གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་བུའི་བརྩམས་སྒྲུང་གསར་པ། 《རི་མོའི་ནང་གི་ཨ་ཕ》

2019-12-24 16:22:37 སྙན་བུ།(པེ་ཅིང) ཀློག་གྲངས། མཆན ཡོད།

  གཅིག

  “འགུལ་བྱུང་། རི་མོའི་ནང་གི་ཨ་ཕ་འགུལ་བྱུང་།”

  སྤྱི་ལོ2018ལོའི་ཟླ་4པའི་ཚེས་8ཉིན་གྱི་ཕྱི་དྲོར། ངའི་ངག་ནས་སྐད་ཆ་འདི་དབང་མེད་དུ་ཤོར་སོང་།

  སྐྲ་ལོ་རིང་བའི་སྙན་ངག་པ་དེ་ངའི་གམ་དུ་ཙོག་སྟེ་ང་ལ་བལྟས་འདུག སྐབས་དེར། ངས་རི་མོའི་ནང་གི་ཨ་ཕ་ཡུན་གྱིས་འགུལ་བྱུང་བ་དངོས་སུ་མཐོང་སོང་། དང་ཐོག་ང་ཅིས་ཀྱང་ཡིད་མ་ཆེས། དེ་ནི་སྙན་ངག་པ་དེས་སྒྱུ་འཕྲུལ་བསྟན་པ་མིན་ནམ་སྙམ། རི་མོའི་ནང་གི་མི་དེ་ལ་ཞིབ་ཀྱིས་བལྟས་པར། རེད། ང་རང་གཏན་ནས་འཕྱུག་མི་འདུག དེ་ནི་ངའི་ཨ་ཕ་རེད། ཁོང་འགུལ་གྱིན་འདུག སྔོན་ཆད་ལྟར་འགུལ་གྱིན་འདུག མུ་མཐུད་དུ་འགུལ་གྱིན་འདུག རིང་ཞིག་མ་ལོན་པར། ཨ་ཕ་རྟ་ཕོ་ཞིག་ལ་ཞོན་ནས་ལམ་དུ་ཆས་མགོ་བརྩམས། ཨ་ལ། རྟ་ཕོ་དེ་ངེད་ཚང་གི་རྟ་ཕོ་རྐྱང་ངེ་མ་ཡིན་ནམ། ལམ་ཕྲན་དེ་ཡང་ཨ་ཕ་ནམ་རྒྱུན་ལུག་རྫིར་འགྲོ་སའི་ལམ་ཕྲན་དེ་མ་ཡིན་ནམ།

  “རི་མོ་འདི་ང་ལ་བྱིན་ན་ཆོག་གམ།” སྐད་ཆ་འདི་ངའི་ངག་ནས་ཤོར་མ་ཐག རང་གིས་དེ་ལྟར་ལབ་ན་ཅུང་མི་འོས་པར་སྙམ་སྟེ་འཕྲལ་མར་ཁོང་ལ“རི་མོ་འདི་ང་ལ་ལན་ཞིག་གཡར་ན་ཆོག་གམ”ཞེས་དྲིས་པ་ཡིན།

  “འུ་གཉིས་ངོ་ཕྲད་པ་ནི་ལས་དབང་ཞིག་ཅི་ལ་མིན།” སྙན་ངག་པས་གོམས་སྲོལ་ལྟར་ཐ་མག་རྐང་གཅིག་ལ་མེ་བསྒོས་རྗེས། ཡུད་ཙམ་ལ་བསམ་གཞིག་གི་ལས་ལ་རོལ་ཞིང་། དེ་ནས་ཅུང་སྐྱོ་ཉམས་དང་བཅས་ང་ལ་“མི་ཡུལ་ན་ཨ་ཕ་མེད་པའི་གང་ཟག་ག་ཚོད་ཅིག་ཡོད་དམ”ཞེས་དྲིས་བྱུང་།

  ཏག་ཏག་སྐབས་དེར། ངེད་གཉིས་ཡོད་སའི་སྤྱི་གླིང་དེ་རུ་བྱིས་པ་ཞིག་གིས་གློ་བུར་དུ་“ཨ་ཕ། ཨ་ཕ”ཞེས་སྐད་གསང་མཐོན་པོས་བོས་བྱུང་།

  སྐྱེས་པ་ཞིག་ཚུར་འོངས་ཏེ་བྱིས་པ་དེ་འུབས་པ་བཏབ་ནས་ངེད་གཉིས་ཀྱི་མདུན་ཐད་ནས་ག་ལེར་ཕར་བུད་སོང་།

  “ཁྱོད་ལ་ཨ་ཕ་ཡོད་དམ།” ངས་སྙན་ངག་པ་ལ་འདི་ལྟར་དྲིས།

  སྔོན་ཏག་ཏག་ལ། ངས་སུ་ཞིག་དྲན་བཞིན་སྤྱི་གླིང་གི་མཚོ་འགྲམ་དེར་རང་ཉིད་གཅིག་པུ་ཙོག་སྡོད་དུས། སྐྲ་ལོ་རིང་པོ་བཞག་པའི་མི་ཆ་མེད་ཅིག་ཅི་མི་སྙམ་པར་ངའི་གམ་དུ་ཙོག་བྱུང་། ང་ལ་མཚར་སྣང་དེ་ཙམ་སྐྱེས་མོད། འོན་ཀྱང་མཐོང་ཆུང་དང་། སྣང་མེད། འཛེམ་དོགས། ཡང་ན་འཕྲལ་མར་ཕར་བཀྱེད་པའི་བཟོ་ལྟ་གང་ཡང་མ་བསྟན་པར་ཁོ་དང་དཔུང་བ་མཉམ་གཤིབ་ཀྱིས་བསྡད་པ་ན། མི་ཆ་མེད་དེས་ཐོག་མར་ང་ལ་འཛུམ་ཞིག་བཏོད་བྱུང་། བར་དུ་ང་ལ་ཐ་མག་རྐང་གཅིག་བྱིན་པ་ངས་མི་འཐེན་པའི་ལག་བརྡ་བསྟན། ཁོ་ནི་ཕར་བལྟས་ཚོད་ཀྱིས་སྒྱུ་རྩལ་པ་ཞིག་དང་འདྲ་བོ་འདུག ངས་ཁོ་ལ་ཁྱེད་རང་སྒྱུ་རྩལ་པ་ཞིག་ཡིན་ནམ་ཞེས་དྲིས་པར། ཁོས་ལན་དུ་ཡིན་ཞེས་སྨྲས། ངས་རི་མོ་བ་ཞིག་ཡིན་ནམ་རོལ་མོ་བ་ཞིག་ཡིན་ཞེས་པར། ཁོས་ང་ནི་སྙན་ངག་པ་ཞིག་ཡིན་ཞེས་བརྗོད་བྱུང་། མཐའ་མར་ཁོས་ཧ་ཅང་གཟབ་ནན་གྱིས་ང་ལ་“ཁྱོད་ལ་ཨ་ཕ་ཡོད་དམ”ཞེས་དྲིས། ངས་དྲི་བ་འདི་ལ་བསམ་བློ་ཅི་ཡང་མ་བཏང་པར། ཐད་ཀར“མེད”ཅེས་ལན་བཏབ་པ་ཡིན།

  ཁོས་ཀྱང་ང་ལ་ཐད་ཀར“མེད”ཅེས་ལན་བཏབ་བྱུང་།

  ངས་ཅི་ཡང་མ་བརྗོད་པར་ཡུན་ཙམ་ལ་མདུན་ཕྱོགས་སུ་ཅེར་མོད། འོན་ཀྱང་ངའི་མིག་དབང་གིས་བྱ་དངོས་གཅིག་ཀྱང་འཛིན་ཐབས་མ་བྱུང་།

  “ཨ་ཕ་དྲན་ནམ།”

  སྙན་ངག་པ་དེས་འདི་ལྟར་དྲིས་བྱུང་། ངས་མགོ་ལྕོག་ནང་དུ་ལྡེམ་ཙམ་བྱས་པ་ན། ཁོས་རྒྱབ་ཁུག་ནག་པོ་དེ་ལས་སྣུམ་ཚོན་རི་མོ་ཞིག་སྒོར་བཏོན་ཏེ་ཁྱེད་ཀྱིས་འདི་ལ་ཏོག་ཙམ་གཟིགས་རོགས། ཅི་ཞིག་མཐོང་ཐུབ་ཅེས་འདྲི་བཞིན་རི་མོ་དེ་ངའི་ལག་ཏུ་བཞག ངས་ཅི་མི་སྙམ་པར་མགོ་བོ་ཕར་བསྲིངས་ཏེ་ལན་ཞིག་བལྟས་པའི་མོད་ལ། སྣུམ་ཚོན་རི་མོ་དེ་ལས་ངས་རང་གི་ཨ་ཕ་མཐོང་བྱུང་།

  “ཡ་མཚན་པ་ལ། འདི་ནི་མིག་འཕྲུལ་མིན་ནམ། ངས་ཨ་ཕ་མཐོང་བྱུང་།” ང་ལ་སྨྲ་མི་ཤེས་པའི་དགའ་ཚོར་ཞིག་ཐོལ་ཐོལ་དུ་འཕྱུར་ཡོང་།

  “ཞིབ་ཀྱིས་ལྟོས་ཤིག” སྙན་ངག་པས་ངའི་རྣམ་འགྱུར་ལ་བལྟས་ནས་འདུག

  “འགུལ་བྱུང་། རི་མོའི་ནང་གི་ཨ་ཕ་འགུལ་བྱུང་།” ངས་ཡུན་རིང་ལ་རང་གི་དགའ་ཚོར་དྲག་པོ་དེ་ཅིས་ཀྱང་ནོན་མ་ཐུབ།

  འོན་ཀྱང་། ཉིན་དེར་སྙན་ངག་པས་ང་ལ་རི་མོ་དེ་གཡར་མ་བྱུང་། ཁོས་ང་ལ་གལ་སྲིད་ཁྱོད་ཀྱིས་ད་དུང་ཨ་ཕར་བལྟ་འདོད་ཡོད་ན། གཟའ་འཁོར་རྗེས་མར་འུ་གཉིས་དེ་རིང་གི་གནས་འདི་ནས་དུས་ལྟར་མཇལ་ཡོང་ཞེས་ཁ་ཆད་བཏབ་རྗེས། སྣུམ་ཚོན་རི་མོ་དེ་སླར་རྒྱབ་ཁུག་ནག་པོའི་ནང་དུ་བཅུག་གོ།

  ཉིན་དེར། ང་སྙན་ངག་པ་དེ་དང་འབྲལ་དུས། གང་ཞིག་བློས་མི་ཐོངས་པའི་ཚོར་སྣང་ཞིག་སྐྱེས་ཤིང་། གཟའ་འཁོར་རྗེས་མ་ནི་ཇི་འདྲའི་དུས་ཚོད་རིང་བོ་ཞིག་རེད་ཨང་སྙམ་པའི་ཉམས་སྣང་བྱུང་།

  གཉིས།

  “ཐོག་མར་ངས་ཁྱོད་ལ་སྙན་ངག་ཅིག་གྱེར་འདོན་བྱ།”

  ངེད་གཉིས་ཡང་བསྐྱར་ངོ་ཕྲད་དུས། ང་རང་དགའ་མགུ་ཆེན་པོ་བྱུང་སྟེ། སྙན་ངག་པས་ལམ་སེང་སྣུམ་ཚོན་རི་མོ་དེ་རྒྱབ་ཁུག་ལས་སྒོར་ཕྱུང་ནས་ང་ལ་སྟོན་པར་རེ་སྒུག་ཚད་མེད་བགྱིས་མོད། འོན་ཀྱང་། ཁོས་སྔ་མོ་ནས་སྙན་ངག་ཅིག་གྱེར་འདོན་བྱེད་པར་གྲ་སྒྲིག་བྱས་འདུག

  “ཡ་ཡ། ངས་རྣ་བ་བླགས་ཏེ་ཉན་ངེས།”

  སྙན་ངག་པས་སྐྱོ་ཉམས་དང་བཅས་གྱེར་འདོན་བྱས་བྱུང་། ཁོའི་དྲག་ཞན་རན་པའི་སྐད་གདངས་ནང་དུ་དྲན་གདུང་བསླང་བྱེད་ཀྱི་སྟོབས་ཤུགས་ཤིག་གིས་ཁེངས་འདུག ལྷག་པར་སྙན་ངག་གི་ཚན་པ་རེ་རེར“ཨ་ཕ”ཞེས་པའི་ཡིག་འབྲུ་འདི་གཉིས་རེས་མོས་སུ་འབྱུང་གིན་འདུག་པས། ང་རང་ཐག་ཉེ་ཐག་ཉེ་ཞིག་ནས་ཐག་རིང་ཐག་རིང་ཞིག་ལ་ཁྲིད་སོང་།

  “སྙན་ངག་འདིའི་ཁ་བྱང་ལ་ཅི་ཟེར།” ངའི་མིག་མཐར་མཆི་ཞགས་འཁོར་བཞིན་དེ་ལྟར་དྲིས།

  “རི་མོའི་ནང་གི་ཨ་ཕ་ཟེར། ཡིན་ཡང་ད་དུང་བྲིས་ཚར་མི་འདུག……” སྙན་ངག་པས་ངའི་གདོང་ལ་ལྟ་ཙམ་བྱས་རྗེས། གླེང་གཞི་གཞན་ཞིག་དུ་བསྒྱུར་ཏེ “དེ་རིང་གི་གནམ་གཤིས་ཧ་ཅང་འཇམ། འོ་རེད། ཁྱོད་ཀྱིས་ཨ་ཕར་བལྟའམ”ཞེས་དྲིས།

  ངས་ཨ་ཕར་བལྟས་ཏེ་དུས་ཡུན་རིང་བོ་ཞིག་འགོར་སོང་། རི་མོའི་ནང་གི་ཨ་ཕ་སྔོན་ཆད་ལྟར་འགུལ་གྱིན་འདུག

  ངའི་ཨ་ཕ་ནི་སྤྱི་ལོ་ག་གེ་མོའི་ཟླ་4པའི་ཚེས་8ཉིན་ཚེ་ལས་འདས་པ་ཡིན། ཚེ་ལས་འདས་ཁར་ངེད་གཉིས་ཅིས་ཀྱང་ངོ་ཕྲད་མ་ཐུབ། དེ་དུས། ངས་ནི་ཤར་གྱི་གྲོང་ཁྱེར་འདི་རུ་སློབ་གཉེར་བྱེད་བཞིན་ཡོད་ཅིང་། ཁོང་ནི་ནུབ་ཀྱི་འབྲོག་སྡེ་ཞིག་ན་ཕྱུགས་རྫི་བྱེད་བཞིན་མཆི། ངེད་གཉིས་འདི་ལྟར་སྤྱི་ལེ་ཉིས་སྟོང་ལྷག་གིས་བར་དུ་བཅད་དེ་ཏག་ཏག་ལོ་ངོ་གཅིག་ལ་ངོ་ཕྲད་མ་ཐུབ། ཡིད་སྐྱོ་བ་ཞིག་ལ་ཁོང་གི་ནད་བབ་གློ་བུར་ཇེ་སྡུག་ཏུ་ཕྱིན་པས་ངེད་གཉིས་གཏན་དུ་གྱེས་དགོས་བྱུང་སོང་། གློ་བུར་བའི་གྱེས་བྲལ་དེ་ངའི་སེམས་ཀྱི་ཟུར་ལའང་ཤར་མ་མྱོང་།

  ངས་སྙན་ངག་པ་ལ་དེ་ལྟར་ལབ་པ་ན། ཁོས་ང་ལ་འུ་གཉིས་ངོ་ཕྲད་པ་ནི་ལས་དབང་ཞིག་ཅི་ལ་མིན། ད་ནི་ཁྱོད་ཀྱིས་སེམས་པ་སྐྱོ་སྐྱོ་གནང་མི་དགོས། རི་མོའི་ནང་གི་ཨ་ཕ་ལ་ཡིད་ཚིམ་པ་ཞིག་བལྟས་ཆོག་པ་མིན་ནམ་ཞེས་བརྗོད།

  “དགོངས་པ་མ་ཚོམ། ངས་ཇི་ལྟར་བལྟས་ཀྱང་ཡིད་མི་ཚིམས། ”

  “ང་ཡང་ཡིད་མི་ཚིམས།”

  “རི་མོ་འདི་ཚེ་གང་བོར་ཁྱེད་ལ་དབང་བས། ད་དུང་ཡིད་མི་ཚིམ་མམ།”

  “རི་མོ་འདི་སུ་ལའང་མི་དབང་།”

  ངས་སྐད་ཆ་དེའི་ནང་དོན་ཧ་མ་གོ་བས་ཁོའི་སྐད་ཆ་རྗེས་མ་ལ་བསྒུགས་ནས་བསྡད།

  “རི་མོ་འདི་སུ་ལའང་མི་དབང་། འདི་ཉིད་ཨ་ཕ་གྲོངས་པའི་གང་ཟག་ཐམས་ཅད་ལ་དབང་བ་ཡིན།”

  “འོ་ན་རི་མོ་འདིའི་རྩོམ་པ་པོ་སུ་ཞིག་ཡིན་ནམ།” ང་རེ་ཞིག་ཐེ་ཚོམ་དང་ཡིད་གཉིས་ཀྱི་རྒྱ་རུ་ཚུད།

  “རི་མོ་འདི་ལ་དམིགས་བསལ་གྱི་རྩོམ་པ་པོ་ཞིག་ལར་ནས་མེད་པ་འདྲ། ཡིན་ཡང་། འདི་ཉིད་ཨ་ཕ་གྲོངས་པའི་གང་ཟག་ཐམས་ཅད་ལ་དབང་བ་ནི་བསྙོན་དུ་མེད།” སྙན་ངག་པས་གཟབ་ནན་གྱི་རྣམ་འགྱུར་ཞིག་ཕྱོགས་གཅིག་ཏུ་བསྡུས་ནས་ན་རེ། “རི་མོ་འདི་དང་པོ་འཕགས་ཡུལ་གྱི་དྲང་སྲོང་ཞིག་གིས་དམག་སྤྱི་ཞིག་ལ་བསྩལ་པ་དང་། དམག་སྤྱི་དེས་ཞིང་གྲོང་གི་མགར་བ་ཞིག་ལ་བསྩལ། གོ་ཐོས་སུ་དམག་སྤྱི་དེ་འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་སུ་ལུས་ལ་མེ་མདའ་ཕོག་སྟེ་གྲོངས་སོང་སྐད། ཕྱིས་སུ་མགར་བ་དེས་ཕྱི་གླིང་གི་བུད་མེད་ཅིག་ལ་བསྩལ་ཞིང་ངག་སྒྲོས་ལྟར་ན་བུད་མེད་དེའི་ཨ་ཕས་བུ་ལོན་མཐོན་པོའི་གཉའ་གནོན་མ་ཐེག་པས་རང་སྲོག་བཅད་སོང་ཟེར། དེའི་རྗེས་བུད་མེད་དེས་རི་མོ་འདི་གཞོན་ནུ་ཞིག་ལ་བསྩལ་མོད། གཞོན་ནུ་དེས་རང་གི་སེམས་སོང་གི་གཞོན་ནུ་མ་ཞིག་ལ་བྱིན། ཡིན་ཡང་། གཞོན་ནུ་མ་དེར་ནད་གཞི་དྲག་པོ་ཞིག་ཕོག་སྟེ་འཆི་བ་ལ་ཅིས་ཀྱང་བཟློག་ཐབས་མེད་པ་ཤེས་རྗེས། མོས་རི་མོ་དེ་སློང་མོ་པ་ཞིག་ལ་བསྩལ་རྗེས་ཚེ་ལས་འདས་སོང་ཟེར། ཕྲན་གྱིས་ཤེས་པ་འདི་ཙམ་ལགས། ད་དུང་མི་མང་པོ་ཞིག་ལ་ཐོབ་ཅིང་དེ་དག་གིས་ཀྱང་གཞན་ལ་བསྩལ་ཡོད་ངེས། གང་ལྟར། རི་མོ་འདི་ཉིད་ཨ་ཕ་གྲོངས་པའི་མི་དག་གིས་གཅིག་ལག་གཅིག་གིས་བརྒྱུད་དེ་རྒྱུན་མ་ཆད་པར་འོངས་པ་ཡིན་ལ། འདི་སུས་ཀྱང་སྒེར་དབང་བྱས་མ་མྱོང་ལ་བྱེད་ཀྱང་མི་རུང་བར་སྨྲ། ང་ལ་སྩོལ་མཁན་ནི་དགེ་སློང་བཀའ་དྲིན་ཅན་ཞིག་ཡིན། ཁོང་གིས་ང་ལ་བསྩལ་ནས་རིང་བོ་མ་འགོར་བར་སྐུ་གཤེགས་སོང་། ”

  “འོ་ན་འཕགས་ཡུལ་གྱི་དྲང་སྲོང་དེ་ལ་ཡང་སྙིང་སུ་ཞིག་གིས་བསྩལ་བ་ཡིན་ནམ།”

  “དེ་སུས་ཀྱང་མི་ཤེས།” སྙན་ངག་པས་ཚིག་ཐག་ཆོད་པའི་སྒོ་ནས་འདི་ལྟར་ལན་བཏབ།

  གསུམ།

  ནམ་ཟླ་སྟོན་ལ་སླེབས་འདུག སྤྱི་གླིང་ནང་གི་སྡོང་ལོ་དག་ནི་སྔར་གྱི་ལྗང་མདོག་དང་མཛེས་སྡུག་ཡལ་ཏེ་ད་ནི་སེར་ལམ་ལམ་དུ་ཆགས་བཞིན་ཡོད་ལ། རེ་འགའ་ཞིག་ནི་ད་ལྟ་ཉིད་ནས་ས་རུ་ཟགས་ཀྱིན་འདུག སྙན་ངག་པ་དང་ངེད་གཉིས་ཐེངས་གསུམ་པར་ངོ་ཕྲད་དུས། ཁོས་ལམ་འགྲམ་དུ་ལྷུང་བའི་སྡོང་ལོ་ཞིག་ཡར་བསྒྲུགས་ཤིང་མཐེ་བོང་དང་གོང་མཛུབ་བར་ནས་ཕར་བསྐོར་ཚུར་བསྐོར་ལན་འགའ་བྱས་རྗེས། སྡོང་ལོ་དེ་ཁོས་མགོ་ཐོག་གི་བར་སྣང་དུ་གཡུགས། སྡོང་ལོ་ནི་བར་སྣང་དེ་རུ་འཕྱོ་ཙམ་འཕྱོ་ཙམ་བྱས་མོད། མཐོ་ཚད་ངེས་ཅན་ཞིག་ནས་ཅིས་ཀྱང་བཟློག་ཏུ་མེད་པའི་ཚུལ་གྱིས་ཡང་བསྐྱར་ས་རུ་ལྷུང་སོང་། སྐབས་དེར། སྙན་ངག་པས་ང་ལ“ཁྱོད་ཀྱིས་ཤེས་སམ། ད་ལྟ། ངའི་སེམས་ཁམས་ནི་སྡོང་ལོ་འདི་དང་གཉིས་སུ་མེད”ཅེས་བརྗོད།

  ངས་སྙན་ངག་པའི་སྐད་ཆ་དེའི་མཐིལ་དོན་ཅི་ཞིག་ཡིན་པ་མི་རྟོགས་ནའང་། སྐད་ཆ་དེ་རུ་སྐྱོ་སྡུག་གི་ཆ་ཞིག་འདྲེས་ཡོད་པ་ངང་ངམ་ཤུགས་ཀྱིས་ཚོར་བྱུང་།

  “ཁྱེད་ཀྱི་ལུས་ཕུང་ཡར་སྔོན་དང་བསྡུར་ན་སྐེམ་རིད་དུ་སོང་འདུག ངོ་མདངས་ཀྱང……”ངའི་སྐད་ཆའི་མཇུག་མ་རྫོགས་གོང་དུ་སྙན་ངག་པས་ང་ལ་“དེ་ཁྱོད་ཀྱིས་ཚོར་བྱུང་ངམ”ཞེས་ལྡོག་འདྲི་བྱས།

  “ཁྱེད་ཀྱི་གཟུགས་པོ་མི་བདེའམ།” ངས་སེམས་ཁུར་དང་བཅས་དྲིས།

  སྙན་ངག་པས་ཨ་ལན་ཅི་ཡང་མ་ལྡོན་པར་རེ་ཞིག་ཁ་རོག་གེར་འདུག ཁོས་ཐ་མག་རྐང་གཅིག་ལ་མེ་བསྒོས་ཤིང་དེ་རྔུབ་ནས་ཚར་རག་བར་དུ་ང་ཡང་ཁ་རོག་གེར་བསྡད་པ་ཡིན།

  “ཐེངས་སྔོན་མར་ཁྱོད་ལ་གྱེར་བའི་སྙན་ངག་དེ་ད་དུང་བྲིས་མ་ཚར། ངས་དེ་སྙན་ངག་རིང་མོ་ཞིག་བརྩམ་འཆར་ཡོད་མོད། འོན་ཀྱང་། འོན་ཀྱང་།……”

  ངས་ཡུན་རིང་ལ་བསྒུགས་ཀྱང་། ཁོས་“འོན་ཀྱང་”གི་རྗེས་ཀྱི་སྐད་ཆ་དེ་ཅིས་ཀྱང་ངག་སྒོ་རུ་བཏོན་མ་བྱུང་བས། ང་ལ་འཚུབ་ཆ་གློ་བུར་བ་ཞིག་ལྡང་བ་དང་། སེམས་སུ་ཁོ་ལ་ནད་ཅིག་བྱུང་ཡོད་པ་ངེས་གཏན་རེད་སྙམ། སྐབས་ཤིག་ལ། སྙན་ངག་པས་རྒྱབ་ཁུག་ནག་པོའི་ནང་གི་སྣུམ་ཚོན་རི་མོ་དེ་ཕྱིར་བླངས་ནས་སླར་ཡང་ཁོ་རང་གི་ཨ་ཕར་བལྟས་བལྟས་རྗེས། ཅུང་ཟད་བློས་མི་ཐོངས་པའི་ངང་ནས་སྣུམ་ཚོན་རི་མོ་དེ་གཞི་ནས་ངའི་ལག་ཏུ་སྤྲད་བྱུང་།

  “རི་མོ་འདི་ལ་བདག་དམ་ནན་མོ་བྱ་དགོས། འདི་ཉིད་རྡོག་རྫིས་སུ་གཏོང་མི་རུང་། མི་རབས་ནས་མི་རབས་བརྒྱུད་པའི་རིན་ཆེན་ནོར་བུ་ཞིག་དང་ཁྱད་མི་འདུག ནམ་ཞིག ཁྱོད་ཀྱིས་རི་མོ་འདི་ཉིད་མི་གཞན་ཞིག་ལ་སྩོལ་དུས། ངས་བཤད་པའི་སྐད་ཆ་འདི་དག་རེ་རེ་བཞིན་ཕ་རོལ་བོ་གང་དེའི་རྣ་ལམ་དུ་ནན་གྱིས་འཇོག་རྒྱུ་ཡིད་ལ་འཇགས་པར་འཚལ། འདི་ནི་ཨ་ཕ་གྲོངས་པའི་མི་དག་གི་ལེགས་སྐྱེས་ཡིན་ལ། ང་ཚོ་ཐུན་མོང་གི་འགན་འཁྲི་ཡང་ཡིན་ནོ།།”

  སྙན་ངག་པས་དེ་ལྟར་བཤད་རྗེས། ངའི་སེམས་སུ་ད་ནི་ཉིན་རྒྱུན་རང་གི་ཨ་ཕར་བལྟས་ཆོག་པ་མིན་ནམ་སྙམ་སྟེ་ཧ་ཅང་དགའ་བྱུང་། འོན་ཏེ། གློ་བུར་གློ་བུར་དུ་སྔོན་ཚོར་མི་ལེགས་པ་ཞིག་སེམས་ཀྱི་ག་ཤེད་ཅིག་ནས་འགོག་མེད་དུ་འཕོས་ཡོང་བར་བསྟུན། དགའ་སྣང་དེ་སྐྱོ་སྣང་དུ་གྱུར་སོང་ལ། རེ་ཞིག་གི་དུས་ལ། སེམས་ཀྱི་འཚུབ་ཆ་དྲག་པོ་ཡལ་ཐབས་མ་བྱུང་།

  “འུ་གཉིས་སང་ཉིན་ཡང་བསྐྱར་མཇལ་ཆོག་གམ།” ངས་འདི་ལྟར་དྲིས།

  “དེ་རིང་ནི་མཐའ་མཇུག་གི་ཉིན་མོ་ཡིན།”

  ང་ཡ་མཚན་ཆེན་པོ་སྐྱེས་ཏེ་འཕྲལ་མར་ཁོ་ལ་“ཅིའི་ཕྱིར། ཁྱེད་རང་གང་ཞིག་ཏུ་ཕེབས་རྒྱུ་ཡིན་ནམ”ཞེས་དྲིས།

  “གྲོང་ཁྱེར་འདི་རུ་ང་ལ་གྲོགས་པོ་གཅིག་ཀྱང་མེད། ཡིན་ཡང་། ངས་རི་མོ་འདི་ཁྱོད་ལ་བསྩལ་ཉིན་ནས་འུ་གཉིས་གྲོགས་པོ་རུ་གྱུར་སོང་བ་ཡིན།”

  “ཁྱེད་རང་གང་ཞིག་ཏུ་ཕེབས་རྒྱུ་ཡིན་ནམ” ངས་ཡང་བསྐྱར་འདི་ལྟར་འདྲི་དགོས་བྱུང་།

  “ད་ནི་བདེ་མོ་འཇོག་པར་བྱ།”

  ཁོས་དེ་ལྟར་བཤད་རྗེས། སྐད་ཆ་ལྷག་མ་གང་ཡང་མེད་པར་ལག་པས་ངའི་ཕྲག་སྟེང་ལ་རྡེག་ཙམ་བྱས་མཐར། སྤྱི་གླིང་གི་ཕྱི་རོལ་དུ་གོམ་ཁ་བསྒྱུར་སོང་།

  ངས་སྙན་ངག་པའི་རྒྱབ་གཟུགས་ལ་མིག་སྐྱེལ་བྱེད་དུས། ཁོའི་གོམ་ཆུང་རེ་རེའི་ནང་དུ་ལྗིད་ཏིག་ཏིག་གི་ཅི་ཞིག་ལྷགས་ཡོད་པ་ཚོར་བྱུང་། ཁོའི་གཟུགས་པོ་ནི་མངོན་སུམ་གྱིས་སྐེམ་རིད་དུ་གྱུར་འདུག་ལ། དེ་ནི་ཁོ་རང་གློ་བུར་དུ་རྒས་སོང་བ་དང་འདྲ།

  ང་རང་གཅིག་པུ་ལམ་འགྲམ་དུ་ཙོག་ནས་སྡོད་དུས། སྡོང་ལོ་ཞིག་ས་རུ་ལྷུང་སོང་། སྡོང་ལོ་དེ་དེ་ལྟར་ས་རུ་ལྷུང་བ་ན། སྙན་ངག་པའི་སྐད་ཆ་ཞིག་ངའི་ཡིད་ལ་བྲག་ཅ་བཞིན་དུ་འཁོར་བྱུང་།

  བཞི།

  འགུལ་བྱུང་། རི་མོའི་ནང་གི་ཨ་ཕ་འགུལ་བྱུང་།

  ང་ལ་འདི་ལྟ་བུའི་རི་མོ་རྩ་ཆེན་ཞིག་ཐོབ་པ་ནི་རང་གི་བསོད་ནམས་ཤིག་ཏུ་བརྩིས་ཀྱང་མི་ཆོག་པ་མེད། ངས་ཁ་རོག་གེར་རང་སེམས་ལ་འདི་ལྟར་སྨྲས། ཨ་ཕ་དང་ངེད་གཉིས་ཅིས་ཀྱང་ངོ་ཕྲད་མ་ཐུབ་ཀྱང་། ད་ནི་ངས་ཁོང་གི་ཞལ་རས་དང་འགྲོ་འདུག་སྤྱོད་གསུམ་ཚང་མ་མཐོང་ཐུབ་པས། སྔོན་ཆད་ལྟར་དྲན་གདུང་གིས་གཟིར་ཅིང་སྐྱོ་སྡུག་གིས་མནར་ཏེ་མིག་ཆུ་འདོན་མི་དགོས།

  ལྟོས་དང་། རི་མོའི་ནང་གི་ཨ་ཕ་མལ་ལས་ལངས་ཏེ་ནངས་རྩམ་རྫི་བཞིན་འདུག རྟ་ཕོ་རྐྱང་ངེ་ལ་སྒ་ཆ་བསྟད་དེ་ལུག་ཁྱུ་དེད་ནས་རི་ལ་འགྲོ་བཞིན་འདུག ཨ་ལ་ལ། དེ་དུས་ཁོ་རང་ལོ་ན་ཧ་ཅང་གཞོན། རྟ་གོང་ནས་ལ་གཞས་ལེན་པར་དགའ་ལ། རྟ་ཕོའི་བང་རྩལ་ངོམས་ཏེ་སྨན་ཤར་དུ་མའི་ཡིད་སེམས་ཀྱང་དྲངས་མྱོང་། ཕྱིས་སུ་ཁོས་ཆུང་མ་བླངས་རྗེས། ཁྱིམ་ཚང་ཞེས་པའི་འགན་འཁྲི་གང་དེ་ད་གཟོད་ཁོའི་ཕྲག་གོང་ཏུ་ལྷུང་།

  རི་མོའི་ནང་གི་ཨ་ཕར་བྱིས་པ་གསུམ་ཡོད། ཡིན་ཡང་སྐབས་རེར་ཁོས་བྱིས་པ་གསུམ་གྱི་ཨ་མར་སྡིགས་མོ་གཏོང་ཞིང་གཅར་རྡུང་ཡང་ཐེངས་འགར་བྱས་མྱོང་། ཉིན་ཞིག་ཁོས་སྔར་ལྟར་གཅར་རྡུང་བྱེད་གྲབས་སུ་བུ་ཆེ་བ་དང་ཆུང་བ་གཉིས་ཀ་ཨ་མའི་ཕྱོགས་སུ་འགྲེང་བས་མི་ཚད། ཉིན་གསུམ་རིང་ཁོ་ལ་ཁ་ཡ་མ་བྱས་པ་ནས་བཟུང་། ཁོས་རང་གི་ཆུང་མར་ཐེངས་གཅིག་ལའང་གཅར་མ་ཕོད།

  རི་མོའི་ནང་གི་ཨ་ཕ་རྟ་ལ་དགའ། རྟ་ལ་ཧ་ཅང་དགའ།

  རི་མོའི་ནང་གི་ཨ་ཕ་མི་འདོད་ནད་ཀྱིས་བཟུང་། སྨན་པས་ཁོའི་ནད་རྟགས་དེ་ངོས་བཟུང་རྗེས། ཁོ་རང་གཞི་ནས་ཕམ་སོང་།

  རི་མོའི་ནང་གི་ཨ་ཕ་ནད་ཁྲིའི་སྟེང་མལ་ཏེ་ཉེ་གམ་གྱི་ཆུང་མ་དང་གཉེན་ཉེ་དག་མིག་གིས་འཚོ་བཞིན་ཡོད་ནའང་། བུ་གཉིས་ནི་རྒྱང་རིང་ས་མཐའ་ན་སློབ་གཉེར་ལ་བརྩོན་བཞིན་ཡོད་པས། ཁོང་འཆི་ཁ་མར། ཡིད་ལ་ཐོགས་པ་ཉག་གཅིག་ནི་ད་དུང་སློབ་མཐར་ཕྱིན་མེད་པ་དང་བྱ་བ་བཙལ་མེད་པ། སྒོས་སུ་ཆང་ས་བརྒྱབ་མེད་པའི་རང་གི་བུ་གཉིས་ཡིན་འདུག

  རི་མོའི་ནང་གི་ཨ་ཕ་ཚེ་ལས་འདས།

  སྙན་ངག་པས་སྣུམ་ཚོན་རི་མོ་དེ་ང་ལ་བསྩལ་ཉིན་ནས་ངས་ཨ་ཕའི་འདས་སོང་གི་གཏམ་རྒྱུད་མཐའ་དག་རེ་རེ་བཞིན་མཐོང་སོང་། ལྷག་པར་ངེད་གཉིས་ངོ་མ་ཐུག་པའི་ལོ་ཟླ་དེ་དག་གི་རིང་ལ། ཨ་ཕའི་དཀའ་སྡུག་དང་སེམས་ཁྲལ་མཐའ་དག་མཐོང་སོང་། སྤྱི་ཟླ་4པའི་ཚེས་8ཉིན་གྱི་སྐྲག་དངངས་དང་མིག་ཆུ་ཡང་མཐོང་སོང་།

  ལྔ།

  སྙན་ངག་པས་རི་མོ་འདི་ང་ལ་བསྩལ་བ་ནས་བཟུང་། དེ་ནི་ངའི་འགན་འཁྲི་ཞིག་ཏུ་གྱུར་སོང་བ་ཡིན་ལ། ནམ་ཞིག ངས་ཀྱང་རི་མོ་འདི་ངེས་པར་དུ་མི་གཞན་ཞིག་ལ་བསྩལ་དགོས།

  རེད་ཡ། ངས་རི་མོ་འདི་སུ་ཞིག་ལ་བསྩལ་ན་ལུགས་དང་མཐུན་ནམ།

  ངས་གནད་དོན་འདི་ལ་མནོ་བསམ་ལན་ཞིག་བཏང་བ་ན། མི་མང་པོ་ཞིག་འཚང་ཁ་ཤིག་ཤིག་ངའི་ཡིད་ལ་འཁོར་ཡོང་། དེ་ཚོའི་ཁྲོད་དུ་ངའི་གཉེན་ཉེ་དང་སློབ་གྲོགས་ཡོད་ལ། ལས་གྲོགས་དང་དགེ་རྒན་ཡང་འགའ་རེ་མཆིས། ཁོ་ཚོ་ཚང་མའི་ཨ་ཕ་གྲོངས་ཟིན། ང་ལ་བློས་ཐུབ་ཀྱི་གྲོགས་པོ་གཉིས་ཡོད་པ་དེ་གཉིས་ཀྱི་ཨ་ཕ་ཡང་སྔ་མོ་ནས་གྲོངས་སོང་། ང་ཚོའི་ལས་དབང་ཇི་འདྲའི་མཚུངས་ཨང་།

  ངས་རི་མོ་འདི་ཡང་སྙིང་སུ་ཞིག་ལ་བསྩལ་ན་ལུགས་དང་མཐུན་ནམ།

  ཉིན་ཞིག ངས་སྣུམ་ཚོན་རི་མོ་དེ་ཁུར་ནས་སྔོན་གྱི་སྤྱི་གླིང་དེར་སོང་། སྐབས་ཤིག་ལ། ངས་སྐྲ་ལོ་རིང་བའི་སྙན་ངག་པ་དེ་ཧ་ཅང་དྲན་བྱུང་། ཁོང་ད་ལྟ་འཇིག་རྟེན་དཀར་ངོགས་སུ་བཞུགས་མིན་ཡང་གདེང་ཚོད་སྤུ་ཙམ་མེད་པས། ངས་ཁོང་ལ་བཀའ་དྲིན་ཞུ་བཞིན་སེམས་པ་རབ་ཏུ་སྡུག་ཅིང་མིག་མཐའ་བརླན་ཤིག་ཤིག་བྱེད། རེ་ཞིག་སེམས་ངལ་ལྕི་དྲགས་པས་ང་རང་མཚེའུའི་འགྲམ་གྱི་ལམ་ཕྲན་དེད་ནས་མདུན་དུ་བསྐྱོད་པ་ན། མཚོ་འགྲམ་དུ་བུ་མོ་ཆུང་ཆུང་ཞིག་ཁ་རོག་གེར་ངུ་བཞིན་འདུག ངས་ཅི་བྱུང་སྙམ་ནས་སེམས་ཆུང་ནེམ་ཆུང་གིས་བུ་མོའི་གམ་དུ་བཅར་ཏེ་རྒྱུ་མཚན་དྲིས་པར། བུ་མོ་དེས་ངུ་ངག་དང་བཅས་ང་ལ་འདི་ལྟར་བརྗོད་བྱུང་།

  “དེ་རིང་ནི་ངའི་ཨ་ཕ་ཚེ་ལས་འདས་ནས་ཏག་ཏག་ལོ་འཁོར་གཅིག་ལོན་པའི་ཉིན་མོ་རེད། ངས་ཨ་ཕ་—དྲན་གི ཨ—ཕ—དྲན—གི—”

  ངས་སྐད་ཅིག་ཉིད་ལ་རང་གིས་ཁུར་ཡོད་པའི་སྣུམ་ཚོན་རི་མོ་དེ་དྲན་བྱུང་།

  2018/9/27/ཉིན་པེ་ཅིན་ནས་བྲིས།

  2018/10/1ཉིན་བཟོ་བཅོས་དང་པོ་བྱས།

  2019/12/22བཟོ་བཅོས་གཉིས་པ་བྱས།
 

  རྩོམ་སྒྲིག་པ། དབང་མོ།
               
   
                          (མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང་)

  

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།