མཚོ་མཇལ།

བསོད་ནམས་ལེགས་བཤད།(ལྷ་ས) 琼迈文学网 2026-01-25

                           ---སྒྲུང་འདི་འཁྲབ་ཁྲིད་པ་ཁོང་ལ་ཕུལ་བ་ལགས།

  *

  གནམ་གྱི་མཐའ་ནས་ལྷེབ་ཙམ་དྲས་ཏེ་ས་ཆེན་གྱི་སྒལ་རྨར་ལྷན་པ་གཅིག་བཏབ།

  ལྷན་པའི་མིང་ལ་ཡར་འབྲོག་གཡུ་ཡི་མཚོ་མོ་ཟེར། འདྲ་མཁན་ཚེམ་བུ་བས་སྒལ་རྨའི་ཆེ་ཆུང་མ་འཇལ། གང་བྱུང་མང་བྱུང་དྲས་དྲས་པས་ས་བཀྲའི་སྒང་ནས་བལྟས་ཚེ། ཡར་འབྲོག་གཡུ་མཚོ་སྡིག་པ་རྭ་ཙ་དང་ཧ་ཅང་འདྲ། ཧ་ཅང་འདྲ་བས་མ་ཚད་ཁྱད་པར་མེད་པ་ཆགས། ངས་སྡིག་པ་རྭ་ཙ་དངོས་སུ་མཐོང་མ་མྱོང་། ངས་ད་ལྟའི་བར་ལ། ཡར་འབྲོག་གཡུ་མཚོའང་གསལ་གསལ་མཐོང་མ་མྱོང་།

  ང་རང་ལྟེ་ཁྲག་འཕོ་སའི་མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་ས་མ་འབྲོག་གི་དུད་ཁྱིམ་ནང་། ཨ་མས་བྱ་སྒོང་རེ་བརྔོས་ནས་སྒོང་འབྲས་ལྟ་བུ་རེ་བཟོ་སྐབས། སྤོ་བོ་དམ་པས་སྒོང་སྐོགས་གྲུམ་དུ་མ་འཇུག་པ་གྱིས་ཤིག་ཅེས་ཨ་མར་མངགས་ཏེ། སྒོང་སྐོགས་རེ་རེ་བཞིན་ཁྱིམ་གྱི་སྒོ་ཐོག་གི་དྲལ་མའི་རྩེ་ལ་བསྐོན་རྐྱང་གནང་། དེ་དུས་སྤོ་བོས་སྡིག་པ་རྭ་ཙ་བྱ་སྒོང་ལ་སྐྲག་ཟེར་བ་ལས། སྡིག་པ་རྭ་ཙ་སྒོ་ངའི་དབྱིབས་ལ་སྐྲག་གམ་མདོག་ལ་སྐྲག ། ངས་མུ་མཐུད་བཀའ་འདྲི་མ་ཞུས།

  ད་ནི་སྤོ་བོ་ཡང་། གྲོང་ཚོའི་མ་ཎི་ཁང་ལ་སྐོར་བ་བསགས་བསགས་ནས་རྒྱང་རིང་ལ་ཕེབས་ཚར།

  *

  ཡར་འབྲོག་གཡུ་མཚོ་སྡིག་པ་རྭ་ཙ་འདྲ་ཟེར་བ་དང་པོ་གོ་དུས། ང་ཟི་ལིང་ནས་པེ་ཅིན་ལ་འགྲོ་བའི་མེ་འཁོར་སྒང་ཡོད།

  གཏམ་གསར་པ་དེ་མེ་འཁོར་ཟི་ལིང་བུད་ནས་གང་འཚམ་སོང་རྗེས། ཆུ་ལེན་པར་འགྲོ་དུས་འཕྲད་པའི་གསར་བུ་དེས་ང་ལ་བཤད།

  བལྟས་ཚོད་ལ་ཁོ་རང་ང་ལས་ལོ་བཅུ་གྲངས་ཀྱིས་ཆུང་ནའང་། གཟབ་ནན་གྱི་ངོ་གདོང་སྒང་ལ་གཟབ་ནན་གྱི་ཤེལ་མིག་བཏགས། གཟབ་ནན་གྱིས་ཡར་ལངས་ནས་གཟབ་ནན་གྱིས། “རྒན་ལགས། ཁྱེད་ཉིད་ཀྱི་སྒྲུང་བཀླགས་མྱོང་། ཡིད་དབང་འཕྲོག་པ་ཤ་སྟག་བྱུང་” ཞེས་ཨམ་སྐད་ཀྱི་གདངས་བག་ཙམ་བསྲེས་ནས་བཤད།

  ངས་ཀྱང་དེ་མུར་འོ་ཡ་ཡ། བཀའ་དྲིན་ཆེ་ཞུས་པས།

  བུ་དེས་ངའི་ལག་ནས་ཆུ་ཕོར་བླངས་ཏེ། “ཁྱེད་ཉིད་འདི་གར་སྐུ་བཞུགས་གནང་དང་། བདག་གིས་ཆབ་ལེན་ཆོག་”ཟེར། སྐད་ཆའི་བཤད་སྟངས་དང་ལུས་ཀྱི་གུས་ལུགས་ནས་ངས་ཁོ་རང་བཀྲུས་ནས་མི་འདག་པའི་དབུས་པ་ཞིག་ཡིན་པ་གཏན་འཁེལ།

  ང་གཉིས་ས་གཙང་ས་ནས་ཡོང་། ཆུའི་ཆུ་མགོ་ནས་ཡོང་། ད་དུང་གསར་བུ་ཁོ་རང་། ངའི་ཡུལ་མི་ཚོའི་ཐལ་མོའི་བར་གྱི་དབུས་གཙང་དག་པའི་ཞིང་ནས་ཡོང་།

  “རྒན་ལགས། ཆབ་འཁོལ་བཞེས་གནང་།” གསར་བུ་དེ་སྒུར་ཞུམ་ཞུམ་ངང་ཁ་སྤྲོད་ཀྱི་རྐུབ་སྟེགས་སྟེང་བསྡད།

  ངས་འོ་ཡ། བཀའ་དྲིན་ཆེ། བུ་ཁྱེད་ཕ་ཡུལ་གང་གི་ཡིན་ཞེས་དྲིས་པ་ཡིན་མོད། མེ་འཁོར་ཕུག་ལམ་ནང་འཛུལ་སྟབས་ང་གཉིས་སྐད་ཆ་མེད་པར་དར་ཅིག་ལུས། ཕུག་ལམ་ནས་གྲོལ་རྗེས་ངས་ཐོག་མར་ཁོའི་སྐྲ་ཚུགས་ལ་དོ་སྣང་བྱུང་།

  མི་ལོ་བརྒྱ་ཡི་གོང་རོལ་ལ། དབུས་གཙང་གི་སྐུ་དྲག་ཚོའི་ཕྲུ་གུས་ཀྱང་། ཧ་བཏབ་ཀྱང་ནོགས་དོགས་པའི་སྐྲ་ལོ་དེ་ལྟར་རྒྱབ་ཏུ་ཤད་དེ། རྫོང་རྒྱབ་ཀླུ་ཁང་ནང་ནས་ཁོ་ཧྥེ་འཐུང་ཞོར། མི་ཡུལ་གྱི་ཨ་ཅེ་ལྷ་མོར་བལྟས་ཡོད་ངེས།

  “རྒན་ལགས། བདག་གི་ཕ་ཡུལ་གསུངས་པས། བདག་ཡར་འབྲོག་ནས་ཡིན་ལགས།” ང་རང་ཁོའི་ནག་ཅིང་སྣུམ་པའི་སྐྲ་ལོར་མགོ་འཁོར་ནས་ཡོད་སྐབས། སྲས་སྐུ་ཞབས་ཀྱི་སྐྲ་ཚུགས་བཞག་པའི་གསར་བུ་དེས་ལན་སྤྲད།

  “འོ་ཡ། གཡུ་མཚོའི་མཐའ་ནས་རེད་པ། ང་སོང་མ་མྱོང་མོད། ཡར་འབྲོག་སྐོར་གྱི་གཞས་ཤིག་གོ་མྱོང་།”

  “བཀའ་གནང་རང་། རྒན་ལགས།
    དྭངས་གཙང་གཡུ་ཡི་མཚོ་མོ།
    མཚོ་མོ་ཡར་འབྲོག་གཡུ་མཚོ།
    མུ་མཐའ་མེད་པའི་རྩྭ་ཐང་།
    རྩྭ་ཐང་ཡར་འབྲོག་ཀརྨ་གླིང་། ཟེར་བའི་གཞས་གཅིག་གསན་མྱོང་ཡོད་ཤག ། ང་ཡི་སྐྱིད་པའི་ཕ་ཡུལ། གཡུ་མཚོའི་འགྲམ་ན་ཡོད་ལགས།”

  “འོ་ཡ་ཡ། གོ་མྱོང་གོ་མྱོང་། ད་རུང་དམངས་གཞས་སྙིང་ལ་ཟུག་པ་ཞིག་ཡོད་པ་…… ད་དྲན་མ་སོང་། རྗེས་མ་དུས་ཚོད་བྱུང་ཚེ་གཡུ་མཚོའི་འགྲམ་ལ་ཡོང་ངེས་ཡིན།”

  དེ་དུས་ངས་སྣང་བ་རྣམ་རྟོག་མེད་པར་དེ་ལྟར་བཤད། དམ་བཅས་པ་མིན་ཀྱང་ལས་དབང་གིས་མ་བཞག་པར། ད་རེས། ངས་ཡར་འབྲོག་གཡུ་མཚོ་ལ་གཟས་ཏེ་ཟི་ལིང་ནས་ལྷ་སར་འཕུར། དེ་རྗེས་སྣ་དཀར་རྩེ་ལ་ཡོང་། མདང་ནུབ་ཕྱི་པོ་ཆགས་པས་ལམ་བར་ནས་གཡུ་མཚོ་རབ་རིབ་ལས་མ་མཐོང་ཡང་། ནམ་མཁར་སྐར་གྲལ་བསྒྲིགས་སྐབས། སྣ་དཀར་རྩེ་སློབ་འབྲིང་གི་སློབ་མ་ཚོས་《ལག་དམར་》བལྟས་ནས་དབྱིངས་འཕར།

  ངས་དེ་ལྟར་ཐུབ་བསྟན་མཉམ་པོར་མཚོ་སྐོར་རྒྱག་ཞོར་གློག་བརྙན་སྟོན་ཞོར་དུ། སྔོན་མ་དྲི་མེད་ཀུན་ལྡན་འཚོལ་མྱོང་བ་ཇི་བཞིན། རྩྭ་ཐང་དང་རི་གྲོང་། དགོན་པ་དང་གྲོང་རྡལ། འདས་པ་དང་མ་འོངས་ཏེ་བོད་ཡུལ་གྱི་ཆེས་ཟབ་ས་དང་། ཆེས་དྭངས་སའི་གཏིང་རིམ་གྱི་འགྲུལ་བཞུད་ཅིག །ཡར་འབྲོག་གཡུ་མཚོའི་ཁ་ནས་མགོ་བརྩམས།

  *

  “རྒན་ལགས་ཡར་འབྲོག་ལ་ཕེབས་ན། ཡིན་གཅིག་བདག་ལ་འབྲེལ་བ་གནང་ཕེབས་ཤོག །”

  ངས་འོ་ཡ་བཀའ་དྲིན་ཆེ། རྗེས་མ་སུན་པོ་བཟོ་ངེས་ཡིན། བུ་ཁྱེད་པེ་ཅིན་ལ་བྱ་བ་ཡོད་དམ་ཞེས་དྲིས།

  “བདག་ཞིབ་འཇུག་འདོན་གྱི་ཡོད། དངོས་གཞིའི་དུས་ནས་ཁྱེད་ཀྱི་སྒྲུང་མང་དག་བཀླགས་མྱོང་།” ཁོས་སྒེའུ་ཁུང་གི་ཕྱིར་ལྟ་ཙམ་བྱས་ཤིང་། “ད་ལན་ཇུར་འབྱོར་རན་འདུག །མར་ཙམ་སོང་ན་རྒན་ལགས་ཀྱི་མ་ཡུམ་སློབ་གྲྭ་མཐོང་ཐུབ་”ཟེར།

  ངས་རེད་རེད། མི་ལོ་ལྔ་དྲུག་ལ་གྲོང་ཁྱེར་མ་གིར་བསྡད་པ་རེད་དོ་ཞེས་བཤད།

  “རྒན་ལགས་ཀྱི་སྒྲུང་དང་པོ། 《མི་དང་ཁྱི་》ཞེས་པ་ཡང་གྲོང་ཁྱེར་དེར་བྲིས་པ་མིན་ནམ།” ཁོས་རྒྱང་ནས་མཐོང་བའི་ལན་ཇུའི་ཕྱོགས་ལ་བལྟས་ནས་མནོ་བསམ་གཏོང་གིན། “ངོ་མ་ཉམས་རེ་དགའ་ཨང་། དེ་ལྟར་ཁྱེད་དང་མཇལ་ཡོང་བསམ་པའི་ཡུལ་ན་མེད་”ཟེར།

  ངས་དེ་ཉིན་སྲས་སྐུ་ཞབས་ཀྱི་སྐྲ་ཚུགས་ཡོད་པའི་གསར་བུ་ཁོང་དོ་ནན་དུ་འགྱུར་ཚེ། པེ་ཅིན་ལམ་ཐག་རིང་ཨང་སྙམ་ནས།

  ཡིན་ཡིན། ཕར་ནས་བྲིས་པ་ཡིན་ཅེས་བཤད།

  དོན་ངོ་མར་ངས་སྒྲུང་དང་པོ་སློབ་ཆུང་གི་དགེ་རྒན་བྱེད་དུས་བྲིས། རྩོམ་སྒྲིག་པར་ནུབ་བྱང་ནས་བསྐུར་བ་ཡིན། འབྲིང་རིམ་སློབ་གྲྭ་ལས་མཐར་ཕྱིན་རྗེས། ང་རང་རྫོང་སློབ་ཆུང་གི་དགེ་རྒན་ལ་མངགས། སློབ་མ་ཚོས་བཤད་པ་ལོས་བདེན། ཁོ་ཚོ་ཁ་ཅིག་མ་འོངས་པར་རྒྱ་ནག་གི་གྲོང་ཁྱེར་ཆེན་པོར་བསྐྱོད་དགོས་པས་རྒྱ་ཡིག་དགོས། ཁོ་ཚོ་ཁ་ཅིག་མ་འོངས་པར་ས་ཞིང་གི་མུའུ་དང་ཕྱུགས་ཀྱི་མགོ་གྲངས་བརྩི་དགོས་པས་རྩིས་རིག་ཀྱང་མཁོ། ཁོ་ཚོ་ཁ་ཤས་མ་འོངས་པར་འདོན་པ་ཡང་ཙག་ཙིག་གདོན་ཤེས་དགོས་པས་བོད་ཡིག་ཀྱང་མ་ཁྲིད་ན་མི་འགྲིག །

  ང་ལ་ཟླ་རེར་གླ་ཆ་སྒོར་༨༠ལྷག་ཡོད་མོད་མཐའ་འཁོར་གྱི་མི་འགས་ང་ལ་ལུག་རྫི་ཟེར། ངས་ཀྱང་སྤོ་བོ་ལྷན་དུ་ལུག་རྫི་བྱེད་མྱོང་། ལུག་རྫི་བྱིས་རྫི་ལས་སོས་དལ། དེ་དུས་ཉིན་མོ་མི་ཁོམ་པ་རྐྱང་རྐྱང་ངང་རྫོགས། ཕྱིས་སུ་སྙན་དེབ་ཅིག་གི་མིང་ལ་《མི་ཁོམ་པའི་གནས་དང་དེའི་བདག་པོ་》ཞེས་བཏགས་པ་མཐོང་བས། དེ་དུས་ང་ཡང་མི་ཁོམ་པའི་གནས་ཀྱི་བདག་པོ་བདག་རྐྱང་གཅིག་ཡིན་བསམས། མཚན་ལ་བྱིས་པ་རྣམས་ཁྱིམ་དུ་ལོག་རྗེས་བྱིས་རྫི་གཅིག་པོ་དེ་སློབ་གྲྭར་ལུས། ལས་བྱ་དག་བཟོས་ཚར་ནའང་མགོ་རས་དཀྲིས་པའི་བུ་མོ་དེ་གནས་ལ་ཕྱིན་ཚར་……

  དུས་ཚོད་དེ་འདྲ་ཞིག་ནས་ངས་མཚན་མོ་རྐྱང་རྐྱང་ལ་རྩོམ་བྲིས།

  སྔོན་ཡང་བཅར་འདྲི་བྱེད་མཁན་ལ་བཤད་མྱོང་། གསར་རྩོམ་ནི་ང་ཚོ་ཕལ་པ་ཚོའི་འདོད་པ་རིགས་ཤིག་གམ་མཛེས་སྡུག་གི་བསླུ་བྲིད་ཅིག་ཡིན་པ་འདྲ། བསླུ་བྲིད་ཀྱིས་རི་རྩེ་ནས་ལག་ཟུང་ཁྱེད་ཕྱོགས་ལ་གཡུགས་པས། ཁྱེད་ཀྱི་འདོད་པས་རི་ལམ་ཕྲ་མོ་དེད་ནས་རི་མགོར་འགོས། རི་མགོར་འཛེགས་ནས་ལྟ་དུས། ཕ་རོལ་ན་འདི་བས་མཐོ་བའི་རི་ཞིག་འགྱིང་ལ། འདི་བས་མཛེས་པའི་བསླུ་བྲིད་གཞན་ཅིག་གིས་སྔ་ས་ནས་ཁྱེད་ལ་བསྒུགས།

  ངས་ཡར་འབྲོག་གི་གསར་བུས་མིག་ཅེ་རེར་ལྡིར་སའི་ལན་ཇུ་གྲོང་ལ་བལྟས།

  ཐག་རིང་ན་སྐྱ་ཉི་ལེའི་ཡུལ་དང་ཡུལ་ལྗོངས་ལས། རི་མཐོ་སའི་ཕ་ཡུལ་ནས་རྒྱུག་པའི་གཙང་པོ་དེ་ཡང་མི་སྣང་།

  *

  “ཆབ་སྐོལ་བཞེས་གནང་དང་། ང་ནི་རྒན་ལགས་ཀྱི་སྒྲུང་ལས་《གངས་》ལ་དགའ་ཤོས་ཡིན།”

  ཁོས་ཆུ་ཕོར་ལག་གཉིས་ཀྱིས་ང་ལ་བཏེགས་ནས་བཤད།

  ངས་ཆུ་ཕོར་བླངས་ཏེ་ཧུབ་གང་བཏུངས། དེ་སྐབས་སྲས་སྐུ་ཞབས་ཀྱི་སྐྲ་ཚུགས་བཞག་པའི་གསར་བུ་དེས་ང་ཡི་རྩོམ་ལ་རྒྱུས་མངའ་ཡོད་པ། ང་རང་སྐད་གྲགས་ཆེ་བས་མིན་གྱི་ཁོ་རང་ཐོས་རྒྱ་ཆེ་བས་རེད།

  ངས་ཁོ་ལ་བུ་ཁྱེད་རྩོམ་རིག་གི་ཞིབ་འཇུག་འདོན་གྱི་ཡོད་དམ་ཞེས་དྲིས།

  “ཁ་ཕྱོགས་ལོ་རྒྱུས་ཡིན་ལགས། ཁྱེད་རྣམ་པའི་ཤུགས་རྐྱེན་འོག་སྒྲུང་འདྲ་བྲིས་མྱོང་།” ཁོས་མགོ་འཕུར་ཙམ་དང་ལྕེ་བསྣར་ཙམ་ཡང་བྱས།

  “ངར་ཀི ། ཡག་པོ་རེད། ཁྱེད་ཀྱི་མིང་ཡང་འདྲི་རྒྱུ་བརྗེད་སོང་།”

  “བདག་གི་མིང་ལ་བཀྲ་ཤིས་ཟླ་བ་ཟེར།” ཁོས་གད་མོ་ཚེར་ཚེར་བྱས་ཀྱང་གུས་ལུགས་མ་ཤོར་བར་བཤད།

  ད་ལྟའང་ངས་གསར་བུ་འགའི་རྣམ་འགྱུར་ལ་བལྟས་ནས། ལོ་ཆུང་དུས་ཀྱི་རང་ཉིད་དྲན་ཡོང་། ལྷད་མེད་པ་དང་གཡའ་དག་པ་དེ་ཚོ་དྲན་ཡོང་། བཀྲ་ཤིས་ཟླ་བ་གསར་བུ་དེ་ཚོའི་གྲས་ཀྱི་གཅིག་རེད།

  “རྒན་ལགས། ངའི་སློབ་གྲོགས་ཤིག་གིས། 《ཁྱེད་ཀྱི་མིང་ལ་གང་ཟེར། ངའི་མིང་ལ་གངས་ཟེར་》ཞེས་པའི་སྒྲུང་ཐུང་གཅིག་ཀྱང་བྲིས་འདུག །”

  ཧ་ཧ། འོ་ཡ་ཡ། གསར་བུ་ཡ་མེད་ཚོ། སྲ་ལ་བྱོས། ངའི་སེམས་ལ་གང་དྲན་ངག་ནས་ཤོར།

  ང་དང་ཁོང་ཚོའི་དབར་ལ་རིགས་རུས་དང་ཆོ་འབྲང་། ཕ་ས་དང་མ་ཆུ་ཕུད་པའི་སྦྲེལ་ཐག་ཅིག་ཡོད་ངེས་ན་རྩོམ་རིག་སྟེ། ལན་ཆགས་ཤིག་ཡིན་པའི་དབང་དུ་བཏང་ནའང་། ཅི་འདྲའི་ཡིད་དུ་འོང་བ་ལ།

  “ལགས། རྒན་ལགས། ཁྱེད་ཉིད་པེ་ཅིན་ལ་གློག་བརྙན་སློབ་སྦྱོང་གནང་གིན་ཡོད་པ་སྔོན་ནས་ཐོས་བྱུང་།”

  མེ་འཁོར་གྱིས་ང་གཉིས་འགྲུལ་ཆས་བཞིན་རྒྱང་ལ་ཁྱེར། ལན་ཇུ་ནས་གང་འཚམ་སོང་རྗེས་ཀྱི། ལྕགས་ལམ་གམ་གྱི་རི་དེའུ་དང་ས་འབུར་རེ་གཉིས་སྒང་། ལ་རྩེ་ལྟ་བུའི་དར་ལྕོག་བཙུགས་ས་འགའ་ཡང་མིག་ལ་ཐོགས།

  དེ་ཚོར་བལྟས་ནས་བཀྲ་ཤིས་ཟླ་བས་ཁོ་རང་བྱིས་པ་ཡིན་དུས། ལུས་ལ་སྣམ་བུའི་སྟོད་ཐུང་གོན་ནས། རི་ལ་རི་དར་ཆུ་ལ་ཆུ་དར་འཛུགས་པར་འགྲོ་མྱོང་ཟེར།

  དེ་ནས་ང་གཉིས་ཀྱི་སྐད་ཆའང་ཇེ་མང་ནས་ཇེ་མང་དུ་ཕྱིན།

  སྒེའུ་ཁུང་ཕྱི་ནས་དྲོད་མེད་པའི་ཉི་མ་ནུབ་ཅིང་ཟླ་བ་ཤར། འགྲུལ་པ་གཞན་དག་མེ་འཁོར་གྱི་ཁོག་ནང་དུ་གཉིད་ལ་ཡུར།

  ཞི་ཨན་ལ་སླེབ་ལ་ཉེ་སྐབས་ཤིག་ཏུ་བཀྲ་ཤིས་ཟླ་བའི་སྐད་ཆའང་།

  ཁོ་རང་ཡར་འབྲོག་བསམ་སྡིངས་དགོན་དུ་རི་ཐང་རྟོག་ཞིབ་ལ་ཕྱིན་པའི་མཚམས་སུ་ཐོན། ད་གཟོད་ངས་ད་གིན་དྲན་མ་སོས་པའི། བརྗེད་ལ་ཉེ་བའི་ཡར་འབྲོག་གི་དམངས་གཞས་ལྷང་དེ་དྲན།

  *

  ཆོས་ཀྱི་ཆོས་ས་དྲན་བྱུང་།
      ཡར་འབྲོག་བསམ་སྡིངས་དྲན་བྱུང་།
      བསམ་སྡིངས་མིག་གིས་མ་མཐོང་།
      རྒྱ་གླིང་རྣ་བར་ཐོས་བྱུང་། ཡར་འབྲོག་ནས་ཡིན་པའི་བཀྲ་ཤིས་ཟླ་བས་སྐད་འཕང་ཤིན་ཏུ་དམའ་མོ་ཞིག ། དཀའ་ལས་ཁག་པ་ལྟ་བུའི་དབྱངས་རྟ་དལ་པོ་ཞིག་ལ་བསྐྱོན་ནས། ཆོས་ཀྱི་ཆོས་ས་བླངས། མེ་འཁོར་ཞི་ཨན་གྲོང་ཁྱེར་གྱི་བར་གཤགས་ནས་མདུན་ནས་མདུན་དུ་བསྐྱོད།

  བརྗེད་ལ་ཉེ་བའི་ཆོས་ཀྱི་ཆོས་ས་དང་བཀྲ་ཤིས་ཟླ་བའི་ནམ་གུང་གི་གླུ་སྐད་ཁོ་ན། ཞི་ཨན་གྱི་ནམ་མཁར་འཁྲིགས་པའི་སྔོ་སེར་དཀར་དམར་གྱི། སྤྲིན་པ་ཆག་རོ་དག་དང་འདྲེས་ནས་མུ་མཐུད་རྒྱང་ལ་བཞུར་མ་ཐུབ།

  ངས་ཀྱང་ད་བར་མཚན་མོ་དེར་ཁོས་ཡར་འབྲོག་གཡུ་མཚོ་སྡིག་པ་རྭ་ཙ་འདྲ་ཞེས་བཤད་མྱོང་བ་སྣང་མེད་དུ་བཞག །

  མདང་དགོང་སྣ་དཀར་རྩེའི་སློབ་མ་ཚོར་ལག་དམར་བསྟན་ནས། ང་རང་སློབ་ཁང་སྟོང་པ་གཅིག་ནང་འཁྱུག་ཙམ་རིང་ངལ་གསོས། མདུན་གྱི་སྒྲོག་ཙེའི་སྒང་ན་སློབ་དེབ་ཅིག་བཞག་འདུག་པར་ལྟ་ཙམ་བྱེད་དུས། དཀར་ཆག་ལས་ཡིད་དུ་འོང་བའི་གཡུ་མཚོ་ཟེར་བའི་སློབ་ཚན་གྱི་ཁ་བྱང་ཞིག་མིག་ལ་འཚངས།

  ངས་ཀྱང་ཁོ་ཚོའི་ཆེ་ཆུང་ཙམ་ལ་བྲིས་པའི། བརྩེ་འཕྲིན་དེའི་མིང་ལ་ཡིད་དུ་འོང་བའི་གཡུ་སྒྲོན་མཚོ་ཟེར།

  ཁ་བྱང་ལས་ཡིག་འབྲུ་རྡོག་གཅིག་གིས་ཉུང་བ་ཕུད་ཁྱད་པར་གཞན་མ་རྙེད་རུང་། སློབ་ཚན་དེ་ཡར་འབྲོག་གཡུ་མཚོ་ངོ་སྤྲོད་པའི་གསལ་བཤད་རྩོམ་ཡིག་གཅིག་སྟེ། དེའི་ནང་ཡར་འབྲོག་གཡུ་མཚོ་ནི་ནར་མོའི་དབྱིབས་སུ་གྲུབ་ཅེས་པའི་མཚམས་ལ། སྣ་དཀར་རྩེའི་སློབ་མ་ཚོས་ནར་མོ་བསུབས་ནས། སྒང་ལ་སྡིག་པ་རྭ་ཙ་ཞེས་ཡི་གེ་ཆེན་པོས་བཅོས་འདུག །

  ད་ནངས་ཞོགས་པ་གཉིད་ལས་སད་རྗེས། ངས་མདང་དགོང་བླངས་པའི་སློབ་དེབ་ཀྱི་པར་དེ། བཀྲ་ཤིས་ཟླ་བའི་སྐད་འཕྲིན་དུ་བསྐུར་ནས་ཁོ་ལ་འཚམ་འདྲི་ཞུས།

  ཡུད་ཙམ་ནས་བཀྲ་ཤིས་ཟླ་བས། “ངས་ཀྱང་སྔོན་ཆད་དེ་ལྟར་བཅོས་མྱོང་། རྒན་ལགས་བདག་གི་ཕ་ཡུལ་ནས་མནལ་སྐྱིད་པོ་ཁུགས་བྱུང་ངམ། འཁྲབ་ཁྲིད་པ་ཆུང་ཆུང་ཐུབ་བསྟན་ལ་གཟིགས་རྟོག་གང་མང་གནང་འཚལ་”ཟེར།

  ངས་གཉིད་སྐྱིད་པོ་ཁུགས་བྱུང་། ཁྱེད་ཀྱིས་གསར་བུ་དེ་འདྲ་ཞིག་ངའི་ལམ་མཁན་ལ་མངགས་པར་བཀའ་དྲིན་ཆེ་ཞུས་རྗེས།

  ད་ལྟའི་བར་ཀློག་ཀླད་ཀྱི་ཁ་ཕྱེ་སྟེ། ས་ཁྲའི་སྒང་གི་ཡར་འབྲོག་གཡུ་ཡི་མཚོ་མོར་ཅེར་བསྡད།

  *

  ཆུ་ཚོད་བཅུ་པ་ཙམ་ལ་ང་དང་ཐུབ་བསྟན།

  སྣ་དཀར་རྩེ་མགྲོན་ཁང་ནས་ཐོན་ཏེ་གཞུང་ལམ་དེད་ནས་ཤར་རེར་བསྐྱོད།

  དུས་ཚོད་ཕྱེད་ཀ་ཙམ་ཕྱིན་མིན་གྱི་མཚམས་ནས། སྔོ་ལྟེམ་ལྟེམ་དུ་འཁྱིལ་བའི་ཡར་འབྲོག་གཡུ་ཡི་མཚོ་མོ་མིག་ལམ་ན་ཤར།

  ང་ས་ཆ་ག་ས་ག་ལ་སླེབས། ས་ཆ་དེ་ཚོ་ཚང་མས་རྒྱུས་ཡོད་པའི་སྣང་བ་འབའ་ཞིག་སྟེར། སྐྱེ་བ་སྔོན་མའམ་ཡང་ན་རྨི་ལམ་ཞིག་ནང་། ས་ཆ་དེ་ཚོར་བསླེབས་མྱོང་བ་ལྟར། ཁྱད་མཚར་བ་ལ།

  ང་གཉིས་མོ་ཊ་ལས་བབས་ཏེ་སློབ་འབྲིང་གི་རྒན་ལགས་ཚོས་སྒྲོན་པའི་ཁ་བཏགས་དག །གཡུ་མཚོའི་ཁའི་འཇའ་ཚོན་སྣ་ལྔ་ཟུག་པ་ལྟ་བུའི་དར་ཐག་གི་སྣེ་མོར་བཏགས་རྗེས། ལོ་གསར་ཚེས་གཅིག་བཞིན་མི་ཐོག་ནས་མི་ཐོག་བརྒྱུད་པའི། མི་ཆུང་སེམས་བསྐྱེད་ཀྱི་སྨོན་ལམ་གཡུ་མཚོའི་ནང་དུ་བོན། ཚོན་ལྔའི་རླུང་རྟ་མཛུབ་མོའི་བར་ནས་ཨ་སྔོན་དབྱིངས་སུ་སྤུར།

  ཕྱིར་མོ་ཊའི་ནང་སླེབས་དུས་ཐུབ་བསྟན་ཀྱིས་ཆོབ་སྐུལ་བ་ལྟར། “རྒན་ལགས་ཀྱིས་ཨ་མདོ་བ་གཞན་ཚོ་ནང་བཞིན་ཀི་སྒྲ་བསྐྱོན་མ་སོང་། ཧེ་ཧེ་”ཟེར།

  ངས་ཁོའི་ཕྱོགས་ལ་འཛུམ་ཙམ་བྱས་ཤིང་མུ་མཐུད་སྒེའུ་ཁུང་ཕྱིའི་ཡར་འབྲོག་གཡུ་མཚོའི་ཕྱོགས་སུ་བལྟས། གཡུ་མཚོར་ལྟ་བཞིན་ལྟ་བཞིན། ངའི་སེམས་སུ་མིང་ལ་ཁ་བ་སྙིང་ལྕགས་ཟེར་བའི་གསར་བུ་དེ་འཁོར་བྱུང་།

  ངའི་སྙིང་ལྕགས་མཚོ་ཁའི་ཉ་རྫི་རེད། མཚོ་སྔོན་མོ་རིག་རེས་ཁོ་རང་དྲན།

  གཏམ་རྙིང་པར་ཁྱི་དང་ཆུ་ལ་ཞུ་བ་མི་འགྲོ་ཟེར་ཡང་། ཁ་བ་སྙིང་ལྕགས་མཚོ་ལ་ཐིམ་པའི་མཚན་གང་པོར་ངས་དཀོན་མཆོག་ལ་ཞུ་བ་འཐེན།

  ངས་ཁོའི་སྙན་ངག་བཀླགས་མྱོང་ལ་《རྫ་ཆུ་ཁའི་བྱིས་པའང་》བལྟས་མྱོང་།

  རང་ཡུལ་དང་མི་ཡུལ་གཉིས་ཀྱི་བར་ལ། མིང་གྲགས་དང་རྒྱུ་རྔམས་གཉིས་ཀྱི་བར་ལ། གཞོན་པ་ཁ་ཤས་ཀྱིས་གཞན་ལ་བདག་པོ་བརྒྱབ་མ་ཐུབ་ཀྱང་། རྨི་ལམ་གཅིག་པོ་རུམ་ལ་ཉར།

  ངས་ཁ་བ་སྙིང་ལྕགས་གཡུ་མཚོའི་ཁ་ནས་ལོག་ཡོང་བར་ཕེབས་སྒུག་ཞུས། ཁོས་ཆོབ་ཚ་བའི་འཇིག་རྟེན་ལ་སྙན་ངག་གྱེར་བར་སྟོང་འདང་བྱས། ཁོས་ཡ་མ་བརླ་བའི་མི་ཚོགས་ལ་སྙན་ངག་གྱེར་བར་རེ་སྒུག་བྱས།

  སྒུག་སྒུག་མཐར་ཁ་བ་སྙིང་ལྕགས་མཚོ་ལ་ནུབ་པའི་མཚན་མོ་དེ་བཞིན། ཁོས་ཆུ་རིས་ཤིག་ཤིག་གི་གཡུ་མཚོའི་ཁ་ནས། ང་ལ་སྙན་ངག་རྙིང་པ་ཞིག་གྱེར་མགོ་བརྩམས་…… ངའི་ཁོག་ནང་གི་དོན་ལྔ་སྣོད་དྲུག་ཀྱང་གྲང་འདར་བརྒྱབ།

  “ཨར་འདམ་གྱིས་བྱས་པའི་རྡོ་གཅལ་ཐང་དུ

  ཁྱོད་ཀྱིས་འཕག་འཚག་ཇི་ལྟར་བྱས་ནའང་ཁྱོད་ལ་ཅི་ཡང་མ་ཐོབ

  ཁྱོད་ཀྱི་ཉེ་འཁོར་ན་སྦྲང་རྩི་འཐུང་མྱོང་བའི་མི་ཚོགས་ཁོལ་གྱིས་བཞུར་ནའང

  ཁྱོད་ཀྱི་ངུ་སྐད་ཐོས་མཁན་གཅིག་ཀྱང་མ་བྱུང……”

  *

  “རྒན་ལགས་སྔོན་ཡང་དེ་ལྟར་གློག་བརྙན་སྟོན་པར་ཕེབས་མྱོང་ངམ།”

  ཐུབ་བསྟན་གྱིས་ང་ལ་ཁ་བ་སྙིང་ལྕགས་ཀྱི་སྙན་ངག་ཉན་ཁོམ་ཅུང་ཙམ་ལས་མ་སྤྲད།

  ལོ་མང་པོའི་གོང་འགྲོ་མྱོང་། མཁོ་ཆས་འགའ་ཤས་རྒྱབ་ན་བླུགས་པ་དེ་ཚོ་གྲས་ལ་ཡོད། ངས་མོ་ཊའི་རྒྱབ་ཀྱི་ཅ་ལག་ལ་ལྟ་ཙམ་གྱིས་བཤད།

  མཁོ་ཆས་དག་《དྲི་མེད་ཀུན་ལྡན་འཚོལ་བའི་》བརྙན་མིག་ནང་ཤར་བའི། ལྷ་མོའི་འཁྲབ་ཆས་དང་ཞལ་འབག་ཇི་བཞིན། གོས་སུ་ཐལ་རྡུལ་གོན་ཏེ་ལོ་ཟླ་གང་མང་གཉིད་ཟིན།

  “དེ་དུས་ལུང་པ་རེ་ནས། གློག་བརྙན་ལྟ་བར་ཡོང་མཁན་མང་ལོད། རྒན་ལགས།”

  ལྟ་མཁན་མང་ཤོས་ནི་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་》བརྙན་ལེན་སའི་དགུ་རོང་མཐིལ་དུ་རེད། སྡེ་བ་དེ་དཔལ་དོན་གྲུབ་རྒྱལ་གྱི་ཕ་ཡུལ་ཡང་རེད། མཚན་མོ་དེར་མི་ཆིག་སྟོང་ལྷག་འདུས་འདུག་པས། ཨ་མདོའི་ལུང་པ་གང་སར་བསྟན་དུ་འགྲོ་འདོད་བྱུང་། ལོ་དེར་ང་ཚོ་མཚོ་སྔོན་པོའི་མཐར་ཡང་སོང་། དེ་དུས་ཁ་བ་སྙིང་ལྕགས་མཚོ་ལ་ཐིམ་རྒྱུ་རེད། ཚིག་གཞུག་དེ་ཅི་ཡིན་འདི་ཡིན་མེད་པར་ངག་ནས་ཤོར།

  “ཨ་མ་མ། རྒན་ལགས། མི་དེ་འདྲའི་མང་པོ།” ཐུབ་བསྟན་གྱིས་མིག་འབྲས་ཕོར་ཙམ་བགྲད་དེ་ཚུར་ཕྱོགས་ནས་ཅི་ཞིག་དྲན་སོས་པ་ལྟར་“ཁ་བ་སྙིང་ལྕགས་ཟེར་ན་སུ་རེད་”དྲིས།

  ངས་སྙན་ངག་པ་རེད་གློག་བརྙན་ཡང་ཕབ་མྱོང་ཞེས་ལན་སྟབས་བདེ་ཞིག་གཏད།

  “ངོ་མ། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཟེར་བ་ལས། ལྟད་མོ་ཆེ་བ་ག་ན་ཡོད། ཇོ་བཀྲ་ཤིས་ཟླ་བས་རྒན་ལགས་ཡར་འབྲོག་ལ་ཡོང་གི་རེད་གསུངས་ཙང་། ངས་ཁ་སང་བསྐྱར་དུ་ཉིད་ཀྱི་གློག་བརྙན་རེ་འགར་བལྟས།”

  “འོ་ཡ་ཡ། དེའི་ནང་གི་སྐད་ཆ་གོ་གི་འདུག་གམ།”

  “སྤྲུལ་སྐུའི་དགེ་རྒན་གྱི་སྐད་གོ་བདེ་པོ་འདུག ། ཕྱག་དཔེ་བཏོན་པ་འདྲ། གཞན་དག་ཨུ་ཚུགས་ཀྱིས་ཐེངས་གཉིས་གསུམ་ཉན་ན་ཅུང་གོམས་རྒྱུ་འདུག་ལགས།”

  “འོ་ཡ་རེད་རེད། ངས་ཁོང་ལ་སྐུ་ཚེགས་བཟོས་སོང་།”

  “སུ་ལ།”

  “མ་ཎི་རྡོ་འབུམ་ནང་། ཁྱེད་ཀྱིས་སྐད་གོ་སླ་ཟེར་བའི་སྤྲུལ་སྐུའི་རྒན་ལགས་འཁྲབ་མཁན་ཁོང་ལ།

  ཁོང་སྐུ་ཉམས་དོད་པོ་ཡོད་པས་དཔེ་ཆའི་རྒན་ལགས་འཁྲབ་ན་དཔེ་འཚམ་པོ་ཡོད། གང་ལྟར་ཁོང་སེམས་འཚབས་སོང་བས་མིན་ནམ། དུམ་བུ་གཅིག་ཁོ་ན་ཉིན་གཅིག་རིང་བརྙན་བླངས་རུང་། ཡིད་ཚིམ་པ་ཁྱོན་ནས་འཁྲབ་ཤེས་ཀྱི་མི་འདུག ། མཐར་ངས་ཨ་ཁུ། ད་འཁྲབ་མཁན་བརྗེ་དགོས་རྒྱུ་རེད་ཅེས་ཁོང་ལ་ཞུས། ཁོང་གིས་བློ་ཕམ་པའི་ཚུལ་གྱིས་ང་ལ། དོ་དགོང་གི་དུས་ཚོད་སྤྲོད་དང་། སང་ཉིན་ད་དུང་ཡག་པོ་མ་བྱུང་ན་བཤད་རྒྱུ་མེད་གསུངས།”

  མཚམས་དེར་མདུན་ངོས་ཀྱི་གྲོང་ཚོའི་སྲང་ལམ་ནས། གླང་ཕྲུག་ཅིག་རྒྱ་ལམ་སྒང་རྒྱུག་ཡོང་བ་མཐོང་བས། ཐུབ་བསྟན་གྱིས་མོ་ཊ་ཅུང་ཟད་དལ་དུ་བཏང་། ངས་ཀྱང་སྐད་ཆ་བཤད་མཚམས་བཞག་སྟེ་མིག་མདུན་ལ་བལྟས།

  *

  སྲང་དཀྱིལ་ནས་རྒྱུག་ཡོང་བའི་གླང་ཕྲུག་དེས། ང་གཉིས་ཀྱི་མོ་ཊའི་མདུན་རང་དུ་ཉལ།

  ཐུབ་བསྟན་གྱིས་མོ་ཊའི་དུང་བརྡ་ལན་འགའ་བཏང་རུང་། གླང་ཕྲུག་གིས་ཅི་ཡང་མ་ཐོས་པ་བཞིན་འགུལ་ཙམ་མ་བྱས།

  ངས་མོ་ཊའི་སྒེའུ་ཁུང་ཕྱེ་ནས་སྐད་རེ་གཉིས་ཀྱང་བརྒྱབ། གླང་ཕྲུག་གིས་མགོ་བོ་གཡུ་མཚོའི་ཕྱོགས་ལ་གཅུས་པ་ལས། ང་གཉིས་ལ་རྣམ་འགྱུར་ཙམ་ཡང་མ་བསྟན།

  གླང་ཕྲུག་གིས་མགོ་གཅུ་སའི་སྒེའུ་ཁུང་ཕྱིའི་གཡུ་མཚོའི་ངོས་ལ། ཉི་འོད་ཀྱི་ཟེགས་མ་ཁྲ་ལམ་མེར་ཐོར། གཡུ་ཡི་མེ་ལོང་ངོས་སུ་ཕ་ལམ་གྱི་ཕྲ་རྒྱན་བཏབ་པ་ལྟར།

  ཅུང་ཙམ་སྒུག་རྗེས་ང་གཉིས་འུ་ཐུག་ནས་མར་འབབ་དགོས་འཁེལ། ཐུབ་བསྟན་གྱིས་རྭ་ཅོ་ནས་འཇུས་ཤིང་ངས་རྒྱབ་ནས་གླང་ཕྲུག་འབུད་བཞིན་པའི་སྒང་།

  མགོ་རས་ཟིང་སྐྱ་དཀྲིས་པའི་ཨ་ཅག་ཅིག་ང་ཚོའི་གམ་བརྒྱུགས་ནས་སྐད་ཆ་མང་པོ་བཤད།

  མོའི་སྨྲ་ལྕེ་ནི་ལྷ་སར་པང་གདན་འཚོང་མཁན་གྱི་ལྷོ་ཁའི་བུད་མེད་ཚོ་བས་ཀྱང་བདེ་བས། དེ་དག་ལས་ངས། “ཁྱེད་གཉིས་ཨ་མདོ་ནས་ཕེབས་པ་ཡིན་ནམ་ཟེར་བ་ལྟ་བུ་ཞིག་དང་། ཡ་ང་བ་ལ་ཟེར་བ་ལྟ་བུ་”ལས་མ་གོ །

  “རྒན་ལགས་ཨ་མདོ་ནས་ཕེབས་པ་རེད། ཞུས་ཙང་བྱས། ཡ་ང་བ་ལ།” ཨ་ཅག་གིས་གཏམ་ལ་ནན་ཏན་གྱིས་ཉན་རྗེས། ཐུབ་བསྟན་གྱི་ལག་པས་གླང་ཕྲུག་གི་རྭ་ཅོ་བཏང་སྟེ་མགོ་ལ་ཞུལ་ཞུལ་བྱེད།

  ངས་ཐུབ་བསྟན་ལ་ཨ་ཅག་གིས་གང་གསུངས་མིན་དྲིས།

  “རྒན་ལགས། གླང་ཕྲུག་དེས་རྟག་ཏུ། ཨ་མདོའི་འགྲུལ་པ་བླུགས་པའི་མོ་ཊ་མཐོང་བ་ཙམ་གྱིས། བརྒྱུགས་ནས་དེ་ལྟར་ཉལ་གྱི་འདུག་ཟེར། ཨ་ཅག་གིས་ང་གཉིས་ཨ་མདོ་ནས་ཡིན་ནམ་གསུངས་ཀྱི་འདུག །” ཐུབ་བསྟན་གྱིས་གླང་ཕྲུག་གི་མགོ་ལ་ཡང་ནས་ཡང་དུ་ཞུལ་ཞུལ་བྱེད་བཞིན་དུ། “བ་ཆོས་གུང་ཐང་རིན་པོ་ཆེས་ཀྱང་། མགོ་ལོག་གི་འགྲུལ་པ་མཚོ་སྐོར་བ་ཞིག་གི་སྐྱེ་བ་རེད་གསུངས་མྱོང་བ་འདྲ་”ཟེར།

  “ཨ་ཙི། སྙིང་རྗེ་བ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ།”

  ངས་ཕ་ཡུལ་མགོ་ལོག་ནས་ཡིན་པའི་གླང་ཕྲུག་དཀར་པོ་ལ་ལྟ་ཙམ་བྱས།

  ཡར་འབྲོག་གཡུ་མཚོ་ཁོའི་ཡང་མ་ཡུམ་ཡིན་པ་ལྟར། གླང་ཕྲུག་གིས་མིག་ཟུང་གཡོ་བ་མེད་པར་ཕར་ཙམ་གྱི་གཡུ་མཚོར་ལྡིར།

  ངས་གླང་ཕྲུག་གི་བདག་པོ་ཡིན་པའི་ཨ་ཅག་ལའང་ལྟ་ཙམ་བྱས།

  མགོ་རས་ཀྱིས་ཟ་འགྲམ་བཏུམས་མེད་པ་ཕུད། དྲི་མེད་ཀུན་ལྡན་འཚོལ་བའི་ནང་གི་བུ་མོ་དང་ཡར་འབྲོག་གི་ཨ་ཅག་གཅིག་པ་གཅིག་རྐྱང་རེད།

  ང་རང་དེ་ལྟར་བར་སྟོང་དང་དུས་ཚོད་ལ་ཡིད་མ་ཆེས་པར་ལུས་ཐེངས་དང་པོ་མིན་མོད།

  ཐུབ་བསྟན་གྱིས་“རྒན་ལགས་ད་ཕེབས་ཀས་”ཟེར།

  “ཨ་ཅག་ལགས། གླང་ཕྲུག་ལ་བདག་ཡག་པོ་བྱེད་རོགས།”

  འགྲོ་ཁ་མར་མི་དགོས་གསུངས་རུང་། ངས་སྒོར་གསུམ་བརྒྱ་ཨ་ཅག་ལ་སྤྲད་ཅིང་ཐལ་མོ་སྦྱར་ཏེ་གུས་ལུགས་མཚོན། དེ་རྗེས་མོ་ཊའི་ནང་ལས་མར་མཐེ་བོ་ཙམ་ཞིག་བླངས་ནས། གླང་ཕྲུག་མགོ་དང་རྭ་རྩེ་གཉིས་པོར་ཡས་སྒྲོན་བཏབ།

  *

  བྱིས་དུས་སྤོ་བོས་ང་ཡང་ཁོང་གི་ཞང་པོའི་སྐྱེ་བ་ཡིན་ཤག་གནང་།

  ང་རང་ནར་སོན་རྗེས། ཐེངས་དང་པོར་མིག་ཤེལ་བཏགས་ནས་ཕ་ཡུལ་ལ་ལོག་དུས་ཀྱང་། སྤོ་བོས་ཁྱེད་ཀྱིས་ཚེ་སྔོན་མར་དཔེ་ཆ་བལྟས་པ་མང་དྲགས་སོང་བས་རེད་གསུངས།

  ཁ་གྲགས་ཤེས་པ་ཙམ་གྱི་སྐབས་ནས། ངས་མཚན་མོ་ཟིན་པ་དང་ཨ་མ་ལ་ང་དེ་ཚང་གི་གྲྭ་པ་ཡིན་ཟེར་ཏེ། སྤོ་བོའི་རུམ་ལ་མ་གཏོགས་གཉིད་ཀྱི་མེད་ཚུལ་དང་། ཉིན་མོ་སྤོ་བོ་ལ་རྐང་ལམ་གྱུ་གྱུ་ཕ་གིའི་སྣེ་ན། ངའི་དཔེ་ཆ་མང་པོ་ལུས་སོང་ཟེར་ནས་ངུ་རྐྱང་བྱས་ཚུལ་སོགས། ང་རང་སློབ་ཆུང་ལ་འགྲོ་དུས་ཀྱང་སྤོ་བོས་བདེན་ཅོག་ཅོག་གིས་གསུངས། དེ་དུས་ངེད་ཁྱིམ་ལ་ཕྲུ་གུ་གསུམ་ཡོད་རུང་། སྤོ་བོ་ལ་ཀ་ར་གཉིས་ཡོད་ཚེ་གཅིག་དང་ཕྱེད་ཀ་ང་ལ་སྟེར་རྐྱང་གནང་།

  ཧ་ལམ་ལོ་ལྔ་དྲུག་ཙམ་ལ་མིན་འགྲོ། ངས་ཀྱང་བག་ཙམ་དྲན་གྱི་འདུག ། མཚན་མོ་ཞིག་ལ་ང་ལ་རུས་གཟེར་ལྕི་པོ་བཏང་། སྤོ་བོའི་ཨ་ཞང་སྐུ་ན་ཆུང་ཆུང་ལ་གཤེགས་པས། སྤོ་བོས་ང་ཁོང་གི་ཚེ་ལྷག་སྐྱོང་མཁན་མིན་ནམ་ཡང་སྙམ་བྱུང་གསུངས། གང་ལྟར་ནང་མི་ཚོ་བྱ་ཐབས་རྦད་དེ་ཟད་པས། སྤོ་བོ་མཚན་ཐོག་དེ་རང་ལ་ཁོང་གི་ཨ་ཞང་འདས་པོའི་ཁྱིམ་དུ་ཕེབས་ཏེ། ཨ་ཞང་སྐུ་བཞུགས་དུས་ཀྱི་འབྲལ་སྤངས་《རྡོ་རྗེ་གཅོད་པ་》སྣ་རིང་ཞིག་ཡོད་པ་བླངས་ནས་ངའི་མགོ་ལ་བཞག །

  དེ་ནས་རྒྱུ་བདག་པོར་འཕྲོད་པ་ལྟར་རུས་གཟེར་ཀྱང་ཡོངས་སུ་ཞི་……

  དེ་བས། མཚོ་སྔོན་པོའི་ལྷོ་ནས་འཁྱེར་བའི་འབྲི་མར་སེར་པོ་དེ། མགོ་ལོག་གི་མཚོ་སྐོར་བ་དེའི་དཔྲལ་བར་བྱུགས་ཚར་དུས།

  ངས་གཞི་ནས་རང་ཉིད་ཀྱི་བློ་རྣལ་ལ་འབེབས་ཐུབ་ཙམ་བྱུང་།

  ང་དང་ཐུབ་བསྟན་གྱིས་རྒྱབ་མཐོང་ཤེལ་སྒོ་ལས། བལྟས་བལྟས་རིག་རིག་ལ་མེད་འགྲོ་བའི། མཐོང་གིན་མཐོང་གིན་དུ་ཡལ་འགྲོ་བའི། ཡར་འབྲོག་གི་ཨ་ཅག་དང་མགོ་ལོག་གི་གླང་ཕྲུག་ལ་ཕྱི་མིག་བལྟས། མཐར་གྲོང་ཚོའི་མས་སྣེར་ཡོད་པའི་མཆོད་རྟེན་དཀར་པོ་དེའང་། བལ་འདབ་ཅིག་ཏུ་གྱུར་ནས་གཡུ་མཚོའི་ནང་ལ་སིམས། མཚོ་ལ་ཁ་བ་འབབ་པ་ལྟར།

  “ཡ་ང་བ་ལ། མི་ཟེར་བ་ཆོ་མི་འདུག ། མི་ཚེ་ཟེར་བར་ཡང་།”

  མིག་སྐམ་པོ་ལ་ཟིལ་པ་རློན་པ་འཁོར་བའི་ཐུབ་བསྟན་གྱིས། ང་རང་ཤོག་བུ་དཀར་པོ་གཅིག་ཏུ་མཐོང་ནས། དེ་ཡི་སྒང་ལ་མི་དང་མི་ཚེ་ཟེར་བ་ཁོ་ན་ལ་ཚིག་གྲུབ་བཟོས།

  ཆུ་ཚོད་ཕྱེད་ཀ་ཙམ་གྱི་རིང་། ངས་ཐུབ་བསྟན་གྱིས་བརྗོད་པ་བཟོ་ཆེད་དུ་བཙུགས་པའི་སྨྱུག་ཁ་ཕྲ་མོར་བསྲན་བསྲན་རྗེས།

  ཆོ་མེད་པ་བདེན་པ་རེད་ཀྱང་ཆོབ་ཚ་བའང་མང་པོ་མང་པོ་ཡོད། དེ་ལས་མུ་མཐུད་ད་གིན་གྱི་སྐད་ཆའི་འཕྲོ་ནས་འཇུའམ་ཞེས་བཤད།

  *

  “ཕྱིས་སུ་ཟེར་སྒྲོས་ལྟར་ན་སྤྲུལ་སྐུའི་རྒན་ལགས་འཁྲབ་མཁན་ཁོང་གིས།

  འཁྲིས་ཀྱི་བཙུན་ཆུང་དག་ཀྱང་གྲྭ་ཤག་གཞན་པར་སྤར་བཅུག་སྟེ། མཚན་གང་པོར་སྐད་ཆ་ཚིག་གསུམ་བློར་བཟུང་ནས་བཞུགས་པ་འདྲ། དེ་དུས་ཁོང་ལ་འོ་བརྒྱལ་བཟོས་སོང་།” ངས་ཐུབ་བསྟན་གྱི་ཕྱོགས་ལ་མིག་ཟུར་ཞིག་བལྟས། རྫི་མས་བཀབ་མ་བཏུབ་པའི་ཟིལ་པའི་ཕྲེང་བ་སྔ་ས་ནས་ཡལ་རུང་། ཁོས་མགོ་ལྕོག་ཙམ་ལས་ལན་མ་སྤྲད་པས། ངས་བདེ་སྤྱོད་བཟང་པོ་ལྟར།

  “མ་ཎི་རྡོ་འབུམ་ནང་གི་རྡོ་བརྐོས་པ་བགྲེས་པོ་དེ། ཁྱེད་ཀྱིས་དྲན་སོས་ཀྱི་འདུག་གམ་”དྲིས།

  “སོས་ཀྱི་འདུག ། རྒན་ལགས།”

  “ལོ་དེར། ང་ཚོས་རྡོ་བརྐོས་མྱོང་བའི་རྒད་པོ་གང་སར་བཙལ། མཐར་མ་ཎི་རྐོ་མཁན་གྱི་རྒད་པོ་ཞིག་ཀྱང་བཙལ་ནས་རྙེད། ལྟ་ཚོད་རེ་བྱེད་སྐབས་ཁོང་གི་འཁྲབ་རྩལ་ལ་ཞུ་དགོས་མི་འདུག །”

  “མ་ཎི་རྐོ་མཁན་སྤོ་ལགས་དེས་ཡག་པོ་འཁྲབ་ཀྱི་འདུག ། རྒན་ལགས།”

  “འོ་ཡ། ཉིན་གཅིག་བཙལ་རྙེད་ཀྱི་མ་ཎི་རྐོ་མཁན་རྒད་པོས་གློ་བུར།

  ཁོང་རང་ལོ་རྒན། བརྗེད་ངས་ཀྱང་ཆེ། ངས་འཁྲབ་ཐུབ་པ་མི་འདུག་གསུངས་ནས་ཡུལ་ལ་ལོག །

  དེ་རྗེས་ང་ཚོས་ཁོང་ལས་རྒན་པའི་རྒད་པོ་ཞིག་ལ་འཁྲབ་རོགས་ཞུས། ཁོང་ངོ་མ་ལོ་རྒན་བརྒྱད་ཅུར་སླེབས། བརྗེད་ངས་ཀྱང་ཧ་ཅང་ཆེ།”

  “འོ་ན་མ་ཎི་རྐོ་མཁན་ངོ་མ་དེས་འཁྲབ་མེད་པ་རེད་པ། རྒན་ལགས། ཅིའི་ཕྱིར་མ་འཁྲབ་པ་ཡིན་ནམ།”

  “མ་ཎི་རྐོ་མཁན་ཡིན་པའི་རྒད་པོ་དྲན་པ་ནི་གསལ། མ་འཁྲབ་པ་གང་ཡིན་བསམས་ནས་ང་ཡང་དེ་དུས་ཡ་མཚན་བྱུང་། རྗེས་རྗེས་ལ་རྒྱུ་མཚན་གཞན་ལས་ཐོས་པ་རེད་ཡ། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ནང་རྡོ་བརྐོས་པ་ཁོང་། མཇུག་མཐར་བྱིས་པ་ཡང་འགྲམ་ལ་མེད་པར། འཆི་དགོས་པ་མིན་ནམ། ཁོང་རང་དེ་ལ་རྣམ་རྟོག་ལངས་པ་འདྲ།”

  ཐུགས་ཁག་མི་འདུག ། ཐུགས་ཁག་ཁྱོན་ནས་མི་འདུག །

  ཡུད་ཙམ་འགོར་རྗེས། ཡར་འབྲོག་གཡུ་མཚོ་མིག་གིས་མཐོང་ས་ནས་ཀྱང་། ང་དང་ཐུབ་བསྟན་གཉིས་ཀས་ཁོང་གི་རྒྱུ་མཚན་དང་དུ་བླངས།

  “རྒན་ལགས། ང་རང་ལོག་མ་ཐུབ་པའི་བྱིས་དུས་ལ་འཁྲིད་མཁན། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཡིན།” ཐུབ་བསྟན་ད་གཟོད་མགོ་ལོག་གི་མཚོ་སྐོར་བ་མ་ཕྲད་གོང་གི་མ་ཎི་རྡོ་འབུམ་གམ་ལ་ལོག་ཐུབ་ཙམ་བྱུང་།

  *

  “ཁྱེད་ཀྱང་སྤོ་ལགས་ཀྱི་དྲུང་དུ་བསྡད་ནས་ཨ་ཅེ་ལྷ་མོར་ལྟ་མྱོང་ངམ།”

  “རྒན་ལགས་ཀྱིས་དེ་ཚོ་ཇི་ལྟར་དྲན་བྱུང་།

  བུ་རྒན་པས་གླང་རྫིའི་དོར་མ་གོན་ནས་མ་འོངས་པའི་ཆུང་མ་ལྷན་ཅིག་དྲི་མེད་ཀུན་ལྡན་འཁྲབ་ཏུ་བཅུག ། བུ་འབྲིང་བས་སྤྲེལ་འབག་གོན་ནས་ཐང་སང་བླ་མའི་ཤ་ཟ་ཞོར་དྲི་མེད་ཀུན་ལྡན་ལྟ་རུ་བཅུག ། བུ་ཆུང་བས་དྲི་མེད་ཀུན་ལྡན་གྱིས་སྦྱིན་པ་བཏང་བའི་སྒོར་མོ་ཁྱེར་ཏེ་ཤང་ཀང་གི་གློག་བརྙན་བསྟན་སར་རྒྱུག་ཏུ་བཅུག །དེ་འདྲ་སུས་དྲན་གྱི་རེད། ངས་ཇོ་བཀྲ་ཤིས་ཟླ་བར་ཐུགས་རྗེ་ཆེ་ཞུ་འོས། ཇོས་རྟག་ཏུ་ཁྱེད་རང་དབུས་སུ་ཕེབས་ཚད་ལ་ངར་བརྡ་སྤྲད་པར།”

  ཐུབ་བསྟན་གྱིས་ངའི་དྲི་བར་ལན་མ་བཏབ་པར་ཧ་ལས་ཧང་སང་མདོག་ངང་།

  “དྲན་པའི་དབང་དུ་བཏང་རུང་། ཁྱེད་མིན་སུས་རང་བཞིན་ལྷུན་གྲུབ་དེ་ལྟ་བཀོད་སྒྲིག་བྱེད་ཐུབ་”ཟེར།

  དོན་དངོས་ཀྱང་དེ་འདྲ་མ་རེད་དམ། རང་བཞིན་བརྗོད་པ་ཙམ་ཡིན། ངས་སྐད་ཆ་རྙིང་པ་ཁོ་ལ་བཤད་པས། ཐུབ་བསྟན་གྱིས་བསྟོད་པའི་མཐེ་བོ་ཕར་ལ་བསྐུམས་ཏེ།

  “མ་གཞི་དོན་དངོས་ཀྱང་དེ་འདྲ་རེད་པ།

  དྲི་མེད་ཀུན་ལྡན་གྱི་རྣམ་ཐར་འཁྲབ་ཚར་མ་ཉིད་དུ། འཁྲབ་སྟོན་པ་གཅིག་གིས་སྒྲ་སྒམ་ཁྱེར་ནས། ཤྭ་ཡུ་མོ་ཤེའུ་གློད། རྒན་རྒོན་ཚོ་ལོ་རྒྱུས་ཀྱིས་བརྗེད་པ་ལྟར། སོ་སོའི་རྐུབ་སྟེགས་རེ་ཁྱེར་ནས་འཁྲབ་ར་ལས་ཐོན།” ཐུབ་བསྟན་གྱིས་དབུགས་རིང་གཡུ་མཚོར་སྙོབ་པ་ཞིག་བཏང་སྟེ།

  “དེ་ནས། དེང་རབས་ཀྱི་ཞབས་བྲོ་ཟང་ཟིང་ལང་ལོང་འཁྲབ། བར་བར་དུ། ཆང་ལ་དགའ་བའི་འབྲོག་པ་དེས། ཁོ་ཚོའི་རྒྱབ་ནས་མན་རྡུང་ལེན་དཀྲོལ་ཏེ་འབྲོག་གླུ་བླངས། ཁོའི་འབྲོག་གླུ་གོ་བས་ང་སྣ་ལ་ན་ཚ་བཏང་བྱུང་། རྒན་ལགས་”ཟེར།

  ཐུབ་བསྟན་གྱི་སྐད་ཆ་གོ་བས་ངའི་སྣ་ཡང་སྦྲིད། ངས་ཁོ་ལ་ལན་གང་འདྲ་གདབ་དགོས་པའང་མ་ཤེས།

  སྒེའུ་ཁུང་ཕྱིའི་ཡར་འབྲོག་གཡུ་མཚོའི་བར་སྣང་ལ། སྤྲིན་པ་དཀར་གཙང་རེས་ལྡིང་སྐོར་རྒྱག ། མཚོ་ཁའི་སྤྲིན་པ་དཀར་དཀར་དག་མ་མོའི་བལ་ལ་འགྱུར་ན། ངས་ཀྱང་རང་སེམས་སོང་བའི་མི་ཚོར་འཇམ་པོའི་གོས་རེ་འཚེམ་དང་འཚེམ།

  ངས་མ་ཎི་རྡོ་འབུམ་ལ་གཡོལ་ནས། དེ་ནས་བ་ཆོས་གུང་ཐང་བར་ལ་ད་རུང་ག་ཚོད་བསྐྱོད་དགོས་མིན་དྲིས།

  དོ་དགོང་བ་ཆོས་གུང་ཐང་ལ་ཞག་སྡོད་ཀྱིས་གློག་བརྙན་བསྟན་དགོས་པ། བཀྲ་ཤིས་ཟླ་བས་བཀོད་སྒྲིག་བྱས། ལྷ་སར་མ་འཕུར་གོང་ནས། ཁོས་བ་ཆོས་གུང་ཐང་ནི་མཚོ་སྐོར་གྱི་ལམ་ཕྱེད་ཡོལ་ཙམ་གྱི་མཚམས་སུ་གནས། མེས་པོ་རལ་པ་ཅན་ཚོས་བདམས་པའི་དབྱར་ས་རེད། རྒན་ལགས་མི་རྗེའི་ཕོ་བྲང་ནས་ཞག་མ་གཅིག་གཟིམས་གནང་ཟེར་ནས། གོང་གི་སྐད་ཆའི་རྒྱབ་རྟེན་ལ་དོན་ཆེན་གནད་བསྡུས་སུ་“བཙན་པོ་དབྱར་བ་ཆོས་གུང་དང་དུ་གཤེགས་”ཞེས་འཁོད་པའི་ཡིག་རྙིང་གི་པར་ལྷེབ་ཙམ་ཡང་བསྐུར། དེ་བཀྲ་ཤིས་ཟླ་བའི་ལས་རིགས་ཀྱི་ན་ཚ་ཡིན་སྲིད། སློབ་གྲྭ་ཐོན་པ་ནས་ཁོས་རྒྱལ་ནང་གི་ཞིབ་འཇུག་སྡེ་ཁག་ཅིག་ཏུ་ལས་ཀ་གཉེར།

  *

  “རྒན་ལགས། ཉུང་མཐར་ཆུ་ཚོད་གཅིག་ལྷག་བསྐྱོད་དགོས།”

  “འོ་ཡ། ངའི་མདུན་ལ་དུ་བ་འཛེམ་མི་དགོས། ཁྱེད་འཐེན་འདོད་ན་འཐེན་རྐྱང་བྱོས།”

  ཐུབ་བསྟན་གྱིས་མོ་ཊ་ཁ་བཀག་སྟེ་ཐ་མག་ལ་མེ་བཙོགས་ཞོར། “རྒན་ལགས། འོ་ན་ཕྱིར་དོན་ཙམ་བྱ་”ཟེར།

  རྒྱ་ལམ་དང་གཡུ་མཚོའི་དབར་ལ་པད་ཁའི་མེ་ཏོག་སེར་ཐིང་ངེར་བཞད་ཅིང་། སྤྲིན་པའི་གྲིབ་སོ་འཕོག་པའི་ཞིང་ཁའི་མཐའ་ལ། བྱིས་པ་ཚོས་ཉི་གདུགས་ཆེན་པོ་རེའི་འོག་ཏུ་སོ་སོའི་མ་འོངས་པ་རི་མོར་འབྲི།

  དེའི་ཡང་ཕར་ཙམ་ན། སྔོ་ལྟེམ་ལྟེམ་གྱི་ཡར་འབྲོག་གཡུ་མཚོ་ཁོ་ན། གཡུ་སྒྲོན་མཚོའི་མིག་ཟུང་ལྟར་དྭངས་ཕྲུང་ཕྲུང་ངང་འཁྱིལ།

  ཕྱི་དྲན་ལ་སྣེ་དང་མཐའ་མེད་ཀྱང་མདོག་དང་བྲོ་བ་ཡོད་པ་འདྲ། ངའི་མི་ཚེའི་ཕྱེད་ཀ་ཏག་ཏག་སྒམ་ཆུང་དེའི་ནང་དུ་ལག་པ་རྐྱོང་བར་ཟད། ང་དང་ཐུབ་བསྟན་གྱིས། ཁ་སང་གི་ང་གཉིས་བཞིན། ཁ་ཁུ་སིམ་པོས་མིག་མདུན་གྱི་ཡུལ་ལྗོངས་ལ་བལྟས་བསྡད། སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་རེ་རེ། གཡུ་མཚོའི་ཁའི་རྦ་རླབས་འཕྱོ་བ་དང་ལྷན་དུ་འཕྱོ་ཡང་། འཇགས་པ་དང་མཉམ་དུ་མ་འཇགས།

  ཐུབ་བསྟན་གྱི་ཁ་ནས་གློད་པའི་ཐ་མག་གི་དུ་བས། ང་རང་ད་ལྟ་༢༠༢༣ལོའི་དབྱར་གཞུང་ན་ཡོད་པར་དྲན་སྐུལ་བྱས།

  གལ་ཏེ། འཁྲབ་ཁྲིད་པ་ཨ་པ་སི་དབྱི་རན་ལ་མ་སྐྱེས་པར་བོད་ལ་སྐྱེས་ཚེ། ཁོང་གིས་ཀྱང་ཡར་འབྲོག་གཡུ་མཚོའི་མཐའ་ནས། 《རྒྱ་ཨར་ལྗོན་པའི་འོག་གི་སྙིང་སྡུག་》ལྟ་བུའི། ང་གཉིས་ལ་དབང་བའི་གློག་བརྙན་སྙིང་རྗེ་པོ་ཞིག་བཟོ་ཆོག་ཆོག་ཏུ་སྣང་།

  བྱ་འཕིར་གཅིག་གིས་རྩེ་མོར་བཏགས་མྱོང་བའི་དཔྱིད་ཀ་དེ
      ཕ་རིའི་རླུང་བུས་ཁྱེར་སོང
      སྤོ་ལོ་གཅིག་ལ་སུ་ཐོབ་བརྒྱབ་མྱོང་བའི་བྱིས་དུས་དེ
      རྐང་པའི་འོག་ནས་ཡལ་སོང་……
      ཡར་འབྲོག་གཡུ་མཚོའི་པང་དུ་ཡོད་པའི་ཐུབ་བསྟན་ལ་ཁ་པར་སླེབས།

  ཁ་པར་ལས་གྲག་པའི་བོད་གཞས་སྙི་མོ་དེ། གཡུ་མཚོའི་ཁར་བསྒྲེངས་ནས། འདས་དུས་ལ་ཕྱི་མིག་ལྟ་མཁན་གྱི་སྐྱེས་པ་ཆ་གཅིག་གི་རྒྱབ་ལྗོངས་ཆགས། དྲི་མེད་ཀུན་ལྡན་བཙལ་བཙལ་རྗེས་རང་ཉིད་བརླག་འགྲོ་མཁན་གྱི་འཁྲབ་ཁྲིད་པ་དེའི་ཁ་པར་ཇི་བཞིན། གཡུ་མཚོའི་མཐའི་འཁྲབ་ཁྲིད་པ་ཐུབ་བསྟན་གྱི་ཁ་པར་ལའང་བརྡ་རྟགས་ཡག་པོ་མི་འདུག །

  “རྒན་ལགས། ང་ཚོའི་ཕ་ཡུལ་ལའང་། གཞས་ཆེན་ལེན་ཤེས་འཁྲབ་ཤེས་མཁན་ཇེ་ཉུང་ནས་ཇེ་ཉུང་།”

  མོ་ཊའི་ནང་འཛུལ་བ་དང་ཐུབ་བསྟན་གྱིས་མུ་མཐུད། “དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལ་བལྟས་ཏེ། མིག་ཆུ་ཤོར་མཁན་གྱི་རྒན་རྒོན་དེ་ཚོ་སྙིང་རྗེ་བ་ལ་ཨང་”ཟེར།

  *

  གློག་བརྙན་བཟོ་དུས་རྒན་རྒོན་ཚོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལ་བལྟས་ནས་སྤྱན་ཆབ་ཤོར་བ་ནི་མ་རེད་ཀྱང་།

  བྱིས་དུས་སྤོ་བོ་མཉམ་པོར་ར་ལུག་གི་རྨིག་རྗེས་དེད་ནས་ཕ་ཡུལ་གྱི་རི་ལམ་རྡོག་པས་རྫི་སྐབས།

  སྔ་དགོང་མ་གཏོགས་ལུག་གིས་ཀྱང་རྩྭ་རྩེའི་ཟིལ་པ་བལྡགས་ཏེ་ང་གཉིས་ལ་ཡ་མ་བྱས། ང་དང་སྤོ་བོས་རྫི་སྐྱོར་ཆུང་ངུ་ཞིག་དབུས་སྒྱེད་པུ་བཙུགས་ཏེ་ཇ་བསྐོལ་ཞོར། མཚམས་རེ་སྒྲ་སྒམ་གྲུ་བཞིའི་བུ་ག་སིབ་སིབ་ལས་རྒྱང་རིང་མི་ཡུལ་གྱི་མཛེས་སྡུག་རྣ་བས་མཉན་ལ། མཚམས་རེ་ཡིག་ངོ་ཆོད་ཙམ་གྱི་ཡོན་ཏན་མངའ་བར་རློམ་པའི་བུ་ཆུང་ངས་ཀྱང་། སྤོ་བོ་ལ་ཆོས་རྒྱལ་དྲི་མེད་ཀུན་ལྡན་དང་ཨ་ཅེ་སྣང་ས་འོད་འབུམ། འཁྲུངས་གླིང་མེ་ཏོག་ར་བ་དང་རྟ་རྒྱུག་དཔྱིད་ཀྱི་ཉི་མ་སོགས་ཐེངས་མང་བཏོན།

  དེ་དུས་སྤོ་བོས་ཕྱིས་སུ་གློག་བརྙན་《ཐར་ལོ་》འཁྲབ་སའི་ཕ་ཡུལ་གྱི་རི་སྒང་དེར།

  ཆོས་རྒྱལ་དྲི་མེད་ཀུན་ལྡན་མཁྱེན། གླིང་རྗེ་གེ་སར་རྒྱལ་པོ་མཁྱེན། ཨ་ཅེ་སྣང་བཟའ་འོད་འབུམ་མཁྱེན་གསུངས་ཏེ་ཐལ་མོ་སྦྱར་ནས། གཉེར་མའི་གསེང་གི་ཐལ་བ་ཆིལ་ཆིལ་གྱི་ས་ཞིང་རེ་རེར་ཡུར་ཆུ་དྲངས། ཆུ་དེའི་ཆུ་མགོ་སྤོ་བོའི་ཁྲ་ཆུང་གི་མིག་དབང་ཡིན་དང་ལས་འབྲས་ཀྱི་བློ་མིག་ཡིན་པ་གང་ལྟར་ཡང་།

  དེ་ལྟའི་ཁུ་སིམ་སིམ་གྱི་ཆོ་ག་གང་མང་། སྤོ་བོས་ངའི་དྭངས་གསལ་གཡུ་མཚོ་ལྟ་བུའི་བྱིས་དུས་ཀྱི་སེམས་སུ་བཏབ།

  དེ་ནས་ད་ལྟའི་བར་ལ། ངས་ག་དུས་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་བལྟས་ཀྱང་། རང་གི་བྱིས་དུས་ལ་ལྟ་བཞིན་པའི་སྣང་བ་ལས་མ་ཤར། མ་གཞི་གློག་བརྙན་གྱི་གཏམ་རྒྱུད་རྦད་དེ་རྟོག་བཟོ་བྱས་ནས་གྲུབ་པ་རེད་མོད། ནར་སོན་པའི་ལམ་ཁ། ལམ་འགྲམ་གྱི་རི་གྲོང་། རི་གྲོང་གི་ཕྱི་ནང་། ཐ་ན་འཁྲབ་སྟོན་པའི་གོམ་པ་སྤོ་ཐེངས་གཅིག་ལའང་། ངའི་བྱིས་དུས་ཀྱི་གྲིབ་སོ་དང་། ངའི་ལྟ་སྣང་མཐོང་ཕྱོགས་ཀྱི་འཇིག་རྟེན་སིམས་ཡོད་ཨང་།

  “མ་ཎི་རྡོ་འབུམ་ནང་གི་རྒན་རྒོན་ཚོས། རྣམ་ཐར་ལ་བལྟས་ཏེ་བཤུམས་པ་མ་རེད།” ངས་དོན་ངོ་མ་གམ་གྱི་འཁྲབ་ཁྲིད་པ་ཐུབ་བསྟན་ལ་བཤད།

  ཁོས་ལ་ཕུག་སྐྱུར་མོ་ཟ་དུས་ཀྱི་གདོང་སྐྱུར་མོ་ཞིག་ང་ལ་བསྟན།

  “བརྙན་ལེན་དུས་སྤྱན་མིག་སྦྱིན་པར་བཏང་བས་མི་ཚད། སྟག་མོ་ལུས་སྦྱིན་གྱི་རྣམ་ཐར་འཁྲབ་ཀྱང་མིག་ཆུ་ཤོར་བ་མི་འདུག །”

  ཐུབ་བསྟན་གྱིས་ཧ་གོ་དོན་རྟོགས་ནས། “རྒན་ལགས། ང་ཚོའི་ཡུལ་མི་རྣམས་འཁྲབ་རྒྱུར་ཤིན་ཏུ་མི་དགའ་བ་འདྲ་”ཟེར།

  ངས་ཁྱེད་ཀྱིས་བཤད་པ་ལོས་བདེན། ལྟ་ཚོད་སྣ་ཚོགས་བྱས་མཐར། ངས་གླུ་པ་ཞིག་ལ་ཁོང་ཚོར། ཕ་མའི་བྱམས་བརྩེའི་སྐོར་གྱི་གཞས་ཤིག་ལེན་རོགས་ཞུས། རྒན་རྒོན་ཚོས་སྔར་སོང་དྲན་ནས་མིག་ཆུ་ཤོར་སྟབས། ང་ཚོས་ཕག་ནས་བརྙན་བླངས་པ་ཡིན་ཅེས་བཤད།

  ཐུབ་བསྟན་གྱིས་ཅུང་ཙམ་རིང་ལ། མོ་ཊའང་གཡུག་གྲབས་ཀྱིས་གད་མོ་ཤུགས་ཆེན་བགད།

  “འོ་ན་རྒན་ལགས། འཁྲབ་སྟོན་པ་ཚོས་ལྟད་མོ་བར་མགོ་སྐོར་བ་མིན་ནམ།”

  “མིང་ལའང་འཁྲབ་སྟོན་པ་ཞེས་ཟེར་བ་རེད། ཁོ་ཚོ་དངོས་གནས་སྐྱོ་བ་མ་རེད་ཀྱང་སྐྱོ་བ་འཁྲབ་སྟེ་ལྟད་མོ་བ་སྐྱོར་བཅུག །གཅིག་བྱས་ན། ལོ་ཟླ་མང་པོ་ཞིག་འདས་རྗེས། ཁོ་ཚོས་རང་ཉིད་ཀྱིས་འཁྲབ་པའི་སྐྱོ་བ་ལ་བལྟས་ནས། རང་སེམས་གཞི་ནས་སྐྱོ་ངེས།”

  *

  ང་གཉིས་ཀྱིས་རྒྱབ་རི་བོ་ལ་བཅོལ་ཞིང་པང་དུ་མཚོ་མོ་ཆགས་པའི་གྲོང་ཚོ་འགའ་ཡང་རྒྱབ་ལ་གཡུགས།

  གཡུ་མཚོའི་ཁ་ནས་ལྡང་བའི་རླུང་བུ་གྲང་ཅང་ཅང་དེ། ཐུབ་བསྟན་གྱིས་ཐ་མག་གི་དུ་བར་འགྲོ་སར་ཕྱེ་བའི་སྒེའུ་ཁུང་གི་སྲུབས་ནས་འཛུལ་ཡོང་།

  རླུང་བུ་གྲང་ཅང་ཅང་དེ་འདྲ་ཞིག་༢༠༠༥ལོའི་སྟོན་ཀར་ཡང་ལྡང་མྱོང་། ལོ་དེའི་སྟོན་ཟླ་བརྒྱད་པའི་མཚན་མོ་རེ་རེར། ང་ཚོས་སྡེ་བར་རེ་རེར་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཚར་རེ་བསྟན། ལྟད་མོ་བ་འདྲ་མིན་བཅོ་བརྒྱད་འཛོམས།

  འགའ་རེས་ལྟ་རྒྱུ་ཅང་མི་འདུག ། ང་ཚོའི་འཚོ་བ་ལ་ལྟ་རྒྱུ་གང་། ང་ཚོས་རོལ་བཞིན་པ་དེ་ག་མ་ཡིན་ནམ། ཤང་ཀང་གི་གློག་བརྙན་དང་བསྡུར་ཐབས་མི་འདུག་ཅེས་ང་ལ་བཤད། ཁ་ཅིག་གིས་ཐུགས་རྗེ་ཆེ་ངོ་རེ་མཚར་ཟེར་ནས་ཁ་བཏགས་འདྲའང་གཡོགས།

  དེ་དུས་རྒས་པོ་རྒན་མོ་ལོ་ལོན་རེས་དབུ་ཐུག་རེ་གནང་བས་གཉེར་མ་ང་ཡི་དཔྲལ་བར་ཐོགས།

  “རྒན་ལགས། མ་ཎི་རྡོ་འབུམ་ནང་གི་དྲི་མེད་ཀུན་ལྡན་གྱི་དུམ་བུ་དེ། གློག་བརྙན་དྲི་མེད་ཀུན་ལྡན་འཚོལ་བ་ཞེས་པའི། སྔོན་བརྡ་ལྟ་བུ་ཆགས་འདུག །”

  “རེད་རེད། མང་པོས་དེ་འདྲ་བཤད་མྱོང་། དྲི་མེད་ཀུན་ལྡན་འཚོལ་བའི་ནང་གི་སྦྱིན་བདག་དེ་ཡང་། མ་ཎི་རྡོ་འབུམ་ནང་ཡོད་རེད།”

  “སྦྱིན་བདག་རྒྱགས་པ་དེ་ཨེ། ངས་དོ་སྣང་མ་བྱུང་། ཕལ་ཆེར་ཤྭ་ཡུ་མོ་ཤེའུ་འཁྲབ་མཁན་གྱི་གྲས་ལ་མེད་འགྲོ། ཧ་ཧ།”

  “དེའི་གྲས་ལ་ཡོད་མ་རེད། དྲན་སོས་ཀྱི་མི་འདུག་གམ།”

  ཐུབ་བསྟན་གྱིས་ངའི་སྐད་ཆ་མ་གོ་བ་ཇི་བཞིན། མདུན་གྱི་རི་གྲོང་ཆུང་ངུ་ཞིག་ལ་མཛུབ་མོ་བཙུགས་ཏེ། “རྒན་ལགས། ལུང་པ་ཕ་གི་ཇོ་བཀྲ་ཤིས་ཟླ་བའི་ཕ་ཡུལ་རེད་”ཟེར། ངས་འོ་ཡ་ཡ། ཁོ་ཡི་སྐྱིད་པའི་ཕ་ཡུལ་དངོས་གནས་གཡུ་མཚོའི་འགྲམ་ལ་ཆགས་འདུག་ཅེས་ལན་གཏད། ཕར་ཕྱོགས་ན་གསེར་བྱ་ངང་པ་ཁྱུ་གཅིག་གཡུ་མཚོའི་ཁ་རུ་ཆུ་རྩེད་རྩེ།

  ཁོས་ཀྱང་ངས་ལྟ་སའི་ཕྱོགས་ལ་ལྟ་ཙམ་གྱིས། “བྱ་ད། ཁྲུང་ཁྲུང་སྐེ་ནག་རང་སྙིང་རྗེ་བ་མི་འདུག་གམ་”ཟེར།

  ངས་ཁྲུང་ཁྲུང་གིས་ངང་པར་བསྡུར་ཐུབ་རྒྱུ་ན། བོད་པ་ཚོས་གསེར་བྱ་ངང་པའི་བརྩེ་གདུང་ཟེར་གྱི་མ་རེད་པ་ཞེས་ཐུབ་བསྟན་ལ་འཛུམ་ཙམ་བྱས།

  ང་གཉིས་ཀྱིས་རི་ཟུར་ཆེན་པོ་ཞིག་ཀྱང་བརྒལ། ཟུར་གདོང་དེ་བརྒལ་རྗེས། གཡུ་མཚོའི་སྣེ་མོར་ཟུག་པའི་གངས་རི་ཞིག་མིག་ལ་ཤར། རྩམ་པ་བཤོས་པ་ལྟ་བུའི་སྐྱ་ཆིལ་ཆིལ་གྱི་གངས་རི། གངས་རིའི་རྩེ་མོ་སྤོ་བོས་བཞེས་མྱོང་བའི་ཕྱིང་ཞྭ་དེ་དང་ཨ་ན་མ་ན་……

  “རྒན་ལགས། ད་རུང་དྲན་སོས་མ་སོང་།”

  ངས་“ཁྱེད་ལ་ཁག་མི་འདུག །སྦྱིན་བདག་གི་ནང་མིས་མ་ཎི་རྡོ་འབུམ་ནང་ཁོ་རང་བཙལ་ཡང་རྙེད་མི་འདུག །

  མ་ཎི་རྡོ་འབུམ་ཐོག་མར་བརྙན་འཕྲིན་བརྒྱུད་བསྟན་སྐབས། ཁོས་རང་གི་ཁྱིམ་མི་ཚོར་ངའི་འཁྲབ་རྩལ་ལ་ཡག་པོ་ལྟོས་ཤིག་ཅེས་སྦོ་དགྱེད་དགྱེད་ཀྱིས་བཤད། ཆུང་མ་དང་བྱིས་པས་གློག་བརྙན་ལྟ་གིན་བཙལ་བཙལ་ཀྱང་། ཁོ་རྩ་ནས་མ་མཐོང་།

  མཐར་ཁོའི་ཨ་མས་ངས་བུ་མཐོང་བྱུང་། ཕ་གི་རེད་ཟེར་ནས་རྒྱབ་གཟུགས་གཅིག་ངོས་ཟིན། ངོ་མ་ཨ་མ་ཟེར་བ་ཕྲུ་གུ་ལ་མཚོན་ན་རྗེ་བཙུན་སྒྲོལ་མ་ལས་ཀྱང་ལྷག་པ་ཡོད་རེད་”ཅེས་བཤད་པས།

  ཐུབ་བསྟན་གྱིས། “ཧ་ཧ། རྒན་ལགས་ཀྱིས་ཞལ་ཤོབ་ཏག་ཏག་སློང་གི་འདུག་ཀྱང་། སྦྱིན་བདག་སྐྱེས་པ་དེས། བློས་བཏང་བའི་བརྩེ་གདུང་སྙན་ཐག་ཆོད་གསུངས་སོང་”ཟེར།

  འོ་རེད། ཁོས་བློས་བཏང་ཐུབ་པའི་བརྩེ་གདུང་། ཁོའི་རྒྱབ་ཀྱི་བརྩེ་གདུང་བློས་མ་ཐོངས་པའི་མགོ་རས་དཀྲིས་པའི་བུ་མོ་དང་ལྟད་མོ་བ་ཚོར་བཤད་པ་རེད་དེ། གློག་བརྙན་ནང་གི་བུ་མོ་དེ་ཡང་གཡུ་མཚོའི་མཐའི་ངང་པ་རྐང་གཅིག་མ་ཡིན་ནམ་……

  *

  “ད་སྐར་མ་ཉི་ཤུ་ཙམ་ནས་བ་ཆོས་གྲོང་ཚོར་སླེབ་ཐུབ། རྒན་ལགས།”

  “འོ་ཡ། ཉིན་གུང་ཏག་ཏག་ལ་འབྱོར་བ་འདུག །”

  “རྒན་ལགས་ཀྱང་སྔོན་མ་དགེ་རྒན་གནང་མྱོང་བ་མིན་ནམ།”

  ངས་རེད་རེད། ལོ་བཞི་ལ་རྫོང་སློབ་ཆུང་གི་དགེ་རྒན་བྱས་མྱོང་ཞེས་ལན་བཏབ།

  “འོ་ན། དྲི་མེད་ཀུན་ལྡན་འཚོལ་བའི་ནང་ལ།” ཐུབ་བསྟན་གྱིས་མགོ་འཕུར་ཙམ་བྱས་ནས་ཚིག་གཞུག་མ་བསྡུས། ཁོ་དོགས་མི་བདེ་བ་ཆགས་པ་མཐོང་པས། ངས་གང་དྲི་འདོད་ན་དྲིས། ང་ལ་འཚེར་རྒྱུ་ཅི་ཡོད་ཅེས་བཤད།

  “གློག་བརྙན་ནང་གི་དགེ་རྒན་དང་འཁྲབ་ཁྲིད་པ་གཉིས་ལས། སུའི་ལུས་ན་རྒན་ལགས་ཀྱི་གྲིབ་སོ་མང་།” ཁོས་སྔོན་ནས་དྲི་བསམས་པ་འདྲ་ལ་ད་ལྟ་རང་དྲན་སོས་པ་ལྟ་བུའི་དྲི་བ་དེ་ང་ལ་འཕངས། མ་གཞི་མིའི་སྐད་ཆ་མང་པོར་གྲ་སྒྲིག་མི་དགོས་མོད། ང་རང་གྲ་སྒྲིག་མེད་པ་ལྟ་བུའི་ངང་བག་ཙམ་ལུས་པས། ཁོས་མཐུད་དེ་ “ལན་མ་བསྐྱོན་ནའང་ཆོག་”ཟེར།

  ངས་གལ་མི་འདུག །དགེ་རྒན་གྱི་ལུས་ན་མང་དང་མང་ཞེས་ལན་སྤྲད།

  “རྒན་ལགས། དགེ་རྒན་མ་བྱས་གོང་ལ་དྲི་མེད་ཀུན་ལྡན་འཁྲབ་མྱོང་ངམ།”

  ངས་དྲི་མེད་ཀུན་ལྡན་འཁྲབ་མྱོང་མེད་ཀྱང་། མགོ་རས་ལྷེབ་ཙམ་གོན་པའི་བུ་མོ་གཅིག་གིས་ང་རང་བཙལ་མྱོང་ཞེས་ཐད་ཀར་ཐུབ་བསྟན་ལ་བཤད།

  མོ་རང་གནས་ལ་མ་སོང་བའི་ཟླ་གཅིག་གི་སྔོན་ཙམ་ལ།

  མགོ་རས་ཟིང་སྐྱ་དེ་འདྲ་ཞིག་དཀྲིས་ནས་སློབ་ཆུང་གི་སྒོ་འགྲམ་དུ་ང་རང་བཙལ་བར་ཡོང་། དེ་དུས་ང་ཡང་ལྕགས་ཕོར་རག་མ་ཐག་པའི་གསར་ཡག་ཅིག་ཡིན། ས་སྲིབ་ལ་ང་གཉིས་ཀྱི་སྤོ་ལོའི་ཐང་ཆུང་ཙམ་ཞིག་ཡོད་པ་དེར་བསྐོར་ཅིང་།

  ལོ་དེའི་ཟླ་བཅུ་པའི་ཚེས་གཉིས་ཀྱི་དགོང་མོའི་རླུང་བུས་ང་གཉིས་ལ་བསྐོར།

  མོས་དྭངས་ཁྲུག་ཁྲུག་གི་མིག་གིས་ང་ལ་བལྟས་ཏེ། སྙིང་གི་སྐད་ཆ་མང་པོ་ང་ལ་བཤད། རྡོག་པ་དང་རྡོག་པའི་དབར་ལ་མིག་ཆུ་འཁྱག་པ་ཞེ་ཅིག་གཏོར།

  “རྒན་ལགས། དེ་འདྲ་དྲན་ཡང་མ་མྱོང་།”

  “ཅུང་འདྲ་གི་མ་རེད། གློག་བརྙན་ནང་བུ་མོ་དེས་བློས་མ་ཐོངས་པའི་བརྩེ་གདུང་འཚོལ་བར་རེད་པ།”

  གཡུ་སྒྲོན་མཚོ་ནི་གནས་ལ་འགྲོ་རན་སོང་། བརྩེ་གདུང་བློས་བཏང་བ་ཡིན་ཟེར་དུ་ཡོང་བ་རེད།

  “བུ་མོ་གཞན་པ་དེ་རྒན་ལགས་ཀྱིས་སར་གང་བྱེད་དུ་འོང་།” ཐུབ་བསྟན་གྱིས་ང་ལ་ལྟ་མ་ནུས་པར་གཞུང་ལམ་ལ་ལྡིར་ནས་དྲིས།

  “བུ་མོ་གཞན་པ་དེས། དྲི་མེད་ཀུན་ལྡན་གྱིས་རང་གི་བུ་ཡང་སྦྱིན་པར་བཏང་ན། མོ་རང་ལྟ་ཅི་སྨོས་སྙམ་ནས་ཡོང་བ་རེད།”

  ངས་དེ་ལྟར་ཐུབ་བསྟན་ལ་བདེན་ཅོག་ཅོག་གིས་བཤད་རྗེས་འཛུམ་ཙམ་ཡང་མ་བྱས། གཞན་ལ་གད་མོ་བསླངས་ཏེ་རང་ཉིད་གད་མོ་མ་ཤོར་བར། ཕ་རོལ་པོའི་གདོང་ལ་བལྟས་བསྡད་རྒྱུ་ཡན་གྱི་སྐྱིད་ཅིག་མི་འདུག །

  *

  “དོན་ངོ་མ་དེ་འདྲ་ཨེ་ཡིན་ལགས།”

  དོན་ངོ་མ་དེ་འདྲ་ག་ལ་ཡིན། དམའ་འབྲིང་དུས་ནས། བདག་པོ་རྒྱག་དཀའ་བའི་སེམས་པས་མོ་ལ་བརྩེ་འཕྲིན་ཐོག་མར་བྲིས།

  གཅིག་བྱས་ན་སྐད་ཆ་དེ་ངའི་ཁ་ནས་ཤོར་ཡོད་ཀྱང་སྲིད། ངས་དོ་དོ་སྣང་སྣང་མེད་མདོག་གིས་ཁུ་སིམ་མེར་སྒེའུ་ཁུང་ཕྱིའི་གཡུ་མཚོ་ལ་བལྟས་བསྡད།

  ཐུབ་བསྟན་གྱིས། “རྒན་ལགས། མུ་མཐུད་གསུང་གནང་གི་མིན་ནམ་”ཟེར།

  ངས་སང་ཉིན་ལམ་ཐག་རིང་བས། དྲི་མེད་ཀུན་ལྡན་འཚོལ་བའི་ནང་གི་སྦྱིན་བདག་ལྟར། ངས་འཁྲབ་ཁྲིད་པ་ཐུབ་བསྟན་ཁྱེད་ལ། བློས་ཐོངས་ལ་མ་ཐོངས་ཀྱི་བརྩེ་གདུང་གླེང་ཆོག་ཅེས་བཤད་ནས། སྒེའུ་ཁུང་ཕྱིའི་ཡར་འབྲོག་གཡུ་མཚོ་ལ་བལྟས་བསྡད།

  རེ་ཞིག་གི་འཕྲོར། བ་ཆོས་གྲོང་ཚོ་ཞེས་བཀོད་པའི་ལམ་བྱང་ཞིག་གིས་ལམ་ཟུར་ནས་ང་གཉིས་གྲོང་དཀྱིལ་དུ་ཁྲིད།

  ཐུབ་བསྟན་གྱིས་མོ་ཊ་ག་ལེར། དཀར་རྩི་བྱུགས་པའི་རྡོ་ཁང་གྲུ་བཞི་ཚོའི་བར་གྱི་སྲང་ལམ་སྒང་བཏང་། མགོ་ཕྱུགས་ཀྱི་སྐེ་ལ་བཏགས་པའི་དྲིལ་བུ་ལས་སྒྲ་སིལ་སིལ་གྲག ། སྒེའུ་ཁུང་ཕྱིར་ཡར་འབྲོག་གི་རྒས་པོ་རྒན་མོ་ཚོས། རྩིག་ཁུག་རེ་ནས་མི་ཡུལ་གྱི་ཉི་མ་ལྡེ་བཞིན་བཞུགས།

  “རྒན་ལགས། ཇོ་བཀྲ་ཤིས་ཟླ་བས་ཟེར་བའི་བ་ཆོས་གུང་ཐང་། རི་དེའི་རྒྱབ་རང་དུ་ཡོད། ད་ལྟ་གཤོངས་གཅིག་ན་གྱང་གོག་འདྲའང་ཡོད།” ཐུབ་བསྟན་གྱིས་བ་ཆོས་གྲོང་ཚོའི་རྒྱབ་རི་གྲོད་པ་ལུག་ལུག་དེར་བལྟས་ནས་བཤད།

  མོ་ཊ་ལས་མ་བབས་སྔོན། ངས་རིན་པོ་ཆེ་ཡང་ཕུ་ལ་བཞུགས་ཡོད་པ་རེད་དམ་ཞེས་དྲིས་པས།

  ཐུབ་བསྟན་གྱིས། “རིན་པོ་ཆེ་བ་ཆོས་གུང་ཐང་གི་ཡང་ཕུ་རུ་བཞུགས་བཞུགས་པ་རེད་”ཟེར།

  བཀྲ་ཤིས་ཟླ་བས་བཀོད་སྒྲིག་བྱས་པའི་གནས་ཚང་ལས་ཁ་ལག་སྟབས་བདེ་ཞིག་བཟས་རྗེས། ང་གཉིས་བ་ཆོས་གྲོང་ཚོའི་སྔས་མགོ་ལྟ་བུའི་རི་གྲོད་ལུག་དེའི་རྒྱབ་ཏུ་ཆས། སྐར་བཅུ་ཙམ་ཡང་མ་ཕྱིན་གོང་ལ། མོ་ཊའི་ལམ་ཁ་ཀྱག་ཀྱོག་དེའི་སྣེར་ཆགས་པའི་ཐང་གཤོངས་སུ་སླེབ།

  ཐང་གཤོངས་ཀྱི་དབུས་སུ་མཁར་ཤུལ་གྱི་རྩིག་རྨང་དང་གྱང་རོ་རྐྱང་རྐྱང་གིས་ཁེངས། མི་ལོ་སྟོང་ནི་མཚན་མོ་གཅིག་གི་རྨི་ལམ་དང་འདྲ། གྱང་རོའི་གསེང་ལས་མཐོང་བའི་ཡར་འབྲོག་གཡུ་མཚོ། བཙན་མོ་ཚོས་ས་ལ་བརྡབས་པའི་གཡུ་ཡི་མེ་ལོང་གི་ཆག་རོ་འདྲ།

  ང་དང་ཐུབ་བསྟན་གྱིས་ལྷ་བཙན་པོ་བཞུགས་མྱོང་བའི་རྩིག་རྨང་ལྷག་མ་དེའི་ཟུར་དུ་བསྡད་ནས། དྲན་པ་རྒྱང་དུ་བསྲིངས། ཕར་ཙམ་ལ་གཡུ་མཚོ། དེའི་ཕ་རོལ་ན་ཡར་འབྲོག །དེའི་ཡང་ཕ་རོལ་ན་ཡར་ཀླུང་……

  བཀྲ་ཤིས་ཟླ་བ་ཏུན་ཧོང་ཡིག་རྙིང་ལ་མགོ་འཁོར་བར་ཁག་མི་འདུག ། ངས་ཀྱང་ན་རིམ་བཙན་པོའི་ཕྲེང་བ་སེམས་སུ་བགྲངས། མེས་པོ་རལ་པ་ཅན་ཚོ་གཡུ་མཚོའི་མཐའ་ནས་མི་ཡུལ་གྱི་མཁའ་ལ་འཕུར།

  “རྒན་ལགས། ཕུ་ལ་ཕེབས་འགྲོ། ཡང་དགོང་མོ་གློག་བརྙན་བསྟན་དགོས་ཙང་།”

  འོ་ཡ་ཡ།

  ཕུ་ལ་མོ་ཊ་ཐར་ས་མེད་པས། ང་དང་ཐུབ་བསྟན་གྱིས་མོ་ཊ་བཙན་པོའི་ཆིབས་ར་འདྲ་བའི་རྩིག་མང་གྲུ་བཞི་ཞིག་ནང་བཏང་། གློག་བརྙན་གྱི་མཁོ་ཆས་རྣམས་ཀྱང་མོ་ཊ་ལས་ཕབ་སྟེ་གྱང་ཟུར་དུ་གྲལ་འགྲིག་པོས་བཞག །

  མཇུག་མཐར་གློག་བརྙན་བསྟན་སའི་རས་ཡོལ་རྙིང་པ་དེའང་གྱང་རོ་ཆ་ཚང་བ་ཞིག་གི་ངོས་སུ་བཀྲམ།

  *

  《གཡང་མདའི་》འོད་སྡེར་དེ་གཅིག་པོ་དྲན་པ་ལྟར།

  ལུས་དང་བྲལ་མེད་དུ་ཁྱེར་ནས་བ་ཆོས་གུང་ཐང་གི་ཕུ་ལ་འཛེགས། བྲག་ཕུག་གི་ལྡེབས་ལ་དཀར་རྩི་བསྐུས་པས་ཡིན་ནམ། དམའ་ས་ནས་བལྟས་པས། རིན་པོ་ཆེའི་བཞུགས་སའི་བྲག་ཕུག་གངས་རི་ཆུང་ཆུང་གཅིག་དང་འདྲ།

  ང་གཉིས་ཡར་ཡར་འགྲོ་དུས། ཁ་བ་མར་མར་མ་བབས་རུང་།

  རི་ལམ་གྱ་གྱུའི་གཡས་གཡོན་གྱི་རྡོ་གཡམ་དང་བྲག་རྡོ་མཐོང་ཚད་ལ་མ་ཎི་ཡིག་དྲུག་རྐྱང་རྐྱང་བབ།

  ངས་ཐུབ་བསྟན་ལ་རྡོ་བརྐོས་མ་ཎི་མང་པོ་དེ་འདྲ། ད་བར་མཐོང་ཡང་མ་མྱོང་། བ་ཆོས་ཀྱི་གྲོང་མི་ཚོས་རྡོ་བརྐོས་ཤེས་ཀྱི་རེད་དམ་ཞེས་དྲིས།

  “ཇོ་བཀྲ་ཤིས་ཟླ་བས་རྒན་ལགས་ལ་བཤད་མ་བྱུང་ངམ། དེ་ཚོ་ཚང་མ་རྐྱང་རྗེས་བརྐོས་པ་རེད།” ཐུབ་བསྟན་གྱིས་མཐའ་འཁོར་ལ་མིག་བཤེར་གཅིག་བྱས་ནས། “རི་དེ་རྦད་དེ་མ་ཎིས་གང་ཡོད་པས། ཚེས་བཟང་དུས་བཟང་ལ་རི་སྐོར་ལ་ཕེབས་མཁན་ཤིན་ཏུ་མང་”ཟེར།

  “འོ་ཡ། བཀྲ་ཤིས་ཟླ་བས་ང་ལ་དེའི་སྐོར་བཤད་མྱོང་མེད། རྐྱང་རྗེ་ཟེར་ན་སུ་རེད།”

  ང་ཧ་ལས་ཧོན་ཐོར། རི་བོའི་སྤོ་ནི་སྤྲིན་པའི་གསེང་ལ་ཟུག་ཅིང་རི་བོའི་ཞོལ་ནི་བཙན་པོའི་དབྱར་ས་བར་དུ་བརྐྱངས།

  མི་གཅིག་གིས་སྐྱེ་བ་བཅུ་ལ། ངལ་མ་གསོས་པར་བརྐོས་ཀྱང་དེ་འདྲ་ག་ནས་ཚར།

  “རྐྱང་རྗེ་ནི་རྔོན་པ་གཅིག་རེད།”

  ངས་མི་རབས་གོང་མ་ཚོའི་ལྷན་སྐྱེས་ཀྱི་ཨུ་ཚུགས་དང་སྙིང་རུས་ལ་ཡིད་ཆེས་ཀྱང་།

  རི་དེ་ཆུང་པོ་ནི་མི་འདུག ། ཏན་ཏན་རྔོན་པ་དེས་གནས་སྒོ་ཕྱེ། ཕྱིས་སུ་མཇལ་བ་གཞན་པས་ཀྱང་བརྐོས་ཡོད་ངེས་ཞེས་བཤད།

  “ཕུའི་བྲག་ཕུག་ནང་། རྐྱང་རྗེའི་མ་ཎི་རྐོ་བྱེད་ཀྱི་གཟོང་ཡང་མཇལ་རྒྱུ་ཡོད།” ཐུབ་བསྟན་གྱིས་རྒྱབ་ནས་ལན་མིན་པའི་ལན་གཅིག་ང་ལ་བཏབ། རྡོ་བརྐོས་མ་ཎི་དེ་དག་ཁོ་ནས་རང་ཉིད་རྐོ་མཁན་སུ་ཡིན་པ་ཤེས་ཀྱང་ཞལ་མ་གྲག །

  ང་གཉིས་ཀྱིས་རི་ལམ་དེད་ནས་ཁོང་བྱིས་པ་ཡན་ཆད་ཤེས་པའི་ཡིག་དྲུག་མ་ཎི་འདོན་ཞོར་ཡར་ཡར་འཛེགས།

  “རྒན་ལགས། ང་གཉིས་ཀྱང་ཁང་ཆུང་རེ་ཨེ་བརྩིག །” བྲག་ཕུག་དང་གོམ་པ་བརྒྱ་ཙམ་ཡོད་མེད་ཀྱི་མཚམས་སུ་ཐུབ་བསྟན་གྱིས་དེ་ལྟར་བཤད།

  ངས་གང་དུ་བརྩིག་དགོས། བསམ་ཡས་ཀྱི་སྐོར་ལམ་ན་བརྩིགས་པ་དེ་འདྲ་རེད་དམ་ཞེས་དྲིས།

  ཐུབ་བསྟན་གྱིས། “རེད། རྒན་ལགས། བཤད་སྲོལ་ལ་ང་ཚོ་འཆི་བའི་མཚན་མོར་གནས་འདིར་ཡོང་དགོས་”ཟེར་ནས། ང་གྲོག་པོ་ཆུང་ཆུང་ཞིག་གི་རོང་ལ་ཁྲིད།

  རྡོ་གཡམ་གསུམ་བཞི་རེ་སྤྱད་ནས་བརྩིགས་པའི། ཚེ་ཕྱི་མའི་ཞག་གཅིག་གི་གནས་ཁང་གིས་གྲོག་པོའི་རོང་དེ་ཁེངས།

  ཐུབ་བསྟན་ང་གཉིས་ཀྱིས་ཁུག་ཀྱོག་ཅིག་ཏུ་རང་རང་གི་གནས་ཁང་བརྩིགས།

  ཁང་ཆུང་རེ་གཉིས་ཀྱི་འགྲམ་ལ་སྤ་མའི་ལོ་མ་རེ་ཡང་རྡོས་མནན་ཏེ་བཞག་འདུག་པ་མཐོང་བས། ངས་ཁོ་ལ། དེས་གང་མཚོན་གྱི་ཡོད་ཅེས་དྲིས།

  “རྒན་ལགས། འཆི་བའི་རྗེས་གཅིག་པོར་བསྡད་དགོས་ཙང་། ཞེད་ཡོང་བསམས་ནས་སྐྱོ་རོགས་ལ་སྤ་མ་དེ་བཙུགས་པ་མིན་འགྲོ །”

  གྲོག་པོའི་རོང་ན་ཆགས་པའི་གནས་ཁང་གི་སྒོ་ཁར་ཡང་། འགྲུལ་པ་ཚོས་སྤ་མའི་སྡོང་པོ་བཙུགས།

  སྤ་མའི་སྡོང་པོའི་འོག་ནས་རྒྱང་ལ་བལྟས་ཚེ། ཡར་འབྲོག་གཡུ་ཡི་མཚོ་མོའང་། མི་ཡུལ་ལ་ཡོད་དུས་མཐོང་བའི་ནམ་མཁའ་དང་གཉིས་སུ་མ་མཆིས།

  *

  ང་དང་ཐུབ་བསྟན་སྒུར་ཞུམ་ཞུམ་གྱིས་བ་ཆོས་གུང་ཐང་རིན་པོ་ཆེ་བཞུགས་སའི་བྲག་ཕུག་ནང་འཛུལ།

  རིན་པོ་ཆེས་ང་གཉིས་མཐོང་བས་འཛུམ་པའི་ཞལ་ནས། ངས་སྒེའུ་ཁུང་ལས་ཁྱེད་གཉིས་ལ་བལྟས་ཏེ་སྒུག་ཡིན་གསུངས།

  ཁོང་མཆོག་ས་ཕག་གིས་བྱས་པའི་གཟིམ་ཁྲི་གཅིག་སྒང་སྐྱིལ་ཀྲུང་དུ་བཞུགས། ངས་ཁོང་གི་ཞལ་རས་ལ་ལྟ་མ་ཕོད། རིན་པོ་ཆེའི་སྐུ་ལུས་གཡོན་པའི་གམ་ན། འོད་སྡེར་ལས་ཆེ་ཙམ་གྱི་སྒེའུ་ཁུང་ཞིག་མི་སྡུག་པའི་འཇིག་རྟེན་ལ་ཞལ་ཕྱེ། ང་གཉིས་ཀྱིས་ཁོང་གི་སྐུ་མདུན་ལ་སྐུ་ཕྱག་ལན་གསུམ་འཚལ་ནས་མཇལ་དར་ཕུལ།

  ཡར་བཞེངས་གནང་། ཁྱེད་གཉིས་ཕྱག་ཕེབས་གནང་ནས་སྐུ་དོན་འདྲ་ཡོད་དམ་གསུངས།

  མ་གཞི་དམིགས་བསལ་གྱི་དོན་དག་མེད་པས་ཡིན་ནམ། ངས་རིན་པོ་ཆེར་ལྗགས་ལན་ཡང་ཕུལ་མ་ཐུབ།

  རིན་པོ་ཆེས། འོ་ན་ང་ཚོ་ཕྱི་ལ་འགྲོ་དང་། གཡུ་མཚོ་མཐོང་གི་རེད་གསུངས་ནས་ཡར་བཞེངས། བྲག་ཕུག་ལས་ཐོན་ཁ་མར་ཅི་ཞིག་དྲན་སོས་པ་ལྟར། ཁོང་གིས་“དེ་རྐྱང་རྗེའི་གཟོང་རེད་”གསུངས་ནས། མཇལ་དར་སེར་པོས་བཏུམས་པའི་དངོས་པོ་ཞིག་ང་གཉིས་ཀྱི་མགོ་ལ་འཇོག་ཙམ་གནང་།

  ཕྱི་རོལ་དུ་བསླེབས་རྗེས་ད་གཟོད་ངས་རང་ཉིད་ལས་སྐུ་ན་ཆུང་བའི་རིན་པོ་ཆེའི་ཞལ་གསལ་བར་མཇལ།

  དགོང་དྲོ་ཧྲིལ་པོ་གཅིག་ལ། རིན་པོ་ཆེས་གཡུ་ཡི་མཚོ་མོ་དང་། ཞོལ་གྱི་དབྱར་ས། རྡོ་ཡི་མ་ཎི། འཆི་བའི་ཁང་མིག་བཅས་ལ་གཟིགས་ནས། ཐུགས་བརྩེ་བའི་བཀའ་མཆིད་ནར་མར་བསྩལ། མཇུག་མཐར་ངས་སྐྱབས་འཇུག་ཞུ་སའི་བླ་མ་མཇལ་བས། ལམ་ནས་འཕྲད་པའི་མགོ་ལོག་གི་གླང་ཕྲུག་དེ་ལ་ཐུགས་རྗེས་གཟིགས་ནས། ད་ནས་དེ་ལྟར་བརྒྱུག་ཏུ་མ་བཅུག་རོགས་ཞུས་པས།

  རིན་པོ་ཆེས་སྤྱན་ཟུང་ཟིམ་མེར་ཐག་རིང་གི་གཡུ་མཚོར་གཟིགས་ནས།

  “ཇོ་བོ་མ་རྒན་ཚོ་སྙིང་རེ་རྗེ།

  ཁོང་མ་གཤེགས་པའི་སྔ་རོལ་ལ། ངའི་གམ་ལའང་བཅར་མྱོང་”གསུངས་ཤིང་། རེ་ཞིག་ཐུགས་བསམ་བཞེས་ཏེ་མུ་མཐུད།

  “ཁོང་གིས་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་གི་གཟི་བརྐུས་འདུག་”གསུངས།

  ……

  “འོ་མ་རེད་ངས་ནོར་སོང་། ཡར་འབྲོག་གཡུ་མཚོའི་གམ་ལ་སྐྱེས་པའི་བུ་མོ་གཅིག་གི་གཟི་བརྐུས་པ་རེད།”

  ཐུབ་བསྟན་ང་གཉིས་ཀྱི་སྨྲ་བ་ཅི་ཡང་མེད་པར་རིན་པོ་ཆེའི་གང་གསུངས་ལ་ཉན་ནས་བསྡད།

  “ཁོང་མ་གཤེགས་པའི་སྔ་རོལ་ལ། ངའི་སར་ཕེབས་ཏེ།

  རིན་པོ་ཆེ། སྐུ་མཁྱེན། ཕྲན་པེ་ཅིན་གྱི་ལས་ཁུངས་ཤིག་ཏུ་དཔེ་རྙིང་གི་བྱ་བ་ལས་ཀྱི་ཡོད། ཕ་ཡུལ་མགོ་ལོག་ནས་ཡིན།

  ཕྲན་གྱིས་ལོ་གཉིས་གོང་ཡར་འབྲོག་ནས་ཡིན་པའི་བུ་མོ་ཞིག་གི་སྐེ་ནས་གཟི་བརྐུས་པ་ཡིན་གསུངས་ནས།

  དབུ་ཐུར་དུ་སྨད་ནས་ཉིན་གང་བཞུགས་སོང་།”

  ཉི་མ་ནུབ་ལ་བྱོན་མེད་ཀྱང་། བ་ཆོས་གྲོང་ཚོའི་བྱིས་པ་འགའ་ཤས་ང་གཉིས་ཀྱི་མོ་ཊའི་གམ་ན་གློག་བརྙན་བལྟ་རུ་བསླེབས་ཚར།

  *

  རིན་པོ་ཆེས་དབུགས་ངལ་ཞིག་གསོས་ནས།

  “ཁོང་རང་དེ་ལྟར་དབུ་སྨད་ནས་བཞུགས་བཞུགས་རྗེས།

  ཕྲན་གྱིས་གཟི་བརྐུས་ཏེ་ཟླ་གཅིག་ཀྱང་མ་ཕྱིན་གོང་། ཡར་འབྲོག་གི་བུ་མོ་དེ་པེ་ཅིན་གྱི་གཞུང་ལམ་སྒང་རླངས་འཁོར་གྱིས་བརྡུངས་ནས། ཤ་ཉོག་རུས་ཉོག་ཏུ་གྱུར་བ་གཞན་ལས་ཐོས་བྱུང་། དེ་དུས། མོས་རང་གི་གཟི་རྐུ་མཁན་སུ་ཡིན་པ་ཡང་ཤེས་ཀྱི་མེད།

  སྡིག་ཆེན་ངའི་ལས་ངན་ལ་གཟིགས་དང་གསུངས་ཏེ། སྤྱན་ཆབ་བསིལ་གྱི་འདུག །”

  ……

  “འོ་རེད། ཁྱེད་གཉིས་ཀྱིས་ལྷ་བྱམས་རྒྱལ་གྱི་སྒྲུང་ལ་གཟིགས་ཡོད་ཤག ། མགོ་ལོག་གི་མི་དེ། 《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན་》ཞེས་པའི་ནང་གི་མི་སྣ། རྣམ་གྲོལ་ཟེར་བ་དེ་རེད།”

  རིན་པོ་ཆེས་དེ་ལྟར་ཐག་ཆོད་པོས་གསུངས་གནང་། ངས་སྒྲུང་དེ་བཀླག་མ་མྱོང་རུང་གཏམ་རྒྱུད་དེ་འདྲ་ཞིག་བཤད་པ་ཐོས་མྱོང་། ཁོང་ཕར་ཙམ་ཕེབས་ཏེ་རྡོ་བརྐོས་མ་ཎི་ཞིག་བསྣམས་ནས་ང་གཉིས་ལ་སྟོན་ཞོར།

  “འདི་རྣམ་གྲོལ་གྱིས་ལོ་བརྒྱད་གོང་བརྐོས་པ་རེད།

  ཁོང་གིས་དེ་དུས་ང་ལ། ཡར་འབྲོག་གི་བུ་མོ་དེ་གྲོངས་རྗེས། མོ་རང་རྟག་ཏུ་རྣམ་གྲོལ་གྱི་རྨི་ལམ་ནང་ཡོང་ནས།

  ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན། ང་རང་གཡུ་མཚོར་སྐྱེལ་རོགས། མི་རབ་བི་རིབ་བི་ཁྱོས། ང་རང་གཡུ་མཚོར་སྐྱེལ་རོགས་ཞེས་ཞུ་བ་འཐེན་བྱུང་ཡང་།

  ཕྲན་གྱིས་གཟི་མིག་དགུ་པར་དཔལ་ལྷའི་རྣམ་ཤེས་འཁོར་བ་མིན་ནམ་བསམས་ཏེ། མྱུར་དུ་མི་ལ་བཙོངས་པ་ཡིན་གསུངས།”

  དངོས་སུ་བཙོངས་ཡོད་མེད་ནི་ངས་ཀྱང་མི་ཤེས། ཇོ་བོ་མ་རྒན་ཚོ་སྙིང་རེ་རྗེ།

  རིན་པོ་ཆེས་ཕྱག་གཡས་པས་རྣམ་གྲོལ་གྱིས་བརྐོས་པའི་མ་ཎི་ལ་ཞུལ་ཞུལ་མཛད་དེ། རི་ཞོལ་གྱི་བྱིས་པ་ཚོར་གཟིགས་ནས་བཞུགས། བྱིས་པ་ཁ་ཅིག་གིས་བཙན་པོའི་དབྱར་སའི་སྒང་ལ་སྤོ་ལོ་རྩེ།

  སྤོ་ལོ་ས་ལ་ཟགས་པའི་རྡིག་སྒྲས་དེ་དག་ཡོད་ཚད་རྨི་ལམ་མིན་པར་ར་སྤྲོད་བྱས།

  ངས་འཁྲིས་ཀྱི་ཐུབ་བསྟན་གྱི་ངོ་གདོང་ལ་ཟུར་མིག་ཞིག་བལྟས། ཁོས་ཀྱང་དགའ་རེད་སྡུག་རེད་ཀྱི་སྐད་ཆ་ཚིག་ཅིག་མ་བཤད།

  རིན་པོ་ཆེས་རྡོ་བརྐོས་མ་ཎི་རང་གནས་སུ་འཇོག་གནང་མཛད་ནས།

  “འཆི་བ་ནི་ང་ཚོས་གྱོན་པ་བརྗེ་བ་ལྟ་བུ་ཞིག་སྟེ།

  གྱོན་པ་རྙིང་པ་ཆགས་སྐབས། བརྗེ་པོ་རྒྱག་པའི་དུས་ལ་སླེབ་ཡོད།”

  …… ……

  “ལོ་ལྔའི་གོང་གི་ཐོ་རེངས་ཤིག་ལ། རྣམ་གྲོལ་ངའི་རྨི་ལམ་ནང་ཡོང་ནས།

  རིན་པོ་ཆེ། གཟི་མིག་དགུ་པ་དེས་ཕྲན་པ་གཡུ་མཚོའི་མཐར་ཁྲིད་བྱུང་།

  ཕྲན་གྱིས་དཔལ་ལྷའི་ཕ་ཡུལ་མཐོང་བྱུང་། གྲོང་ཚོའི་མས་སྣེར་མཆོད་རྟེན་གཅིག་ཀྱང་འདུག་གསུངས་བྱུང་།

  མ་རྒན་སེམས་ཅན་དེ་ཚོ་སྙིང་རེ་རྗེ།”

  དེ་དག་གསུངས་རྗེས། རིན་པོ་ཆེས་ངག་བསྡམས་ཏེ་གསོལ་བ་ཕུར་ཚུགས་སུ་བཏབ་ནས་ཡུད་ཙམ་བཞུགས་རྟིང་།

  ད་ཁྱེད་གཉིས་ཀྱང་། བྱིས་པ་ཚོར་གློག་བརྙན་སྟོན་པར་ཕེབས་གནང་། སྐུ་གཟུགས་ལ་ཐུགས་སྣང་མཛོད་ཅིག་གསུངས་ཏེ། དབུ་ཐུག་རེ་གནང་ནས་རྐྱང་རྗེའི་བྲག་ཕུག་ཏུ་འཛུལ།

  *

  ཁོང་ཉིད་སྦུག་ཏུ་འཛུལ་བ་ནས་ཆར་པ་ཟམ་ཟིམ་ཞིག་ཀྱང་འབབ་མགོ་ཚུགས།

  ཐུབ་བསྟན་སྔོན་ཙམ་དང་ང་རང་རྗེས་ཙམ་ལ། ཡར་ལམ་བརྩིགས་པའི་ཚེ་ཕྱི་མའི་གནས་ཁང་གི་སྒོ་འགྲམ་བརྒྱུད་ནས་མར་མར་བབ། བ་ཆོས་གུང་ཐང་གི་ཆར་པས། མི་ལོ་སྟོང་གི་གོང་རོལ་ན་བཙན་པོའི་ལ་ཐོད་སྦངས་མྱོང་། དེ་ཡི་རྗེས་སུ། རྡོ་བརྐོས་པའི་གཟོང་དང་གདོང་པ་བཀྲུས་མྱོང་།

  ཡིག་དྲུག་མ་ཎི་རྡོ་ལ་ཕབ་པ་ནས། ཁ་ཁུ་སིམ་པོར་ཤུལ་ན་ལུས།

  སྣུམ་བྱུགས་པ་ལྟ་བུའི་རི་ལམ་གྱུ་གྱུའི་མས་སྣེ་ནི། མི་ཡུལ་གྱི་བ་ཆོས་གུང་ཐང་སྟེ། རས་ཡོལ་བཀྲམ་པའི་གྱང་ཆག་གི་ཉེ་འཁོར་ནས། བོད་ཀྱི་གཅེས་ཕྲུག་ཁྱུ་གཅིག་གིས།

  “རྒན་པདྨ་ཚེ་བརྟན་ལགས་”ཟེར་ནས།

  ང་ལ་བལྟས་ཏེ་ལག་པ་གཡུགས།

  ཉི་མ་ལ་ཁའི་འོད་མདངས། མར་མཐེ་བོ་ཙམ་ཞིག་ལས་བྱུང་བའི་ཇ་ཞག་ལྟར། ཡར་འབྲོག་གཡུ་མཚོའི་ཁ་ལ་འཁོར།

                                        ༢༠༢༤ལོའི་ཟླ་༢པའི་ཚེས་ཉེར་དྲུག་ལ། ཕ་ཡུལ་དུ།

                                                         རྩོམ་འདི་ཐོག་མར་༢༠༢༥ལོའི་《བོད་ཀྱི་རྩོམ་རིག་སྒྱུ་རྩལ་》དེབ་དྲུག་པར་སྤེལ།
 
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མཚོ་མཇལ།

2026-01-25 བསོད་ནམས་ལེགས་བཤད།(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།