གྱི་ནང་དུ་ཡི་གེ་ཚིག་གཅིག་ཀྱང་གཏག་མ་ཐུབ། ཆར་བ་བབས་དུས་གྲོང་ཁྱེར་འདིའི་མི་ཚོགས་རྣམས་རང་རང་ལ་དབང་བའི་བཙོན་ཁང་དུ་འཛུལ་པ་འདྲ་སྟེ། ལམ་བར་དུ་མི་གཅིག་མ་གཏོགས་མཐོང་མ་བྱུང་། ཁོ་རང་ནི་ང་ལ་“གྲོགས་པོ”ཞེས་བོས་མྱོང་བའི་སྒོ་སྲུང་དེ་རེད། ཁོ་རང་སྔར་བཞིན་ཤིང་སྡོང་ཞིག་ལྟར་སྒོ་ཁར་འགྲེང་བསྡད་པ་ལས་མིག་ཆུ་ཤོར་བཞིན་སྒོ་ནང་འཛུལ་ཡོང་བའི་ང་ལ་ཁ་ཡ་སྤུ་ཙམ་ཡང་བྱས་མ་སོང་། ངས་ཁོའི་ངོ་གདོང་འཁྱག་པ་དེ་མཐོང་མ་ཐག་སེམས་པ་རབ་ཏུ་དགའ་བ་བྱེད་པའི་ཡི་གེ་དག་ཀྱང་གཏག་མ་ཐུབ་པར་ལུས་པའི་ཁ་པར་ལྕགས་རྡོག་པོ་གཅིག་དེ་ཡང་ལམ་བར་ནས་བོར་ཟིན་པ་ཤེས་ཡོང་།

  ང་རང་སླར་ཡང་རང་ཤི་རྒྱག་སའི་ལག་ཆ་མེད་པའི་གྲོང་ཁྱེར་འཁྱག་པ་འདི་རུ་སླེབས། དེ་རིང་ང་ལོ་ཉེར་གཉིས་ལ་སོན། ང་རང་འཇིག་རྟེན་འདིའི་ནང་འཚོ་ཡུན་ཤིན་ཏུ་རིང་སོང་།

 

  ལོ་བཅུའི་རྗེས་སུ་ཕོ་ལོ་སུམ་ཅུ་སོ་གཉིས་ཀྱི་སྐྱེས་སྐར་ཤར་ཉིན་མོར།  ང་རང་སླར་ཡང་རྒྱ་མཚོ་འདིའི་ཁར་ལོག  སྔོན་མའི་བྱེ་ཐང་། ཡར་སྔོན་གྱི་རྒྱ་མཚོ་ཡོད་ས་དེ་ད་ནི་འགྱིག་གི་བཟོས་པའི་མེ་ཏོག་རྐྱང་རྐྱང་གིས་ཁེངས་འདུག རླུང་བུ་ཞིག་ལྡང་ཡོང་དུས་ཁོ་རང་ཚོ་ནི་མེ་ཏོག་ངོ་མ་ཞིག་ཡིན་མདོག་གིས་མགོ་ཅོག་ལྡེམ་ལྡེམ་བྱེད།

  སྐབས་དེར་“སྐུ་ཞབས་ཀླད་ཀོར་ལགས”ཞེས་ངའི་རྒྱབ་ནས་མི་ཞིག་གིས་བོས།

  ཕྱིར་ལྟ་བྱེད་དུས་ལག་ཏུ་པར་ཆས་ཁུར་བའི་མི་མང་པོ་ཞིག་ངའི་ཕྱོགས་སུ་ཡོང་གིན་འདུག ད་ནི་ང་རང་པར་མིག་ནས་འཕྲོ་ཡོང་བའི་འོད་ཟེར་མིག་ལ་འཚེར་བ་དེ་དག་ལ་སྔ་མོ་ནས་གོམས་ཚར།

  “སྐུ་ཞབས་ཀླད་ཀོར་ལགས། ང་རང་ནི་‘མེ་མདའ’དུས་དེབ་ཀྱི་གསར་འགོད་པ་ཡིན། ངས་ཁྱེད་ལ་སྐད་ཆ་ཁ་ཤས་དྲིས་ན་ཆོག་གམ”མི་དེས་འཛུམ་མུལ་མུལ་ངང་རང་གི་གཟུགས་ལས་རིང་བའི་བརྙན་ལེན་འཕྲུལ་ཆས་ཀྱི་པར་མིག་ང་སར་གཏད་དེ་དྲིས།

 “ཆོག་དང་ཆོག”ངས་ཀྱང་གདོང་ལ་གོམས་གཤིས་སུ་འགྱུར་བའི་འཛུམ་མདངས་དེ་སྟོན་གྱིན་བཤད།

 “སྐུ་ཞབས་ཁྱོད་རང་མིའི་འདོད་པ་འབྲི་བར་ཤིན་ཏུ་མཁས་པའི་རྩོམ་པ་པོ་ཞིག་ཏུ་ཅི་ལྟར་འགྱུར་བ་ཡིན་ནམ”

 “ལོ་བཅུའི་སྔོན་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་ངས་བུ་མོ་ཆུང་ཆུང་ཞིག་གིས་སྣང་དོགས་ཅི་ཡང་མེད་པར་གླུ་དབྱངས་ལེན་གྱིན་པ་མཐོང་མྱོང་། མོའི་གླུ་དབྱངས་དེ་ཐོས་པའི་སྐར་ཆ་གཅིག་གི་ནང་དུ། ང་རང་ནི་རླབས་ཆེན་གྱི་རྩོམ་པ་པོ་ཞིག་ཏུ་གྱུར་སོང”ཞེས་ལན་འདི་ལྟར་བཏབ་པ་ཡིན།

     
རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།