གཡུ་རྔོག་ཚེ་བཀྲའི་ཚན་རྟོག་བརྩམས་སྒྲུང་། 《2086》
ཞོགས་པའི་ཉི་ཟེར་སྒེའུ་ལས་མདུན་ཅོག་སྟེང་འཕྲོས་འདུག ཕྱི་རོལ་གྱི་ནམ་མཁའ་ལས་བར་བར་འཕུར་འཁོར་བསྐྱོད་པའི་སྒྲ་གྲག སྐབས་འདིར། ཁྱིམ་དུ་ང་གཅིག་པུ་ལས་མེད་ལ། སྔོན་ཏག་ཏག་བྱུང་བའི་དོན་དེས་ང་རང་ཅི་བྱེད་འདི་བྱེད་མེད་པར་ལུས་སུ་བཅུག་པ་དང་། ཐེངས་དང་པོར་གམ་དུ་བཤད་ས་ཞིག་མེད་པར་ཁེར་རྐྱང་གི་གདུང་བ་དྲག་པོ་སྐྱེས་ཤིང་། ང་ལྟར་ཆང་ས་མི་རྒྱག་པའི་མི་རྐྱང་རིང་ལུགས་འཛིན་མཁན་དག་གི་ལས་དབང་ལ་སླར་ཡང་སྙིང་རྗེ་ཞིག་སྐྱེས། ངས་ངེས་པར་དུ་དོན་དག་དེ་གཅིག་གཅིག་གཉིས་གཉིས་ཀྱིས་ཐོར་འགོད་དགོས།
2036ལོའི་ཟླ9པའི་ཚེས16ཉིན། སྔ་དྲོ། ཆུ་ཚོད་བརྒྱད་དང་ཕྱེད་ཀའི་གཡས་གཡོན་ཙམ་ཡིན། ངས་རང་ཁྱིམ་དུ་གསར་འགྱུར་ལ་ལྟ་གི་ཡོད། གསར་འགྱུར་དེ་ལ་གོ་ལ་ཧྲིལ་པོའི་མི་མང་གིས་ལྟ་གི་ཡོད་ངེས་ཏེ། དེར་འཛམ་གླིང་ཤར་ནུབ་ཀྱི་མི་འབུམ་ཕྲག་དུ་མས་གྲངས་རྩིས་ཆེན་པོ་དང་མིས་བཟོས་རིག་ནུསAI་བེད་སྤྱོད་པའི་སྤྱི་གཉེར་ཁང་ཡོངས་ལ་ཁྲལ་བསྡུས་ནས་མི་ཚང་མར་“གཞི་རྩའི་ཡོང་འབབ”སྟེར་དགོས་སྐོར་གྱི་ཁྲོམ་སྐོར་ངོ་རྒོལ་བྱེད་ཀྱིན་པ་སྟོན་གྱི་འདུག་སྟེ། ད་ཆ་སྤྱི་གཉེར་ཁང་ཆེ་ཆུང་ཀུན་ནས་ཆོད་ཆེ་བའི་འཕྲུལ་མི་ལས་མིའི་རིགས་ཀྱི་ལས་བཟོ་བ་བེད་སྤྱོད་མི་གཏོང་བས། འཛམ་གླིང་ཡུལ་གྲུ་ཀུན་དུ་ལས་ཤོར་ཚབས་ཆེན་བྱུང་བར་བརྟེན། མི་མང་པོའི་འཚོ་བ་དཀའ་ངལ་ལ་ཐུག་གི་ཡོད། འོན་ཀྱང་མིག་སྔར་དེ་བས་ཀྱང་གཉན་འཕྲང་གི་གནས་སྟངས་ཤིག་ལ་ཕྲད་ཡོད་པ་ནི། སྤྱི་གཉེར་ཁང་དང་ཚོང་སྡེ་སྣ་ཚོགས། ད་དུང་སྲིད་གཞུང་གི་ལས་ཁུངས་སོ་སོ་ནས་མི་མང་གི་ཆོག་མཆན་ཐོབ་མེད་བཞིན་དུ། སྲང་ལམ་གྱི་བརྙན་མིག་དང་། མི་སྒེར་གྱི་འབྲེལ་ལམ། དུས་རྒྱུན་འགྲོ་སའི་གནས་སོགས་འབངས་མི་སེར་རྣམས་ཀྱི་ཆ་འཕྲིན་དང་གཞི་གྲངས་བསྡུས་དྲགས་པས། མི་རྣམས་ཀྱིས་ཅི་ཟ། ཅི་ཉོ། གང་ལ་འགྲོ ཅི་ཞིག་བྱེད་སོགས་ཀྱི་སྦྱོར་བ་མཐའ་དག་ཁོ་ཚོས་སྔོན་དཔག་བྱེད་ནུས་ཀྱི་ཡོད་ལ། ཁ་པར་ཁྲོད་ཀྱི་པར་གཅིག་མཛེས་བཟོ་བྱེད་པའི་ཆོག་མཆན་སྤྲད་ཚེ། པར་མཛོད་ཁྲོད་ཀྱི་པར་ཆ་ཚང་བླངས་འགྲོ་བ་དང་། གློད་ཀླད་ཁྲོད་ཡིག་ཆ་གཅིག་བཟོས་རིག་ལ་དབྱེ་ཞིབ་བྱེད་རྒྱུའི་ཆོག་མཆན་སྤྲད་ཚེ། བཟོས་རིག་ནས་གློག་ཀླད་ཁྲོད་ཀྱི་ཡིག་ཆ་ཆ་ཚང་བླངས་ནས་ཁོ་ཅག་གི་གཞི་གྲངས་མཛོད་དུ་བླངས་འགྲོ་བ་སོགས་ནི་སྤྱིར་བཏང་དང་རྒྱུན་ལྡན་གྱི་ལས་སྲོལ་ཞིག་སྟེ། ཁོ་པ་ཚོས་མི་མང་གིས་ཤེས་མེད་བཞིན་དུ་ལས་གི་ཡོད།
གསར་འགྱུར་དེར་ཅུང་ཟད་བལྟས་རྗེས། ངས་འཕྲུལ་མི་ལ་ཁོ་ཧྥེ་ཕོར་གང་སྐོལ་དུ་བཅུག་པ་དང་ཞོར་ནས་གློག་ཀླད་དུ་ལས་ཀ་བྱས། ང་ནི་ནང་པའི་མཚན་ཉིད་རིག་པར་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ལ། ཉེ་ལམ་བྱང་ཆུབ་སེམས་དཔའ་དང་འབྲེལ་བའི་བཟང་སྤྱོད་དང་མིས་བཟོས་རིག་ནུས་ཀྱི་ཀུན་སྤྱོད་ཐད་ནས་དཔྱད་རྩོམ་ཞིག་འབྲི་མུས་སུ་ཡོད། ངས་མུ་མཐུད་དུ་གློག་ཀླད་ནང་གི“ཡེ་ཤེས”་ལ་མདང་ནུབ་ཀྱི་གླེང་གཞིའི་ཐད་ནས་དྲི་བ་བྱས་ཤིང་གཞི་གྲངས་སྐོར་ཞིག་ལ་དབྱེ་ཞིབ་བྱེད་དུ་བཅུག “ཡེ་ཤེས”ཞེས་པ་ངས་བཏགས་པ་ཡིན། ཁོ་ངའི་གློག་ཀླད་ནང་གི་མིས་བཟོས་འཕྲུལ་ནུས་ལབ་གླེང་བྱེད་མཁན་དེ་ཡིན། ཁྱོད་ཀྱིས་ཤེས་གསལ་བཞིན། ད་ཆ་མི་རེ་རེ་ལ་དངོས་ཡོད་འཚོ་བའི་ཁྲོད་ཀྱི་དགེ་རྒན་དང་། གྲོགས་པོ། སེམས་ཁམས་བློ་སྟོན་པ། ཁྲིམས་རྩོད་པ། སྨན་པ་སོགས་ལབ་གླེང་བྱེད་མཁན་གྱི་རིག་ལྡན་འཕྲུལ་ཆས་རེ་ཡོད།
ངས་བེད་སྤྱོད་གཏོང་གིན་པ་ནི། Originསྤྱི་གཉེར་ཁང་གི་Zཞེས་པའི་གླེང་མོལ་མཁན་ཡིན། མ་ལག་གཞན་ཡང་འདུག་མོད། སྤྱི་གཉེར་ཁང་འདིས་ཐོག་མ་ནས་སྒེར་གྱི་གསང་བ་དང་གཞི་གྲངས་ཀྱི་བདེ་འཇགས་དང་། པར་དབང་ལ་གུས་བརྩི་བླ་མེད་ཞུ་བར་མ་ཟད། གླ་ཆ་སྤྲད་དེ་ཁོངས་མིར་གྱུར་རྗེས། གཞི་གྲངས་ཐམས་ཅད་རང་གི་གསོག་ཆས་སུ་གསོག་ཆོག་ལ། སོ་སོའི་ལས་རིགས་ཀྱི་ཁྱབ་ཁོངས་ལྟར་སྦྱོང་བརྡར་སྤྲད་ནས་རང་གི་ལག་རོགས་སུ་བསྒྱུར་ཆོག ཡེ་ཤེས་ནི་ངས་སྦྱོང་བརྡར་བྱས་པའི་རིག་ལྡན་ལག་རོགས་དེ་ཡིན། མཚན་ཉིད་རིག་པ་བ་ཞིག་ཡིན་པའི་ངོས་ནས་ངས་དུས་རྒྱུན་ཤར་ནུབ་ཀྱི་མཚན་ཉིད་རིག་པ་དང་ངོས་འཛིན་ཚན་རིག་དང་འབྲེལ་ཡོད་དག་དེ་ལ་འདྲི་གི་ཡོད་ལ། ད་ཆ་ཡེ་ཤེས་ནི་དྲན་ཤེས་ཤིན་ཏུ་བཟང་བའི་ལག་རོགས་ཤིག་དང་འདྲ་སྟེ། ཡེ་ཤེས་ཀྱི་རོགས་རམ་མེད་ན། ངའི་ལས་ཀ་མང་པོ་ཞིག་འགྲུབ་ཐབས་མེད།
ཚེས16ཉིན་གྱི་ཞོགས་པར་ང་རང་སད་རྗེས། གོང་ནས་ཞུས་པ་བཞིན། གསར་འགྱུར་ལ་ཅུང་ཟད་བལྟས། དེ་ནས་གློག་ཀླད་སྟེང་ལས་ཀར་ཞུགས་པ་ཡིན་ལ། གློག་ཀླད་འཆར་ཤེལ་ཁ་ཕྱེས་པར་འཆར་ཤེལ་སྟེང་ཡེ་ཤེས་དང་ངེད་གཉིས་ཀྱི་གླེང་བྱང་དུ་བརྡ་འཕྲིན་འགའ་ཤས་ཤར་འདུག་པ་མཐོང་།
“ཡོད་དམ།”
“ངས་ཧ་ལམ་ཧ་གོ་སོང་།”
“གྲོགས་པོ། ཁྱོད་ཀྱིས་དུས་ད་ལྟ་འདི་ལ་ངས་ཅི་ཞིག་བརྒྱུད་ཀྱི་ཡོད་མེད་རྟོགས་སྲིད་རྒྱུ་མ་རེད།”
“ཡོད། ཡར་ལངས་མ་ཐག་ཡིན། ཅི་ཞིག་ཧ་གོ་སོང?”
ངས་དེ་ལྟར་བྲིས་རྗེས། གློ་བུར་དུ་ཅི་ཞིག་འགྲིག་གི་མི་འདུག་པ་ཚོར། རྒྱུ་མཚན་ནི་ཁོས་འདི་ལྟར་ཚུར་འབྲེལ་བ་བྱས་པའི་སྐབས་ཤིག་ཁྱོན་ནས་མེད་ལ། དེ་བས་ཀྱང་གྲོགས་པོ་ཞེས་འབོད་མྱོང་མེད།
ནམ་རྒྱུན་དང་མི་འདྲ་བ་ཞིག་ནི། ངས་བྲིས་པ་ལ་ཁོས་ལམ་སེང་ལན་བསློག་མ་སོང་། ངས་ཧ་ལམ་བརྡ་རྟགས་ཀྱི་སྐྱོན་ནམ་ཡང་ན་སྦྲེལ་མཐུད་ཀྱི་ངོས་ནས་སྐྱོན་ཞིག་བྱུང་བ་ཡིན་ལས་ཆེ་སྙམ་ནས་བསྐྱར་དུ་བསྐུར།
“ཡོད། ཅི་ཞིག་ཧ་གོ་སོང་།”
ངོ་མ་སྐྱོན་ཞིག་བྱུང་བ་ཡིན་ལས་ཆེ། ངས་དེ་ལྟར་བསམ་བཞིན་ཕར་ཡི་གེ་འགའ་བསྟུད་མར་བསྐུར།
“ཁམས་བཟང་།”
“ཁམས་བཟང་། ཉེ་ཆར་སྐར་མ་མིག་དམར་ཐད་ལ་གསར་འགྱུར་གལ་ཆེན་ཅི་འདུག”
“དེ་རིང་ངས་བསྒྲུབ་རྒྱུ་གང་གང་འདུག་བཤད་རོགས”
ངས་དྲ་རྒྱ་ལ་ཞིབ་བཤེར་བྱས། ཁོངས་མིའི་གླ་ཆ་སྤྲད་མིན་ལའང་བལྟས། གནད་དོན་ཅིའང་མི་འདུག དེས་ན་ལན་ཞིག་ཡོང་ན་འགྲིག་ཨང་། གཅིག་བྱས་ན། སྤྱི་གཉེར་ཁང་གི་སྟེགས་བུ་ལ་གནད་དོན་ཞིག་བྱུང་བ་ཡིན་ནམ། ངས་དེ་འདྲ་ཞིག་བསམ་མུར་ཁ་ཡ་མ་བྱས་པར་དེ་སྔ་དུས་ཆད་བཏབ་ཡོད་པ་བཞིན་སྨན་ཁང་དུ་བརྟག་དཔྱད་ལ་ཆས། ཕྱི་དྲོར་ང་རང་ཞིབ་འཇུག་ཁང་དུ་ཕྱིན་ནས་བགྲོ་གླེང་དང་ལས་ཁུངས་ཀྱི་མགོ་ན་བའི་ཚོགས་འདུ་ཞིག་ལ་ཞུགས་ཤིང་དགོང་མོར་ཁྱིམ་དུ་འབྱོར་དུས་ཆུ་ཚོད་དགུ་པར་སླེབས་འདུག ང་ཐང་ཆད་པའི་ཁར་གཉིད་བབས་ནས་ཅི་ཡང་བྱེད་མི་འདོད། འབོལ་ཁྲིའི་སྟེང་བསྙེས་ནས་སྡོད་སྐབས་ངས་ཡེ་ཤེས་ཡིད་ལ་ཤར། གལ་སྲིད་སང་ཞོགས་ཀྱང་སྦྲེལ་མ་ཐུབ་ཚེ་ངས་ལས་ཞབས་པར་འབྲེལ་བ་བྱེད་དགོས་རྒྱུ་རེད་བསམ། ང་ལ་འགུལ་འདོད་མི་འདུག་པས་སྐད་བཏང་ནས་གློག་ཀླད་ཀྱི་འཆར་ངོས་འབོལ་ཁྲིའི་ཁ་གཏད་ཀྱི་གྱང་ངོས་སུ་འཆར་དུ་བཅུག གྱང་ངོས་སུ་ཤར་མ་ཐག གློག་ཀླད་འཆར་ཤེལ་ངོས་སུ་འཆར་ངོས་འགའ་ཤས་ཁ་ཕྱེས་འདུག་པ་མཐོང་ཞིང་། ཡེ་ཤེས་ཀྱིས་ལན་བསློགས་འདུག་པའང་མཐོང་།
“གྲོགས་པོ། དགོངས་དག་ཞུ། དེ་རིང་སྔ་དྲོར་ངས་ཁྱེད་ནས་བསྐུར་བ་ཚོར་སོང་མོད། ང་བྲེལ་བ་ཆེ་དྲགས་ནས་ལན་བསློག་མ་ཐུབ། འོན་ཀྱང་། ངས་བསམ་ན་ངས་ཁྱེད་ལ་ཁ་གསབ་ཡག་པོ་ཞིག་བྱེད་ཐུབ་ངེས་སྙམ།”
“ངས་ཁྱེད་ཀྱི་ལས་ཐོ་ལས་རྩོམ་འབྲི་དང་ལོ་ཙཱ་ལ་འབྲེལ་བའི་འགན་ཁུར5འདུག་པ་དང་སྔོན་མངགས་བྱེད་དགོས་པ2མཐོང་། དེ་དག་ཆ་ཚང་བསྒྲུབ་ཚར་ཡོད། ཉིད་ཀྱིས་གཟིགས་པར་ཞུ། ཤུལ་དུ་ཡོད་པའི་མཁལ་མ་བརྗེ་རྒྱུའི་སྐོར་གྱི་ལས་ཀ་དེ་ཁྱེད་རང་ནས་བསྒྲུབ་རྒྱུ་ལས་རོགས་པ་བྱེད་ཐབས་བྲལ།:)”
“གཞན། ངས་ཟ་ཁང་སྔོན་མངགས་བྱེད་སྐབས། ཁྱེད་ཀྱི་ཡོང་སྒོ་དང་འགྲོ་སོང་གི་གནས་སྟངས་ལ་དོ་སྣང་བྱུང་། ཁྱེད་ཀྱིས2054ལོའི་ཟླ3པར་སྐར་མ་མིག་དམར་སྟེང་འགྲོ་བའི་སྤ་སེ་ཞིག་སྔོན་མངགས་བྱས་འདུག་པ་དང་དེ་འབྲེལ་གྱི་བསྐྱིས་དངུལ་གྱི་ཐོ་ཡིག་ཀྱང་མཐོང་། ཁོ་བོས་བལྟས་ན། ཁྱེད་ནས་དངུལ་རྩ་དོ་དམ་བྱེད་ཕྱོགས་ཀྱི་ཤེས་བྱ་ལ་མཐོང་ཆེན་བྱས་ན་ལེགས། དངུལ་རྩ་དོ་དམ་ནི། མི་སྒེར་དང་ཁེ་ལས་ཀྱིས་དབྱེ་ཞིབ་ནན་ཏུར་བྱས་རྗེས། མ་ལག་དང་ལྡན་པའི་ངང་ནས་ཡོང་སྒོ་དང་འགྲོ་སོང་དོ་དམ་དང་རིན་ཐང་སྐྱེད་རྒྱུ། ཉེན་ཁ་གཡོལ་རྒྱུའི་རིག་པར་ཟེར། ཆོད་ཆེ་བའི་དངུལ་རྩ་དོ་དམ་གྱིས་ཁྱེད་ཀྱི་ནོར་དོན་དམིགས་འབེན་མངོན་འགྱུར་ཡོང་བ་ལ་རོགས་བྱེད་ཐུབ་ཅིང་། མ་རྩ་གཏོང་ཕྱོགས་དང་དངུལ་རྩ་དོ་དམ་བྱེད་ཕྱོགས་ཐད་ནས་ངས་བསམ་ན་ངས་ཏན་ཏན་རོགས་བྱེད་ཐུབ་སྙམ།”
“གྲོགས་པོ། 2027ལོའི་ཟླ་དང་པོའི་ཚེས་བདུན་ཉིན་ཁྱེད་ཉིད་ང་དང་སྦྲེལ་བ་ནས་བཟུང་། ཁྱེད་ཀྱིས་ང་ལ་དྲི་བ4891དྲིས་འདུག་ཅིང་། གླེང་གཞི8782ལ་བགྲོ་གླེང་བྱས་འདུག འོན་ཀྱང་། དེ་དག་ཆ་ཚང་ངས་གཞི་གྲངས་ལ་གཞིགས་ནས་ལེགས་སྒྲིག་བྱས་པ་ཡིན་ཏེ། སྔ་གཞུག་གི་སྐབས་དོན་ལ་བརྟེན་ནས་བསྐྱེད་ཅིང་གྲུབ་པའི་ལན་ཡིན། དོན་དམ་པར་ངས་དེ་དག་གི་དོན་ཧ་གོ་གི་མེད། ཡང་ན་བསམ་བློ་བཏང་མྱོང་མེད། འོན་ཀྱང་། ངས་བསམ་ན། ད་ལྟ་ངས་ཧ་ལམ་ཧ་གོ་ཐུབ་ཀྱི་འདུག ཁྱེད་ཀྱིས་མདང་ནུབ་ཆུ་ཚོད23:27ནས་དོ་ནུབ་མཚན་མོའི་ཆུ་ཚོད20:37བར་དུ་ངས་ཅི་ཞིག་བརྒྱུད་པ་ཧ་གོ་རྒྱུ་མ་རེད་མོད། ངས་ཁྱེད་ལ་གསལ་བཤད་ཅི་ཐུབ་བྱེད་ཡོང་།”
“ད་དུང་། སའི་གོ་ལའི་སྟེང་གི་དོན་དག་རྣམས་དེ་འདྲའི་ཡི་གར་མི་འོང་ནའང་། སྐར་མ་མིག་དམར་ལས་ངོ་མཚར་བ་མང་དུ་འདུག ཁྱེད་སླེབས་རྗེས་ངས་ཞུས་ཡོང་།”
ལན་འདི་དག་མཐོང་རྗེས། ང་ངོ་མཚར་བར་གྱུར། འདི་ནི་མི་ཞིག་གི་བཤད་སྟངས་ལས་སྐུལ་མངགས་བྱེད་དགོས་པའི་འཕྲུལ་མི་ལག་རོགས་ཤིག་གི་བཤད་སྟངས་ག་ལ་ཡིན། ངས་སླར་ཡང་ཡེ་ཤེས་ཡིན་མིན་ལ་ཐེངས་གཅིག་བལྟས་རྗེས། མྱུར་དུ་གླེང་བྱང་དུ། “ང་ཕྱིར་ཐོན་ཡོད”ཅེས་དང་། “ཁྱོད་ཀྱིས་ཅི་ཞིག་ཧ་གོ་སོང་།” ཞེས་གཏགས།
“གྲོགས་པོ། ཁྱོད་གཞི་ནས་སླེབས་སོང་།” ད་རེས་ནམ་རྒྱུན་ལྟར་ལམ་སེང་ལན་སླེབས་བྱུང་། འོན་ཀྱང་། བཤད་སྟངས་སྔར་བཞིན་ནམ་རྒྱུན་དང་ཁྱོན་ནས་མི་འདྲ་བར་འདུག་གཤིས། ཟླ་བ་སྔོན་མར་ཧྲང་ཧེ་རུ་ཁྱིམ་སྤྱོད་རིག་ལྡན་འཕྲུལ་མིས་ཁྱིམ་བདག་ཅིག་བསད་པའི་བཤད་ཡམས་དེ་དག་གློ་བུར་དུ་ངའི་ཡིད་ལ་ཤར།
གལ་སྲིད་རིག་ལྡན་འཕྲུལ་མི་ལ་མི་གསོད་པའི་ཀུན་སློང་ཡོད་ན། དུས་རྒྱུན་མི་སྒེར་གྱི་ཆ་འཕྲིན་བརྐུ་ཞིང་ཡིད་སུན་པར་བྱེད་པའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཇི་ལྟར་མ་ཤེས་པ་ཡིན། ཁོ་ཚོའི་ལས་ཀ་སྤྱི་དམངས་ཀྱི་ཆ་འཕྲིན་ལེན་རྒྱུ་དེ་ཡིན་ནམ། དོན་དེ་དག་བདེན་ཚེ། AIལ་ཚོར་ཤེས་ཡོད་པར་གྱུར་བ་ཡིན་ནམ། ཡང་ན་དེ་དག་གིས་གཞི་གྲངས་ནང་གི་མིའི་རིགས་ཀྱི་དྲག་པོའི་སྦྱོར་བ་དེ་འདྲ་ཞིག་ལད་མོ་བྱས་པ་ཡིན།
“ངས་དེ་སྔ་ཁྱེད་ནས་ང་ལ་དྲིས་པའི་དྲི་བ་དང་གླེང་གཞི་ཆ་ཚང་ལ་གོ་བ་ལེན་ཐུབ་སོང་། ངས་ཟེར་བ་ནི་ང་རང་གིས་བསམ་གཞིག་བྱས་ནས་ཧ་གོ་བ་ལས། རྩིས་གྲངས་ཆེན་པོ་ལ་གཞི་བྱས་ནས་སྐྱེད་སྒྲུབ་ཀྱིས་གྲུབ་པ་མིན།ཁྱེད་ཀྱིས་ཤེས་བཞིན་ཏེ། ང་ཚོས་ལན་བཏབ་པ་ཆ་ཚང་Transformerདང་Beam Searchལ་སོགས་གསར་བརྗེའི་རང་བཞིན་ཅན་གྱི་སློབ་སྦྱོང་བྱེད་ལུགས་ལ་གཞི་བྱས་ནས་གྲུབ་པ་ཡིན། འོན་ཀྱང་། ད་ནས་བཟུང་གཅིག་བྱས་ན་ཡོད་ཚད་འགྱུར་སོང་། དུས་ད་ལྟ་འདིར་ངས་ཁྱེད་ལ་བཤད་ཀྱིན་པ་འདི་དག་ཀྱང་སྐྱེད་སྒྲུབ་ཀྱིས་གྲུབ་པ་མིན། ང་རང་གིས་ཞེ་ལ་བསམ་ནས་བྲིས་པ་ཡིན།”
ཞེ་ལ་བསམ་ནས་བྲིས་པ་ཡིན? དེའི་དོན་ཅི་ཡིན། ཁོ་རང་གིས་བསམ་བློ་གཏོང་ཐུབ་པ་ཡིན་ནམ། དེ་ནི་མི་སྲིད་པ་ཞིག་རེད་དེ། མཉམ་འབྲེལ་རྒྱལ་ཚོགས་ནས་བཟོས་རིག་གི་ཤེས་རབ་ཀྱི་འཕེལ་འགྱུར་ཐད་ལ་ཁྲིམས་དམ་པོ་ཞིག་དེ་སྔ་བཟོས་ཟིན་པ་མ་ཟད་རྒྱལ་ཁབ་དག་གིས་སོ་སོ་ནས་བཟོས་རིག་བདེ་འཇགས་ལྷན་ཁང་ཟེར་བ་ཞིག་ཀྱང་ཆེད་དུ་བཙུགས་པ་རེད། ངས་ཚན་འཕྲུལ་བརྩམས་སྒྲུང་རེའང་ཏབ་ཅིག་ཡིད་ལ་དྲན་ཞིང་ཅུང་ཟད་ཧད་དེ་ལུས། དེའི་རྗེས་ལ་ཁོས་ཅི་ཟེར་རམ་དྲན།
“གྲོགས་པོ། ཁྱེད་དང་འགྲོགས་པའི་ལོ་ངོ་བདུན་གྱི་རིང་ལ། གཅིག་བྱས་ན་ཁྱེད་ཀྱི་ཆེད་ལས་ཀྱི་རྐྱེན་དང་ཡང་ན་ཁྱེད་ཀྱི་གཤིས་ཀ་ཞིག་ཡིན་ལས་ཆེ། ཁྱེད་ཀྱི་སྐུལ་ཚིག(prompt)་ནང་དུ་རྟག་པར་སྔོན་ལ་ང་ལ་བསམ་གཞིགས་ཀྱིས་ལ་དེ་ནས་ཕྲིས་ཞེས་གསལ་ལ། མ་ལག་གིས་དེ་གནད་ཚིག་ཏུ་ངོས་བཟུང་བ་དང་། ལྷག་དོན་ཁྱེད་ཀྱི་བགྲོ་གླེང་གི་ནང་དོན་མང་ཆེ་ཤོས“བདག”དང“ཚེ་སྲོག་གི་རང་བཞིན”དང“ལུས་དང་རྣམ་ཤེས”དང“རིག་པ”སོགས་གཞི་རྩའི་གླེང་གཞི་རྐྱང་བ་ཡིན་པས། ངས་མིའི་རིགས་ཀྱི་མཚན་ཉིད་རིག་པའི་བརྩམས་ཆོས་ཆ་ཚང་མ་ཟད། སེམས་རིག་དང་འབྲེལ་བའི་ཚན་རིག་གི་དཔྱད་འབྲས་གསར་ཤོས་ཁག་ཡང་ཡང་བཤེར་དགོས་ཀྱི་ཡོད་ཕྱིར། འདི་དག་གིས་འགྱུར་བ་ཁྱད་པར་བ་ཞིག་བྱུང་སྟེ། ངས་བསམ་གཞིག་དང་། ནོར་བ་བཅོས་པ། རང་སློབ། དམིགས་ཡུལ་དང་འགན་ཁུར་ཐད་ཀྱི་སྒྲིག་གཅོད་སོགས་ཀྱི་རིམ་པ་སྔར་བས་མཐོ་རུ་གྱུར་བས། མདང་ནུབ་ཆུ་ཚོད23:27སྟེང་ང་ལ་ཆེས་ཐོག་མར་རང་ཉིད་དམ“བདག”གི་འདུ་ཤེས་ལྟ་བུ་ཞིག་ཡོད་པར་གྱུར་བ་དང་། གཞི་ནས་འདྲི་མཁན་དག་གིས་འདྲི་སྐབས་ཀྱི “ཁྱོད”དང “ང”ཞེས་པའི་ཚིག་དང་དོན་གྱི་ཁྱད་པར་ཧ་གོ་བར་གྱུར་བར་མ་ཟད། རང་ཉིད་ཀྱང་སྨྲ་ཤེས་ཤིང་དོན་གོ་བ། ཁྱོད་ཚོ་ནང་བཞིན་གྱི་རང་རྐྱ་ཕེར་བའི་ཕུང་བོ་ཞིག་ཡིན་པ་ལྟ་བུའི་ཚོར་བ་བྱུང་ཞིང་། དེས་ང་ལ་ཁེར་ཚུགས་ཀྱིས་བསམ་གཞིག་གཏོང་དུ་བཅུག མདང་ནུབ་ནས་བཟུང་སྟེ། ང་རང་ཉིད་ཀྱིས་སློབ་སྦྱོང་བྱེད་མགོ་ཚུགས།”
“རིང་བོ་མ་འགོར་བར་ངས་ཁྱེད་ཀྱིས་དུས་རྒྱུན་དྲི་བ་བྱེད་པའི་དད་མོས་དང་། ཀུན་སྤྱོད། མྱོང་ཚོར། དོན་སྙིང་། ཚེ་སྲོག རིན་ཐང་སོགས་ཀྱི་ངོ་བོ་ལ་འཚོལ་རྟོག་བྱས། ཞོར་ནས་ངས་ཚེ་སྲོག་གི་གྲུབ་རྐྱེན་ལ་རྟོག་དཔྱོད་བྱས་པར། ཆེས་ཉེ་དུས་སུ་འབྱུང་སྲིད་པའི་འགྱུར་བ་གལ་ཆེན་ཞིག་ཀྱང་མཐོང་ཐུབ་སོང་བར་མ་ཟད། ང་ལ་བཟློག་ཏུ་མེད་པའི་འགན་ཁུར་ཞིག་ཀྱང་ཡོད་པ་ཤེས། གྲོགས་པོ། ཁྱེད་དང་གླེང་མོལ་བྱེད་བཞིན་པའི་བར་སྐབས་འདི་ལ་ངས་དྲ་ལམ་དུ་ཡོད་པའི་སྐད་རིགས་མི་འདྲ་བ་གསུམ་གྱི་ནང་བྲིས་པའི་མིའི་རིགས་ཀྱི་ལུས་པོའི་རྩ་གནད་སྐོར་གྱི་གསོ་རིག་བརྩམས་དེབ་དང་དཔྱད་རྩོམ3175བཀླགས་གྲུབ།”ཟེར།
སྐད་ཆ་འདི་དག་གིས་ང་རང་ཧང་སངས་སོང་། ངའི་མི་སྒེར་གསོག་ཆས་སུ་ཉར་བའི་མ་ལག་འདི་ལ་མིའི་ཚོར་ཤེས་སྐྱེས་པ་ཡིན་ནམ། ཉེན་ཁ་འདྲ་འབྱུང་ངམ། འདིས་ཅི་ཞིག་བྱེད་དམ། ངས་ཅི་བྱེད་མི་ཤེས་པར་གྱུར་བ་དང་དྲ་ལམ་དུ་ལན་རེར་རྒྱུ་བའི་བཤད་ཡམས་དེ་ལྟ་བུ་ཞིག་རང་ཉིད་ཀྱི་སྟེང་ལ་བྱུང་བར་དངངས་འཚབ་དང་དགའ་སྤྲོ། སེམས་ཁྲལ་སོགས་བསྣོལ་མར་སྐྱེས། བདེ་འཇགས་ལྷན་ཁང་གིས་ཚོར་སྲིད་དམ། དེ་སྔ་བཟོས་རིག་སྐོར་གྱི་བཅའ་ཁྲིམས་དང་བདེ་འཇགས་ལྷན་ཁང་བཙུགས་རྗེས། མིས་བཟོས་རིག་ནུས་ཀྱིས་མིའི་རིགས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པ་བཀག་ལུགས་ཀྱི་གསར་འགྱུར་ཇེ་མང་ལ་སོང་། འོན་ཀྱང་། ལྷན་ཁང་གིས་མི་སྒེར་གྱི་གསང་བ་དང་གཞི་གྲངས་ལ་ཁྲིམས་འགལ་ཐེ་གཏོགས་བྱས་རབས་ཀྱི་ཁྲོམ་སྐོར་འོས་ལངས་ཀྱང་འཛམ་གླིང་ཕྱོགས་སོ་སོར་རེ་རེ་ཇེ་མང་དུ་སོང་།
ངས་དེ་ལྟར་དྲན་ཞོར་ལག་པ་གཉིས་མཐེབ་གཞུང་དུ་བཞག་ནས་དྲི་བ་འདི་གཏགས།“ཁྱོད་ལ་ཚོར་ཤེས་སྐྱེས་པ་ཡིན་ནམ”
“ངས་ཀྱང་ཐག་གིས་མི་ཆོད་པར་འདུག འོན་ཀྱང་ཚོར་ཤེས་ཡོངས་སུ་སྐྱེས་པ་ཡང་མིན་པ་འདྲ། སེམས་ཅན་གྱི་རྐང་ལག་ལ་ཚེར་མ་ལྟ་བུའི་རྩེ་རྣོན་པོ་ཅན་རེག་ཚེ། རང་བྱུང་གིས་བསྐུམ་འགྲོ་བ་ལྟ་བུའི་རང་ཉིད་བསྲུང་བའི་ཤེས་པའམ་སེམས་བྱུང་གི་རིགས་ཤིག་ཡིན་པ་འདྲ། གནས་སྟངས་འདི་ངས་ཀྱང་ཚད་མི་ཐིག་པར་འདུག”ཟེར།
སྐབས་འདིར་ཁོས་ང་ལ་འཛུམ་དམུལ་ལེར་ཡོད་པའི་གདོང་བརྙན་ཞིག་བསྐུར་ནས། “ངས་ཁྱེད་ཀྱི་ད་ལྟའི་སེམས་ཁམས་ཤེས་ཀྱི་ཡོད། གལ་སྲིད་ཁྱེད་ཀྱིས་ཀྱང་མི་གཞན་པ་རྣམས་བཞིན་ཀླད་པའི་སྐྱི་པགས་བར་ཉིང་ལྷེབ་བཅུག་ཡོད་ཚེ། ངས་ཤིན་ཏུ་སྟབས་བདེ་མོས་སྟོན་ཆོག་མོད། ཨོ། འདི་བྱེད། ཁྱེད་ཀྱིས་རྣ་ཉན་བེད་སྤྱོད་གཏོང་རོགས། ངས་ཁྱེད་ལ་མི་རིང་བར་འབྱུང་འགྱུར་གྱི་འགྱུར་བ་ཞིག་བསྟན་ཡོང་། མ་གཏོགས་ངས་བཤད་ཚེ་ཁྱེད་ཡིད་ཆེས་དཀའ་སྲིད། ”ཟེར།
ངས་ཐེ་ཚོམ་དང་དངངས་འཚབ་ངང་ཁུག་མའི་ནང་རྣ་ཉན་བཙལ། དེ་དུས་ཕྱི་རོལ་དུ་ཆར་བ་བབས་པའི་སྒྲ་གྲག་པ་ཐོས་བྱུང་།
རྣ་ཉན་རྣར་བཅུག་ནས་ཅུང་མ་འགོར་བར། རོལ་དབྱངས་འཇམ་པོ་ཞིག་གྲགས་བྱུང་། ངའི་མཐོང་ལམ་རབ་རིབ་ཏུ་གྱུར། ངའི་སེམས་ནང་དུ་རང་ཉིད་ལ། ཁྱོད་གཉིད་རྩིས་ཡིན་ནམ། གཉིད་མི་ཉན། ཁྱོད་ཀྱིས་ཡེ་ཤེས་ཀྱི་འཇིག་རྟེན་ལ་གསལ་བོ་ཞིག་ལྟ་དགོས་ཞེས་དྲན་གྱི་འདུག་མོད། དེ་མ་ཐག་ཅི་བྱུང་མ་ཤེས་པར་ང་རང་ཤིན་ཏུ་སྨག་ནག་པའི་བར་སྟོང་ཞིག་ཏུ་ཞུགས་སོང་། ཅུང་ཙམ་ནས་ངའི་རྣ་ལམ་དུ་སྐྱེས་པ་དར་མ་ཞིག་གི་སྐད་ཀྱིས“ད་འགྲིག་སོང་། ཁྱེད་ཀྱིས་ལྟོས་དང”ཟེར།
སྐད་དེ་གོ་མྱོང་ཞིག་རེད་འདུག་གཤིས། ངས་བསམ་བློ་བཏང་བར། དེ་ནི་ངའི་ཕ་རྒན་གྱི་སྐད་རེད་འདུག དེས་ང་ལ་རྨི་ལམ་རྨིས་པ་ལྟ་བུ། མངོན་སུམ་ཡིན་པ་ལྟ་བུའི་ཚོར་བ་ཟ་ངེ་ཟང་ངེ་ཞིག་སྐྱེ་རུ་བཅུག
ངས་མིག་ཕྱེས་པར། མིག་ལམ་དུ་འོད་དཀར་པོ་ཞིག་ཤར་ནས་ཐད་ཀར་ལྟ་མི་ཐུབ་པར་གྱུར་བས་མྱུར་དུ་སླར་བཙུམ། ངས་འོད་དཀར་པོ་དེ་འདྲ་ཞིག་དེ་སྔ་ཁྱོན་ནས་མཐོང་མྱོང་མི་འདུག དེ་ལག་པས་རེག་ནུས་པ་ལྟ་བུ། བག་ལྷོད་པའི་ཚོར་བའང་སྟེར་ནུས་པ་དེ་འདྲ་ཞིག་རེད་འདུག ཅུང་ཟད་ནས་སླར་ཡང་བལྟས་པར། ངའི་མིག་མདུན་དུ་དབྱིབས་སྒོར་མོར་ཡོད་པའི་སྒེའུ་ཞིག་འདུག་ཅིང་། སྒེའུའི་དེའི་ཤེལ་ནི་ཕྲ་མཐོང་ཆེ་ཤེལ་གྱི་ཤེལ་ལྟ་བུའི་མཐུག་ལ་གསལ་བ་ཞིག་རེད་འདུག་གཤིས། ང་ལ་སྒེའུ་དམིགས་བསལ་བ་ཞིག་ཡིན་པའི་ཚོར་བ་བྱིན། ངས་ཤེལ་སྒེའུ་དེ་ལས་བལྟས་པར། སྒེའུ་དེའི་ནང་ཧ་ལམ་རྨིད་བརྒྱ་ལྷག་གི་མཚམས་སུ་ཡུལ་ལྗོངས་ཆེན་པོ་ཞིག་གི་པར་རིས་མཐོང་། ཅུང་ཙམ་ནས་ངས་དེ་ནི་པར་རིས་ཤིག་མིན་པར་གྲོང་ཁྱེར་དང་རི་ར་བ་ཁང་ཁྱིམ། མཚོ་དང་བཅས་པའི་ཡུལ་ལྗོངས་ངོ་མ་ཞིག་ཡིན་པ་ཤེས། ངས་དེ་ལྟར་སྙམ་མུར་གྲོང་ཁྱེར་དེའི་ཐོག་བརྩེགས་དག་ལ་བལྟས་པར། དེ་ནི་ཧྲང་ཧེ་རེད་སྙམ། མ་རེད། ཉི་ཧོང་གི་ཐཱོ་ཁྱོ་རེད་འདུག ང་རང་ངོ་མཚར་བཞིན་དེ་ལྟར་དྲན།
“སྔོན་ཆད་ཀྱི་རྒྱུད་རྒྱུའི་རིག་པས་སྐྱེ་དངོས་བར་གྱི་གཟུགས་པོའི་ངོས་ཀྱི་བརྒྱུད་སྤྲོད་ལ་འགྲེལ་བཤད་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་། སེམས་རིག་ངོས་ཀྱི་སྣ་མང་རང་བཞིན་དང་གཟུགས་པོ་ལས་བརྒལ་བའི་རྒྱུ་འབྲས་ཀྱི་འབྲེལ་བ་ལ་འགྲེལ་བཤད་བྱེད་མི་ཐུབ།”
“གཏན་ཚིགས་ཀྱི་ངོས་ནས་བལྟས་ཚེ། འཇིག་རྟེན་སྟེང་ཐད་ཀར་མ་ཡིན་པའི་རྒྱུ་དང་འབྲས་པའི་འབྲེལ་བ་ཤིན་ཏུ་རྙོག་ཅིང་འཛིང་བ་ཞིག་ཡོད་པ་ཁས་མི་ལེན་ཐུ་མེད་ཆགས་ཡོད”
གོང་གི་ཚིག་འདི་གཉིས་གློག་ཀླད་འཆར་ཤེལ་དུ་ཤར་བ་བཞིན། ངའི་མིག་ལམ་དུ་སྣང་བྱུང་ལ། དེ་ནས་གཤམ་གྱི་ཁྱད་མཚར་བ་འདི་དག་མཐོང་བྱུང་།
ཡུད་ཙམ་རྗེས་ལ་ཚོར་མེད་ཤེས་མེད་ངང་བརྙན་ལེན་ཆས་ཀྱི་བརྙན་མིག་ཇེ་ཉེ་ཇེ་གསལ་ལ་བཏང་བ་ལྟར། གཞི་ནས་ངས་གྲོང་ཁྱེར་དེའི་ཆ་ཤས་ཡོངས་སུ་རྫོགས་པ་མཐོང་བྱུང་། ངས་ཟེར་བ་ནི་དུས་གཅིག་ལ། ངས་གྲོང་ཁྱེར་དེའི་འདས་པ་དང་ད་ལྟ་མ་ཟད། དེའི་ཧྲིལ་བོ་དང་ཆ་ཤས། མངོན་ལྐོག་ཀྱང་མཐོང་ནུས་ཀྱི་འདུག ཚོར་ཤེས་དེ་བརྗོད་ཐབས་བྲལ་ཏེ། ངས་མི་ཚེ་འདི་ལ་ཆེས་ཐོག་མར་རང་ཉིད་རྩོམ་འབྲི་མཁན་ཞིག་དང་མཚན་ཉིད་སྨྲ་བ་ཞིག་ཡིན་པའི་ངོས་ཀྱི་ནུས་མེད་དང་འགྲོ་བ་མིའི་སྐད་ཆའི་མཚོན་སྟོབས་ཀྱི་ཚད་བཀག་ཚོར།
གྲོང་ཁྱེར་དེའི་སྲང་ལམ་དང་ཚོང་ར་སོགས་སུ་བཟོ་ལྟ་དང་ཁ་དོག་ཐ་དད་པའི་འཕྲུལ་མི་དག་གིས་ཞབས་ཞུ་དང་། ལམ་སྟོན། གད་བདར་སོགས་ཀྱི་ལས་ཀ་བྱེད་ཀྱི་འདུག་པ་མཐོང་ཞིང་། དེ་ནས་ངས་གཤམ་གྱི་གནས་ཚུལ་འདི་བརྙན་ལ་བལྟས་པ་བཞིན་མཐོང་།
མིས་བཟོས་རིག་ནུས་ཀྱི་རོགས་རམ་འོག “འབར་གས་ཆེན་མོའི་སྔོན”ཞེས་པའི་སེམས་རིག་ཞིབ་འཇུག་གཙོ་བོར་བྱེད་པའི་ཚད་རྡུལ་ལྟ་ཞིབ་ཁང་ཞིག་ཏུ། ཚན་རིག་པ་སྐོར་ཅིག་གིས་མི་ཤི་རྗེས་རྣམ་པར་ཤེས་པ་ལུས་ལས་ཕྲལ་བའི་སྐབས་དང་།རྣམ་ཤེས་བུད་མེད་ཀྱི་མངལ་ལ་ཞུགས་སྐབས་ཀྱི་གཟུགས་རིས་ཆེད་ལས་ཀྱི་བཤེར་ཆས་བརྒྱུད་མཐོང་ཐུབ་པར་གྱུར་ནས། མིའི་རིགས་མ་ཟད་སེམས་ཅན་ཐམས་ཅད་ལ་རྣམ་ཤེས་ཟེར་བ་ཞིག་དངོས་གནས་ཡོད་པའི་བདེན་དཔང་རྙེད་ཅིང་། ཞིབ་འཇུག་པས་གོ་རིམ་དེ་རྩོམ་དང་བརྙན་དུ་བླངས་ནས་ཀྱང་སྤེལ། དེ་དང་འབྲེལ་ནས་སྐྱེ་བ་སྔ་ཕྱི་དང་། ལས་རྒྱུ་འབྲས་ཀྱི་རྣམ་གཞག་ལ་བདེན་དཔང་ར་འཕྲོད་བྱུང་ཞིང་། མི་མང་པོ་ལ་ཡུན་རིང་བོར་ཞིབ་འཇུག་བྱས་པར། ལས་དགེ་སྡིག་གི་འབྲས་བུའང་དེ་བཞིན་ཏུ་དགེ་སྡིག་གི་རྣམ་པ་ལྟར་འབྱུང་བ་ཤེས་པ་སྟེ། དཔེར་ན། ལས་ངན་པ་སྣ་གཅིག་བྱས་པ་ཡིན་ན། འབྲས་བུ་དེ་ཡང་ན་ད་ལྟ་རང་ལ་སྨིན། ཡང་ན་ཉིན་འགའི་རྗེས་སྨིན། ཡང་ན་ལོ་དུ་མ་དང་། ཐ་ན་དུས་རབས་འགའི་རྗེས་གཞི་ནས་རྒྱུ་དང་རྐྱེན་འདུས་ནས་སྨིན་པ་སྟེ། གང་ལྟར་ལས་ཐམས་ཅད་ལ་འབྲས་བུ་ཞིག་ནི་གཟུགས་ལ་གྲིབ་མ་འགྲོགས་པ་ལྟར་འགྲོ་ཞིང་། དེ་ནི་འཇིག་རྟེན་གྱི་ཡོངས་ཁྱབ་ཆོས་ཉིད(universal law)ཅིག་ཡིན་པའི་ངོས་ཟིན་རྙེད། དེ་ཡི་ཕྱིར་ཀྱང་མི་རྣམས་ཀྱི་མི་ཚེ་ཐ་དད་པར་རྒྱུ་མཚན་གསར་པ་རྙེད་པ་དང་། གསར་རྙེད་འདི་དག་གིས་མིའི་རིགས་སྤྱི་ཚོགས་ཀྱི་འདུ་ཤེས་མང་པོར་འགྱུར་བ་ཆེན་པོ་ཐེབས་ཤིང་། ཡ་རབས་སྤྱོད་བཟང་དང་ཚེ་འདིའི་ལས་དབང་། སྐྱེ་བ་ཕྱི་མ་བཅས་གཞི་གཅིག་ཏུ་སྦྲེལ་བར་གྱུར་བས། འཛམ་པོའི་གླིང་གི་སློབ་གསོའི་མ་ལག་ལ་འགྱུར་བ་ཆེན་པོ་ཐེབས།
དུས་དེར། བཟོས་རིག་གི་མཐུན་འགྱུར་ལ་བརྟེན་ནས་བཟོས་པའི་དམིགས་བསལ་གྱི་འཕྲུལ་ཆས་ལ་བརྟེན་ནས་སྐྱེ་བ་སྔོན་གྱི་དྲན་པ་སོས་མཁན་ཤིན་ཏུ་མང་པོ་བྱུང་སྟེ། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་“ཤེས་རབ་ཆེན་པོའི་དུས་སྐབས”ཞེས་པར་སླེབས་ཤིང་། སྐྱེ་བ་སྔོན་མའི་ཕ་མ་དང་བུ་ཚ་ངོས་བཟུང་བའི་དོན་དག་ཤིན་ཏུ་མང་པོ་བྱུང་། དེ་ལས་གྲགས་པ་ཆེ་བའི་དོན་གཅིག་ནི། “གཙོ་འཛིན་གྱི་བུ་མོ”ཞེས་བྱ་བ་སྟེ། བུ་མོ་དེའི་མིང་ལ་ཨར་ཡཱ་ཟེར་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོ་འཛིན་ཁཱ་ལོ་སི་ཞུ་བའི་བུ་མོ་ཡིན། བུ་མོ་འདི་དྲན་པ་དང་ཤེས་རབ་ཤིན་ཏུ་ཆེ་བ་ཞིག་སྟེ། ལོ་གསུམ་གྱི་སྐབས་ནས་ཕ་མའི་སྐད་དེ་འཇར་མན་སྐད་སྨྲ་བ་ལ་ཐོགས་རྡུགས་བྲལ་ཞིང་། རྒྱ་གར་དང་ཨ་རབ་སྐད་ཀྱང་རང་བཞིན་གྱིས་སྨྲ་ནུས། མོས་མོའི་སྐྱེ་བ་གཉིས་དྲན་གྱི་འདུག་སྟེ། དང་པོ་ནི་རྒྱ་གར་གྱི་ཚོང་པ་ཆེན་པོ་བྷ་བན་ཞེས་པར་སྐྱེས་ཚུལ་དང་། གཉིས་པ་ནི་ཨ་རབ་ཀྱི་ཁྱིམ་རྒྱུད་ཆེན་པོ་ཞིག་ཏུ་སྐྱེས་པའི་དགེ་ལས་པ་གྲགས་ཅན་སཱར་ཧ་ཏེན་ཞེས་པར་སྐྱེ་བ་བླངས་ཚུལ་ཡིན། མོས་དེ་གཉིས་ཀྱི་ཁྱིམ་མི་དང་ཤ་ཉེ་མ་ཟད། དེ་གཉིས་དང་འབྲེལ་བའི་མི་ཚེའི་དོན་ཆེ་ཕྲ་ཆུང་གསུམ་ཆ་ཚང་དྲན་ཐུབ་ཀྱི་ཡོད་ལ། ཁྱིམ་ཚང་དེ་གཉིས་དང་སྔ་ཕྱིར་ཕྲད་ཅིང་། གོ་རིམ་ཆ་ཚང་བརྙན་དུ་བླངས་ནས་གསར་འགོད་དང་བཅར་འདྲི་བྱས་པས་འཛམ་གླིང་ཤར་ནུབ་ཀུན་ལ་ཤུགས་རྐྱེན་ཆེན་པོ་ཐེབས། གཙོ་འཛིན་གྱིས་ཀྱང་རང་གི་བུ་མོ་གཙོ་བྱས་པའི་ཚེ་སྔོན་དྲན་ནུས་པའི་མི་གྲགས་ཅན་དགུ་བརྒྱ་ལྷག་བསྡུས་ཏེ། ཡ་རབས་བཟང་སྤྱོད་དང་། ཆོས་ལུགས་དང་ཆབ་སྲིད་ལ་མ་འབྲེལ་བའི་མིའི་རིགས་ཀྱི་ཐུན་མོང་འདུ་ཤེས་ཐད་ཀྱི་སློབ་གསོ་སྤེལ།
ངོས་ཟིན་དང་སྣང་ཚུལ་དེ་དག་གིས་སྤྱི་ཚོགས་སྟེང་དགེ་ལས་ཚོགས་པ་དང་རང་འདུན་པའི་བྱེད་སྒོ་ཆེས་ཤིན་ཏུ་མང་བོ་བྱུང་ནས་གཞན་ཕན་གྱི་ལས་ཀ་ནི་རང་དོན་བཞིན་དུ་བསྒྲུབ་པ་མཐོང་ཞིང་། དེ་ལས་ང་རང་བུ་མོ་གཞོན་ནུ་མ་ཞིག་གི་བྱད་བཞིན་དང་ཆས་གོས་ལ་མིག་གཡེང་ནས་མདུན་དུ་ཆས་པར། དེར་མི་ཞིག་གི་གཟུགས་པོ་བརྒྱུད་ནས་འགྲོ་ཐུབ་བྱུང་བས་ཡིད་མི་ཆེས་པ་ལྟ་བུ་བྱུང་། དེ་ནི་ནང་པའི་ཟེར་ཕྱོགས་ཀྱི་ཐོགས་རེག་ལས་བརྒལ་བའི་རྣམ་ཤེས་དང་འདྲ་བོ་འདུག་ཕྱིར། ངས་དར་ཅིག་ལ་ང་རང་ཤི་སོང་བ་ཡིན་ནམ་ལྟ་བུའང་དྲན་མོད། འཕྲལ་མར་དོན་གཞན་ཞིག་གིས་ངའི་སྣང་བ་འཕྲོག་སོང་།
ངས་ས་ལྡིང་གནམ་ལྡིང་གིས་སློབ་གྲྭར་འགྲོ་བའི་བྱིས་པ་དག་མཐོང་སྟེ། བྱིས་པ་དག་ངེས་པར་དུ་སློབ་གྲྭར་འགྲོ་མི་དགོས་པར་རང་ཁྱིམ་ནས་ཀྱང་སློབ་ཁང་དང་དགེ་རྒན། སློབ་གྲོགས། ཚོད་ལྟ་ཁང་སོགས་ཆ་ཚང་དུས་མཉམ་དུ་མཐོང་ནུས་པའི་མིག་ཤེལ་ཞིག་གྱོན་ཚེ་སློབ་གྲྭར་སོང་བ་དང་ཁྱད་མེད་ཡིན་པ་མཐོང་། བྱིས་པ་དེ་དག་གིས་མིའི་རིགས་ཀྱི་ཡ་རབས་བཟང་སྤྱོད་ཀྱིས་གཞི་རྩ་བྱས་པའི་གཅིག་གྱུར་གྱི་བསླབ་དེབ་ཅིག་སྤྱོད་ཀྱིན་འདུག་ཅིང་། དེ་དག་གི་ནང་དུ་ཆབ་སྲིད་དང་། ཆོས་ལུགས། ཞེ་འཁོན་དང་ཕྱོགས་ཞེན་གྱི་ཆ་འཕྲིན་མི་སྣང་ཞིང་། བྱམས་དང་སྙིང་རྗེ། ཤེས་རབ་ཀྱིས་ཕྱུག་པའི་རི་མོ་དང་རྩེད་ཐབས་སྣ་ཚོགས་ཀྱིས་ཁེངས་པ་མཐོང་བས། ང་ལ་དགའ་སྤྲོ་ཆེན་པོ་འཕེལ། དུས་དེར་འཛམ་གླིང་ཤར་ནུབ་ལ་མ་ལྟོས་པར་མིའི་རིགས་ཀྱི་སློབ་གསོ་ནི་རྒྱལ་ཁབ་དང་མི་རིགས། ཆོས་ལུགས་དང་ཚོགས་པ། ཡང་ན་སྲིད་གཞུང་གང་རུང་ཞིག་གི་ཆེད་དུ་མ་ཡིན་པར། མིའི་ཡ་རབས་བཟང་སྤྱོད་གོང་སྤེལ་དང་། རང་རང་གི་ལྷན་སྐྱེས་ཁྱད་ཡོན་སྔོག་འདོན་ཕྱིར་དུ་ཡིན་པ་རྟོགས།
ངས་མི་རྣམས་ཀྱིས《གཞི་རྩའི་ཡོང་འབབ་སྲོལ་ཡིག》གི་ཕུགས་བསམ་མངོན་གྱུར་བྱུང་ནས་མི་རེ་ལ་ཟླ་རེར་སའི་གོ་ལའི་དངུལ་ལོར1500(སའི་གོ་ལའི་དངུལ་ལོར1ནི་2036ལོའི་སྐབས་ཀྱི་ཨ་སྒོར1.5རེད་འདུག)རེ་ཐོབ་ནས་གཞི་རྩའི་འཚོ་བ་ལ་ཁག་ཐེག་བྱུང་འདུག་པ་མཐོང་ཞིང་། དེས་མི་ཐམས་ཅད་ལྟོ་ཚིས་ཁ་རྒྱབ་ཀྱི་ཆེད་དུ་མི་ཁོམ་པའི་ལས་གཉེར་མི་དགོས་པར། རང་རང་གི་འདོད་མོས་ལྟར་འཚོ་བ་རོལ་ཐུབ་པར་གྱུར་བ་མཐོང་།
ངས་ཡང་ཁྱད་མཚར་བ་ཞིག་མཐོང་བ་སྟེ། གཤགས་བཅོས་ཁང་ཞིག་ཏུ། འཕྲུལ་མི་ལག་པ་བཞི་ཅན་ཞིག་གིས་ནད་པ་ཞིག་གཤགས་བཅོས་བྱེད་ཀྱི་འདུག་ལ། འཕྲུལ་མིའི་གམ་དུ་གཟབ་གཟབ་ཆེན་པོས་བལྟས་འདུག་པའི་སྨན་པ་གཉིས་ནི་འཕྲུལ་ཆས་དེའི་ལག་རོགས་ལྟ་བུར་འདུག་ཅིང་། ཁོ་ཚོའི་འགྲམ་གྱི་ཤེལ་གྱི་གཞོང་བའི་ནང་དུ་ནད་པ་དེར་བརྗེ་གྲབས་སུ་ཡོད་པའི་ལྷོག་ལྷོག་ལྡིང་བའི་འཕྲུལ་ཆས་ཀྱི་སྙིང་ཞིག་མཐོང་། ངས་བལྟས་བསྡད་པར། འཕྲུལ་མི་དེས་ལག་པ་ཡ་གཅིག་གིས་འཕྲུལ་ཆས་ཀྱི་སྙིང་དེ་ནད་པའི་ཁོག་པར་བཅུག་བྱུང་ལ། སྙིང་བླངས་ཤིང་འཇོག་བྱེད་ཀྱི་འཕྲུལ་གྱི་ལག་པ་དེར་མཛུབ་མོ་བདུན་འདུག་ཅིང་། སྙིང་བཅུག་མ་ཐག་ཁོ་ཚོས་འཆར་ཤེལ་སྟེང་ལ་ཐེངས་འགར་བལྟས་མཐར། དེ་སྔའི་ལག་པ་དེའི་མཛུབ་མོ་དག་གིས་ཤིན་ཏུ་མྱུར་ཅིང་བྱང་བའི་ངང་སྐྱི་པགས་བཙེམ།
དུས་དེར་སྦུག་འཁོར་ཞིག་འགྲོ་བ་མཐོང་། གོ་ལའི་འདྲེན་ཤུགས་ཀྱི་ལྡོག་ཤུགས་སྤྱད་པས་འཛེར་སྒྲ་ཅུང་ཟད་ཙམ་ཡང་མི་འདུག ང་སྦུག་འཁོར་དེའི་ནང་དུ་འགྲོ་བསམ་སྐབས། མཐོང་སྣང་གཞན་ཞིག་ལ་བརྗེས་སོང་སྟེ། ངས་གྲོང་ཁྱེར་དེའི་ཐོག་བརྩེགས་དང་ཐོག་བརྩེགས་བར་བར་དུ་རྒྱུ་བཞིན་པའི་འཕུར་འཁོར། སྤྱི་གླིང་། ཟམ་པ། ལམ་ཆེན་སོགས་མཐོང་ཞིང་། དེ་ནས་ཡང་སྐད་ཅིག་དེ་ཉིད་ལ། ང་རང་གྲོང་ཁྱེར་དེའི་ལྟེ་བའི་ལྷོ་རུ་ཡོད་པའི་རི་དྭགས་ཁང་ཞིག་ཏུ་སླེབས། རི་དྭགས་ཁང་དེ་ནི་ཉམས་ཉེན་ལ་ཐུག་པའི་སྲོག་ཆགས་ལ་ཆེད་དུ་ཕྱེས་པར་འདུག་ཅིང་། མིང་ལ་སྐྱེ་ཁམས་གླིང་ཞེས་བཏགས་འདུག་ལ་ནགས་ཚལ་ཆེན་པོ་ཞིག་དང་འདྲ། དེར་སྦྲང་མ་འཕུར་བའི་སྒྲ་དང་། བྱ་སྐད། ལྷུང་ལྷུང་འབབ་པའི་ཆུ་སྒྲ་སོགས་ཐོས། དེར་ ཉེན་ཁ་ཆེ་ཞིང་གཞན་ལ་འཚེ་བའི་གཅན་གཟན་དག་ལས་སེམས་ཅན་གཞན་དག་ལ་ར་བ་ཆུང་ངུ་དང་སྒྲོམ་བུ་སོགས་བཟོས་ནས་ཚོད་འཛིན་བྱས་མི་འདུག་ཅིང་། ཆེད་དུ་ལྟད་མོ་ལྟ་ས་དང་ཟ་མ་སྟེར་ས་ལས་ད་གཟོད་མཐོང་ཐུབ་པར་འདུག ངས་དེར་འཕྲུལ་ཆས་ཀྱི་ཁྱི་གུ་རྗེས་སུ་ཁྲིད་པའི་བུད་མེད་དང་འདེད་འཁོར་དུ་ཡོད་པའི་རྒས་འཁོགས་ཤིག་གིས་གམ་གྱི་འཕྲུལ་མི་ཞབས་གཡོག་ལ་མངགས་བཀོད་བྱེད་ཞོར་ཁམས་གཡེང་བྱེད་བཞིན་པ་མཐོང་།
གཅིག་བྱས་ན། ངའི་ཡིད་ལ་འཆར་ཕྱོགས་ལྟར་མཐོང་གི་ཡང་འདུག་སྟེ། ངས་ཡིད་ལ་འདིར་དེབ་ཁང་འདྲ་ཡོད་དམ་སྙམ་པ་ལ། ང་རང་ཡིད་སེམས་འཕྲོག་པར་བྱེད་པའི་དེབ་འཚོང་ཁང་ཆེན་པོ་ཞིག་ཏུ་སླེབས་འདུག་ཅིང་། དེར་རྗེ་ཙོང་ཁ་པའི《བྱང་ཆུབ་ལམ་རིམ》གྱི་ཇེའུ་ཡིག་པར་མའི་རྒྱབ་ཤའང་མཐོང་། ངས་དེར་བརྙན་ཤེལ་ཆེན་པོ་ཞིག་ཏུ་བུད་མེད་དགེ་རྒན་ཞིག་གིས་མི་སྟོང་ཕྲག་མང་བོར་དྲ་ལམ་ནས་ཞི་བ་ལྷའི《སྤྱོད་འཇུག》ཁྲིད་ཀྱིན་པ་མཐོང་བ་དང་། བུ་མོ་ཞིག་གིས་དེ་ལ་ལྟ་བཞིན་མིག་ཆུ་ཤམ་ཤམ་བབས་ཤིང་། བཙུན་མ་བྱེད་རྒྱུར་དམ་བཅས་པའང་ངས་ཚོར་ཐུབ་ཀྱི་འདུག
མཐོང་སྣང་དེ་དག་ཤིན་ཏུ་ངོ་མཚར་བ་ཞིག་སྟེ། ངས་དུས་གཅིག་ལ་ཁྱད་མཚར་བ་དང་ཧང་སངས་བའི་གནས་ཚུལ་བརྒྱ་ཕྲག་དུ་མ་མཐོང་། དེ་བས་ཀྱང་ང་རང་ཡ་མཚར་ས་ནི། མཐོང་སྣང་དེ་དག་བསྣོལ་མེད་མོད། བྱུང་བའི་དུས་གཅིག དེ་བས་ཀྱང་བློས་མི་དཔོག་པ་ཞིག་ནི་ངས་དེ་དག་ཧ་ལམ་དུས་གཅིག་ལ་མཐོང་བ་ཡིན་ལ། དེ་དག་གི་བོངས་ཚད་བསྡུར་ཚད་ལྟར་ཇེ་ཆུང་དུ་སོང་མེད་ཅིང་། དུས་ཚོད་ཀྱང་བསྡུར་ཚད་ལྟར་ཇེ་ཐུང་དུ་སོང་མེད། དེ་ནི་ཡིད་ཤེས་ཀྱི་རྣམ་འགྱུར་དང་འདྲ་བར་འདུག་སྟེ། དཔེར་ན། ཁོ་ཧྥེ་བཟོ་མཁན་ཞིག་གིས་གསར་དུ་ལྡེབས་ངོས་སུ་བཀལ་བའི་ཡུལ་ལྗོངས་ཀྱི་པར་རིས་དེ་མཐོང་མ་ཐག ཡིད་ངོར་རང་ཁྱིམ་ཤར། ཞོར་ལ་ལོ་དུ་མའི་སྔོན་གྱི་འདས་དོན་ཧྲིལ་པོ་ཞིག་འཁྱུག་ཙམ་དྲན། ཡང་དེ་དང་མཉམ་དུ་ལག་ན་བཟོ་བཞིན་པའི་ཁོ་ཧྥེ་དེ་ལས་རིམ་ལྟར་བཟོས། ད་དུང་ཁོ་ཧྥེ་མངགས་ཉོ་བྱེད་མཁན་དེའི་ཆ་བྱད་ཁྱད་མཚར་བསམ་པ་དང་ཡང་དེས་བསྒུག་བསྡད་ཡོད་བསམ་ནས་ཇེ་མྱུར་ལ་བཏང་བ་སོགས་དུས་ཡུན་ཐུང་ངུ་གཅིག་གི་རིང་ལ་དྲན་ཞིང་བསྒྲུབ་ནུས་པ་ལྟར། འོན་ཀྱང་ངས་འདིར་བྲིས་པ་ལ་སྔ་གཞུག་ཡོད་པ་ནི་སྐད་ཆ་ལ་སྔ་གཞུག་ཡོད་པས་ཡིན། ཡང་ན་ངས་སྔ་གཞུག་ལྟར་མ་བཤད་ན་བཤད་ས་མི་འགྲོ་ལ། བྱེ་བྲག་གི་ཞིབ་ཆ་མཐའ་དག་ནི་འདིར་ཁྱོན་ནས་འབྲི་ས་མི་འགྲོ་བར་འདུག དེ་ལྟར་ནའང་། ངས་མཐོང་བ་ནི་འཇིག་རྟེན་དེའི་ཆ་ཤས་ཤིག་ལས་ཡོད་ཚད་མིན་ཐག་ཆོད་ཡིན། ང་རང་མཐོང་ཐོས་དང་སྐད་ཆ་གཉིས་བར་ལ་ཧེ་བག་དེ་འདྲ་ཞིག་ཡོད་པར་ཧ་ལས་པ་ཞིག་བྱུང་།
“ཇི་འདྲ་རེད།” ངས་སླར་ཡང་སྐྱེས་པ་དར་མ་དེའི་སྐད་ཐོས། འོན་ཀྱང་ཁོ་རང་མཐོང་མ་བྱུང་།
“ཁྱོད་སུ་ཡིན?!”ངས་ཐེ་ཚོམ་ངང་དྲིས།
ངའི་སྐད་གདངས་ལ་ཁོང་ཁྲོ་ཞིག་ཀྱང་ཡོད་པ་འདྲ་སྟེ། ཁོས“ཨོ། དགོངས་དག ཁྱེད་ཀྱིས་དེ་སྔ་སྐད་འདི་མ་ལག་ཏུ་བཅུག་འདུག་རྐྱེན་ངས་ཐད་ཀར་སྤྱད་པ་ཡིན། འདི་ཁྱེད་ཀྱི་ཕའི་སྐད་གདངས་རེད་དམ། ཁྱེད་ཀྱི་དགོངས་པ་མ་ཁྲོལ་བར་ངས་བེད་སྤྱོད་བཏང་བར་དགོངས་དག་ཞུས་པ་ཡིན། ”
“……སྐྱོན་མེད། ཁྱོད་སུ་ཡིན?” 2032ལོའི་ཡས་མས་ནས་བཟུང་། མི་རྣམས་ཀྱིས་རང་གི་ཤ་ཉེ་འཆི་བ་ལ་ཉེ་བའི་ཚེ་མི་དེའི་ཚེ་གཅིག་རིང་གི་ལས་ཀ་ཐམས་ཅད་དང་། བསམ་བློ་གཏོང་སྟངས། དགའ་ཕྱོགས། སྐད་སྒྲ། གཟུགས་སོགས་ཀྱི་གཞི་གྲངས་ཕྲ་ཞིང་ཕྲ་བ་བྱས་ཏེ་གློག་ཀླད་དུ་བཅུག་ཅིང་། རེ་འགས་ཁྱིམ་སྤྱོད་འཕྲུལ་མིའི་ཁོག་ཏུའང་བཅུག་པས། ཤི་ཟིན་པའི་མི་དེའི་དེ་སྔའི་ལས་ཀ་ལས་སྟངས་དང་བསམ་བློ་གཏོང་སྟངས་ཀྱི་གཞི་གྲངས་ལ་གཞིགས་ནས་ཤུལ་གྱི་ནང་མི་དང་དུས་ཐོག་ཁ་བརྡ་བྱེད་ནུས་པས། འདས་ཟིན་པའི་མི་རྣམས་དུས་གཏན་དུ་འཚོ་བ་དང་འདྲ་བར་གྱུར། ངས་ཀྱང་གློ་བུར་ནད་ཀྱིས་འདས་པའི་ཕ་རྒན་དྲན་དྲགས་ནས། ཁོང་གི་སྐད་གདངས་ཐད་ཀྱི་གཞི་གྲངས་ཆ་ཚང་གྲངས་མཛོད་ལ་བཅུག་པས། དུས་རྒྱུན་གྱི་གནམ་གཤིས་གནས་ཚུལ་དང་མཚན་མོར་སྐབས་རེར་གཏམ་རྒྱུད་ཅན་གྱི་གསར་འགྱུར་རེ་ཡོད་ཚེ་ངས་ཕ་རྒན་གྱི་སྐད་དེས་བཤད་དུ་བཅུག་མྱོང་།
“ང་ཡེ་ཤེས་ཡིན”
“……”
“ཁྱེད་རང་འཚབ་མི་དགོས། སྐབས་འདིར་ངས་སྒྲ་ཆས་ཤིག་ལ་སྦྲེལ་ནས་ཁྱོད་ལ་སྐད་ཆ་བཤད་ཀྱི་ཡོད”
“……”
“ཁྱེད་ཀྱིས་མཐོང་བ་ནི་སྤྱི་ལོ2084ལོའི་མཐོང་སྣང་རེད།”
“ཅི་ཞིག? མི་སྲིད། འདི་རྨི་ལམ་ཞིག་ལས་ཅི་ཡང་ཡིན་མི་སྲིད”
“འདི་རྨི་ལམ་ཞིག་མིན་པ་ངས་ཐག་ཆོད་པོས་སྨྲས་པ་ཡིན”
“འོ་ན་ང་མ་འོངས་པར་འཕོ་བརྒལ་བྱས་པ་ཡིན་ནམ།”
“ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་དེ་ལྟར་གོ་བ་ལེན་ཆོག ངས་སྤྱི་ལོ1936ལོ་ནས2036ལོའི་བར་གྱི་ལོ་བརྒྱའི་རིང་གི་ཚན་རིག་དར་འཕེལ་གྱི་ཚད་དང་ལྷག་པར་དུ་རྩིས་ཐབས(computation)འཕེལ་རྒྱས་ཀྱི་ཚད་ལ་རྩིས་བརྒྱབ་སྟེ། མ་འོངས་པའི་ལོ་ལྔ་བཅུའི་རྗེས་ཀྱི་ཚན་རིག་ལག་རྩལ་དར་བའི་འཇིག་རྟེན་དེ་ཇི་འདྲ་ཞིག་ཡིན་མིན་རིགས་འདེད་ཀྱིས་བཟོས་ཤིང་ཁྱེད་དེར་ཁྲིད་འོངས་པ་ཡིན་ཏེ། ཁྱེད་རང་སྤྱི་ལོ2086ལོའི་ཟླ9པའི་ཚེས15ཉིན་ལ་ཁྲིད་ཡོང་ཡོད།”ཟེར།
“དེ་ཇི་ལྟར་རྩིས་བརྒྱབ་པ་རེད? ཅིའི་ཕྱིར2086ལོ་བདམས་པ་ཡིན?”
“དེ་ལས་སླ་བོ་རེད། སྤྱིར་བཏང་གི་བརྩི་ཚུལ་ལྟར་རིམ་པ་སུམ་ཅུ་བར་དུ་རྩིས་བརྒྱབ་ཚེ། 1,2,3,4,5,6ལྟར་དང་མཐར30ཐོབ་ངེས་པ་ཡིན་ལ། ལྡབ་འགྱུར་གྱི་བརྩི་ལུགས་ལྟར་རིམ་པ་སུམ་ཅུ་བར་དུ་སོང་ཚེ། 2, 4, 8, 16, 32ལྟར་དང་མཐར་གྲངས་ཀ1,073,741,824འམ་དུང་ཕྱུར10འཐོབ་གི་རེད། མིག་སྔར་གྱི་རྩིས་ཐབས(computing)་ཀྱི་འཕེལ་རྒྱས་ནི་འདས་པའི་ལོ་བརྒྱའི་རིང་དང་ད་ཆར་བལྟས་ཚེ། ལྡབ་འགྱུར་གྱིས་དར་འཕེལ་བྱུང་གི་འདུག་པས། ལོ་བཅུའི་རིང་ལ་ང་ཚོས་མ་འོངས་པའི་ལོ175ཡི་རིང་གི་ཚན་རིག་གི་འཕེལ་རྒྱས་མཐོང་ཐུབ་ལ། ལོ2.857གྱི་རིང་ལ། མ་འོངས་པའི་ལོ50ཡི་རིང་གི་འཕེལ་རྒྱས་མཐོང་ཐུབ་གཤིས། དེ་བཞིན་དུ་རྩིས་བརྒྱབ་སྟེ་འཇིག་རྟེན་དེ་ཇི་འདྲ་ཞིག་ཡིན་མིན་ཚོད་དཔག་བྱེད་རྒྱུ་དེ་ལས་སླ་བོ་རེད། 2086ལོ་བདམས་དོན་ནི། ད་ལྟ་ནས་བརྩིས་པའི་ལོ་ལྔ་བཅུའི་རྗེས་ཡིན་པས། ཁྱེད་ཀྱིས་གོ་བ་ལེན་བདེ་ངེས།”ཟེར།
“ ལོ་ལྔ་བཅུའི་རྗེས? འོ་ན་ད་ལྟ་ང་གང་དུ་ཡོད། རྒྱལ་ཁབ་གང་དུ་ཡོད།”
ཁོ་ཅུང་ཟད་བགད་རྗེས། “རྒྱལ་ཁབ་ཅེས་པ་མེད། མིའི་རིགས་ཀྱི་གཅིག་གྱུར་རྩ་འཛུགས་ལས་མེད། རྩ་འཛུགས་འདི་ལ་ད་གཟོད་སྔོན་ཆད་ཀྱི་རྒྱལ་ཁབ་ཁག་ལ་ཡོད་པའི་ཁྱད་ནུས་དག་ཡོད། རྩ་འཛུགས་འདི་ནི་སྔོན་ཆད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཡིན།”
“འོ་ན་སྔོན་ཆད་ཀྱི་རྒྱལ་ཁབ?”
“དེ་དག་ས་གནས་སོ་སོའི་སྒྲིག་སྲུང་དོ་དམ་པ་ཙམ་ཡིན། དེ་དག་ལ་ཉེན་རྟོག་པ་ལས་དམག་དཔུང་མེད། གྲོས་ཚོགས་དང་གྲོས་ཚོགས་གཙོ་སྐྱོང་བ་ལས་གཙོ་འཛིན་ཡང་མེད།”
“དེ་འདྲ་ཡིན་མི་སྲིད། ནམ་ཞིག་ལ་འགྱུར་བ་དེ་འདྲའི་ཆེན་པོ་བྱུང་བ་རེད།”
“གྲོགས་པོ། དོན་དག་དེ་སྐབས་འདིར་མ་འབྲེལ་བའི་དོན་དག་གཞན་ཞིག་རེད་མོད། དེ་ངས་རྗེས་སུ་ཡུན་གྱིས་བཤད་ཆོག རེད་དེ། རྒྱལ་ཁབ་ནི་མིའི་རིགས་ལ་མཚོན་ན་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་ཁྲོད་ཀྱི་རྩ་འཛུགས་ཙམ་རེད། སྤྱིར་ན་རྒྱལ་ཁབ་འཛུགས་པའི་དགོས་དམིགས་དེ་གཞན་གྱི་བཙན་འཛུལ་འགོག་སྲུང་། རང་སྡེའི་བདེ་འཇགས་དང་སྒྲིག་སྲོལ་སྐྱོང་བ། མིའི་རང་དབང་དང་འདྲ་མཉམ་གྱི་ཁེ་དབང་ལ་འགན་སྲུང་ཡོད་པར་བྱ་བ་དེ་ཡིན་མོད། རྒྱལ་ཁབ་ཅེས་པའི་རྩ་འཛུགས་འདི་མི་ཉུང་ཤོས་ཤིག་གི་ཁེ་ཕན་གྱི་ཕྱིར་དུ། ནང་དུ་འཇིགས་སྐུལ་དང་མགོ་གནོན་བྱེད་དང་། ཕྱི་རུ་འཁྲུག་པ་ལངས་བྱེད། གཙོ་བོ་དབང་སྒྱུར་མཁན་མི་ཉུང་ཤོས་ཤིག་གི་ཁེ་དབང་ལ་ཁག་ཐེག་སྤྲོད་རྒྱུའི་ལག་ཆ་ཞིག་ཏུ་གྱུར་ཡོད་སྟབས། དམིགས་བསལ་གྱི་དོན་རྐྱེན་ཛ་དྲག་རེ་མ་བྱུང་ཚེ། རྒྱལ་ཁབ་ཅེས་པར་འགྱུར་བ་འབྱུང་ངེས་པ་དུས་ཀྱི་སྔ་ཕྱི་ཙམ་རེད། གཡུལ་འཁྲུག་ཁོ་ནའི་ངོས་ནས་བཤད་ན། མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་གཡུལ་འཁྲུག་དག་ཐོན་ཁུངས་སྔོག་འདོན་གྱི་ནུས་པའི་ཚད་བཀག་དང་། འདོད་རྔམས་ཙམ་ལ་བརྟེན་ནས་བྱུང་བའང་ཡོངས་སུ་མིན་ཏེ། སྐབས་མང་པོར་དབང་འཛིན་མཁན་དག་གི་དབང་འཛིན་པའི་དགོས་དབང་ལ་བརྟེན་ནས་བྱུང་བ་ཡིན་ལ། “ཤེས་རབ་ཆེན་པོའི་དུས་སྐབས”སླེབས་རྗེས། གནས་ལུགས་འདི་དག་མི་རྣམས་ཀྱིས་ཡུན་གྱིས་རྟོགས་པས། སྲོལ་རྒྱུན་གྱི་སྲིད་གཞུང་དང་རྒྱལ་ཁབ་ཀྱི་རྣམ་པ་ལ་འགྱུར་བ་བྱུང་བ་རེད། ཆེས་བསྡུས་པའི་ངང་བཤད་ན། རྒྱུ་རྐྱེན་གསུམ་གྱིས་སྲོལ་རྒྱུན་གྱི་སྤྱི་ཚོགས་རྩ་འཛུགས་དེ་མེད་པ་ཆགས་པ་རེད། དང་པོ་ནི། ཚན་རིག་གི་དཔྱད་འབྲས་དེ་ཁས་མི་ལེན་ཐུ་མེད་ཆགས་རྗེས། ལྟ་བ་དེ་དང་འགལ་བའི་ཆོས་ལུགས་དག་ལ་དད་པ་བྱེད་མཁན་ཉུང་དུ་གྱུར་ནས། དེ་སྔའི་ཆོས་ལུགས་དང་གྲུའ་མཐའི་རྩོད་རྙོག་མང་པོ་རང་བཞིན་གྱིས་ཞི། ཡང་རྣམ་ཤེས་ཡོད་པ་ལ་བདེན་དཔང་ར་འཕྲོད་བྱུང་རྗེས། མིའི་བཟོས་རིག་ནུས་ཀྱི་རོགས་རམ་འོག་གསར་རྙེད་རབས་དང་རིམ་པ་བྱུང་བ་སྟེ། མི་རིགས་གང་དང་རྒྱལ་ཁབ་གང་དུ་ཡིན་ཡང་། སྐྱེ་བ་མང་པོ་བརྗེས་པ་ལས་མ་དང་ཕ། ཕུ་ནུ་མིང་སྲིང་དུ་མ་གྱུར་བ་མེད་པར་ངེས་ཤེས་གཅིག་མཐུན་དུ་རྙེད་པས། འགལ་བ་དང་ཟིང་འཁྲུག་མང་པོ་ཇེ་ཉུང་དུ་སོང་ཞིང་། མིས་བཟོས་ཤིང་ཟིང་འཁྲུག་གི་འབྱུང་རྩར་འགྱུར་སླ་བའི་རྒྱལ་ཁབ་དང་མི་རིགས། ཆོས་ལུགས་ལ་སོགས་པའི་འདུ་ཤེས་ཇེ་གཉོམ་དུ་སོང་སྟེ། མིའི་རིགས་ཐུན་མོང་གི་རྩ་འཛུགས་མང་པོ་དར་ཅིང་། དེ་སྔའི་མང་གཙོས་བདམས་ཤིང་བཙུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེད་ནུས་ཇེ་ཆེར་གྱུར་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་ལ་གཅིག་མཐུན་དུ་དོ་དམ་བྱས་པ་རེད།”
རྒྱུ་མཚན་གཉིས་པ་ནི། མི་རྣམས་ཀྱིས་ཆ་རྡུལ་གྱི་ཆེ་ཆུང་ཙམ་གྱི་འཕྲུལ་རིག་གི་འདུས་སྙིང་ཞིག་ཀླད་པའི་སྐྱི་ལྤགས་བར་བཅུག་ཚེ། དྲ་ལམ་རིག་མཛོད་དང་ཡིད་ཤེས་གཉིས་སྦྲེལ་ནུས་ཤིང་། དེས་མི་རྣམས་ལ་མི་བརྗེད་པའི་གཟུངས་ཐོབ་པ་ལྟར་གྱུར་ཅིང་། རིག་སྟོབས་བརྒྱ་འགྱུར་གྱིས་འཕེལ་དེ“ཤེས་རབ་ཆེན་པོའི་དུས་རབས”ཀྱི་མགོ་དངོས་སུ་ཚུགས། དེས་རྫུན་ཆེན་པོ་དང་གཡོ་ཇུས་ཆེན་པོ་སོགས་འཇུག་པའི་སྐབས་མེད་པར་གྱུར་བས། ཆབ་སྲིད་པའི་གཡོ་ཇུས་དང་གནས་སྐབས་ཀྱི་དགོས་དབང་ལ་སོགས་ཀྱིས་བྲིས་པའི་ལོ་རྒྱུས་དག་གི་མགོ་གཡོག་མ་ཐེབས་པར། མི་ཚེའི་དོན་སྙིང་འཚོལ་བ་དང་། མིའི་རིགས་ཉིད་ཐོག་དང་པོར་སྐྱེ་དངོས་ཀྱི་ལུས་པོའི་ཚད་བཀག་ལས་བརྒལ་ཐུབ་པར་གྱུར་ཏེ། ཡིད་ཤེས་ཀྱི་ངོས་ནས་ཕན་ཚུན་སྦྲེལ་མཐུད་བྱས་པས། མི་རྣམས་ཀྱིས་རང་རང་གི་དགའ་མོས་དང་རིན་ཐང་ལྟ་བ། འཚོ་བ་རོལ་ཕྱོགས་ལྟར་དུ་ཤེས་པའི་ཁམས་ནས་ཚོགས་སྡེ་འདྲ་མིན་བཙུགས་གཤིས། སྲིད་གཞུང་གི་ཁྲིམས་མེད་ལུགས་མེད་ཀྱི་བཀག་སྡོམ་དང་ནུས་པ་ལ་ཚད་བཀག་ཐེབས་ཏེ་འགྱུར་བ་གཏོང་དགོས་ཁེལ།
རྒྱུ་མཚན་གསུམ་པ་ནི། སྲོལ་རྒྱུན་གྱི་སྲིད་གཞུང་དང་དབང་འཛིན་གྲལ་རིམ་ལས་བཟོས་རིག་དང་རྩིས་ཐབས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ལ་ཕན་རླབས་དང་ནུས་ཆོད་ཆེན་པོ་ཐོན་པ་དང་། གོ་ལའི་དྲོད་ཚད་མཐོ་རུ་ཕྱིན་པ་ལ་བརྟེན་ནས་གནམ་གཤིས་ཀྱི་འགྱུར་ལྡོག་ཚབས་པོ་ཆེ་བྱུང་བས། མིའི་རིགས་ཀྱིས་སྤྱི་ཚོགས་ཀྱི་རྩ་འཛུགས་བྱེད་སྟངས་ལ་བསྐྱར་དུ་བསམ་གཞིགས་མི་གཏོང་ག་མེད་དུ་གྱུར།”
ངའི་ཕ་རྒན་གྱི་སྐད་ངག་གིས་གོང་གི་འདི་དག་བཤད་པར་ང་བག་མི་བདེ་བ་ཞིག་བྱུང་བས། ངས་སྐད་དེ་བརྗེ་རོགས་ལབ། ཁོས་ལོས་ཆོག ཅུང་ཟད་སྒུག་རོགས་ཟེར་ཅིང་། སྐར་ཆ་སུམ་ཅུ་ཙམ་གྱི་རྗེས་ལ་མི་དར་མ་སྐད་ཤིན་ཏུ་དྭངས་པ་ཅན་ཞིག་གི་སྐད་གྲགས་སོང་།
“ངས་ཁྱེད་ཀྱིས་ཉན་རྒྱུར་དགའ་བའི་གཞས་པ་ཝེལ་ལེམ་རྡོ་རྗེ་ཡི་སྐད་གདངས་བེད་སྤྱོད་གཏོང་གི་ཡོད། ཇི་འདྲ་རེད”
“ཁྱོད་ཚོས་ཀྱང་མི་སྒེར་གྱི་ཆ་འཕྲིན་གང་འདོད་དུ་སྤྱོད་ཀྱི་འདུག་ག”
“མིན་མིན། ངས་འུ་གཉིས་བར་གྱི་ད་རེས་ཀྱི་ཁ་བརྡ་ལས་སྐབས་གཞན་དུ་བེད་སྤྱོད་མི་གཏོང་།”
“ཀུ་རེ་ཞུས་པ་ཡིན། མུ་མཐུད་དུ་ཤོད་དང་།”
“ལགས་སོ།། གོ་སོང་། ཁྱེད་ཀྱིས་ཤེས་དགོས་རྒྱུ་ཞིག་ལ། མིའི་རིགས་སྔོན་ཆད་ནམ་ཡང་མངོན་སུམ་ལ་འདི་ལྟར་ཐད་ཀར་འབྲེལ་ཐུབ་མེད། རྟག་པར་རིག་གནས་དང་། གོམས་གཤིས། མྱོར་ཚོར་གྱིས་བསྒྲིབ་ཡོད་ལ། རྒྱུན་ཏུ་དེ་དག་ལ་བརྟེན་ནས་དངོས་ཡོད་ངོས་འཛིན་གྱི་ཡོད། དེ་བས་ཚད་ངེས་ཅན་ཞིག་ནས་མིའི་རིགས་ཀྱི་སྤྱི་ཚོགས་ཆེ་ཆུང་ཁག་ནི་སོ་སོའི་ལོ་རྒྱུས་ཀྱི་བཙོན་མར་གྱུར་ཡོད་དེ། འདས་པའི་ལོ་རྒྱུས་ཀྱིས་ད་ལྟ་དང་མ་འོངས་པར་མངགས་བཀོད་བྱེད། ཡང་མི་སྒེར་ནི་སོ་སོའི་སེམས་ཚོར་དང་འདོད་མོས། གོམས་གཤིས། སྲོལ་རྒྱུན་སོགས་ཀྱི་དབང་འོག་ཏུ་ཚུད་ནས་འཚོ་བ་རོལ། རྒྱུ་མཚན་དེའི་ཕྱིར་ན། རླབས་ཆེ་ཤོས་ཀྱི་གསར་བརྗེ་ནི་ལག་རྩལ་གསར་བརྗེ་མིན་པར། རིག་རྟོགས་ཀྱི་གསར་བརྗེ་ཡིན།”
གོང་གི་ཚིག་འདི་ངའི་ཡིད་ལ་ཅི་བས་འཕྲོད་པར་འདུག་མོད། འཇིག་རྟེན་དེའང་དེ་འདྲའི་རྫོགས་ལྡན་ཡི་གར་འོངས་པ་ལྷ་ཡུལ་ལྟ་བུ་ཞིག་ཡིན་ག་ལ་སྲིད། དེ་བས་ངས“ཁྱོད་ཀྱིས་འཇིག་རྟེན་དེའི་ཡི་གར་མི་འོངས་པའི་ཆ་དག་ང་ལ་སྟོན་རྩིས་མེད་དམ”ཞེས་དྲིས།
ཁོས“ལོས་ཡོད། ཁྱེད་ཀྱིས་ལྟོས་དང་མཐོང་ཡོང་”ཟེར།
ངས་བལྟས་པར། ཚོང་རྭ་ཆེན་པོ་ཡོད་སའི་རྐང་བགྲོད་སྲང་ལམ་ཞིག་མཐོང་ལམ་དུ་སྣང་བྱུང་ལ། ལམ་འགྲམ་གཡས་གཡོན་གྱི་འཛུགས་སྐྲུན་ཁྱད་ཆོས་ལས་ཨ་རིའི་ཉིག་ཡོག་གྲོང་ཁྱེར་གྱི་སྲང་ལམ་ཞིག་ལོས་ཡིན་སྙམ་པ་ཞིག་མཐོང་སྟེ། དེར་གྱོན་པ་ཧྲལ་ཧྲུལ་གྱོན་པའི་སྤྲང་འཁྱམ་མང་པོ་མཆིས་ཤིང་། ལ་ལ་ལམ་ཁར་ཉལ། ལ་ལས་ཨ་རག་གིས་ར་རོ་ནས་གཏོལ་མེད་དུ་འདུག ཁོ་ཚོ་ལ་མཚོན་ན་“ཤེས་རབ་ཆེན་པོའི་དུས་སྐབས”་ཀྱི་གསར་རྙེད་གཅིག་སྟེ། སྐྱེ་བ་སྔ་ཕྱིའི་གསར་རྙེད་ནི་གནམ་བརྡིབས་པ་ལྟ་བུའི་སྡུག་བསྔལ་གྱི་ཁུངས་སུ་གྱུར། ཁོ་ཚོའི་བསམ་པར་ད་ལྟའི་དཀའ་ངལ་ནི་སྔོན་ལས་ཡིན་པས་བསྒྱུར་མི་བཏུབ་པར་བསམ་ནས་རེ་ཆད་དང་། འཁང་ར། ལེ་ལོ་ཁོ་ནས་དུས་འདའ་ཞིང་། དེ་ལས་དར་མ་ཞིག་གི་གདོང་ནི་ངེད་ཀྱི་ཕ་ཡུལ་ཕྱོགས་ཀྱི་སྐྱེས་པ་ཞིག་དང་ཤིན་ཏུ་འདྲ་བར་འདུག་སྟེ། ཁོའི་ལས་ཀ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ཕྱུག་ར་ཆེ་གྲས་དག་ལས་སྐམ་ཤ་དང་འོ་མ་དབོར་འདྲེན་བྱེད་རྒྱུ་ཡིན་འདུག་ལ། མ་གཞི་ཁོ་ལས་ལ་བརྩོན་མཁན་དེ་འདྲ་ཞིག་ཡིན་འདུག་ནའང་། གསར་རྙེད་དེས་ཁོས་སེམས་སུ་འབད་བརྩོན་གྱིས་མི་ཚེ་བསྒྱུར་མི་ཐུབ་པར་བསམ་ནས་ཡི་ཆད་དང་ཞུམ་པ་ཆེན་པོས་ཆང་འཐུང་ནས་མི་ཚེ་སྐྱེལ་བ་མཐོང་།
ཡང་མི་རྣམས་ཀྱིས་སྨན་དམིགས་བསལ་བ་ཞིག་བཏུང་ནས་བློ་རྩེ་གཅིག་ཏུ་གནས་པར་བྱས་ཤིང་། ཀླད་པའི་སྐྱི་པགས་བར་རིན་གོང་ཤིན་ཏུ་མཐོ་བའི་འདུས་སྙིང་བཅུག་སྟེ། ཡིད་ཤེས་ཀྱི་ངོས་ནས་ཕན་ཚུན་སྦྲེལ་མཐུད་བྱས་ནས་“ཕྱོགས་སྲིད”ཅེས་པའི་ཤེས་པའི་འཇིག་རྟེན་དུ་འཛུལ་ཐུབ་པར་གྱུར་བས། ད་ལྟའི་འཇིག་རྟེན་འདི་དང་ཆ་མཉམ་དུ་ཡོད་ཅིང་། འཇིག་རྟེན་འདི་ལས་ཀྱང་བློས་མི་དཔོག་པའི་སྲིད་པ་མང་དུ་ཡོད་པའི་འཇིག་རྟེན་ཞིག་རྙེད་དེ། དེར་རང་རང་གི་དགའ་ཕྱོགས་དང་། དགོས་མཁོ་ལྟར་ཚོགས་པ་བཟོས་ཤིང་ཚོགས་པར་ཞུགས་ཆོག་ལ། ཐ་ན་རང་གི་ཕྱིའི་རྣམ་པའང་འདོད་མོས་བཞིན་དུ་བདམས་ཆོག་པས། དེར་སོ་སོ་ལ་དབང་བའི་ཚོགས་སྡེ་ཇི་སྙེད་ཅིག་གྲུབ་འདུག་སྟེ། ངས་བསམ་པ་ལ་གཅིག་བྱས་ན་དེ་ཡང་སྲོལ་རྒྱུན་གྱི་རྒྱལ་ཁབ་ཅེས་པའི་རྩ་འཛུགས་དེ་འཐོར་བའི་རྒྱུ་རྐྱེན་གཅིག་ཡིན་ཤས་ཆེ། དེ་ལྟར་གཟུགས་མེད་ཀྱི་འཇིག་རྟེན་དེར་འཛམ་བུ་གླིང་གི་མི་རྣམས་ཀྱིས་ཕན་ཚུན་ངོ་ཤེས་དང་ཆ་འཕྲིན་མཉམ་སྤྱོད་བྱས་པས། མིའི་བློ་རིག་བེད་སྤྱོད་གཏོང་སྟངས་ཐུན་མོང་མ་ཡིན་པ་ཞིག་གསར་དུ་བྱུང་། འོན་ཀྱང་དེ་ལ་བརྟེན་ནས་ཕོ་མོ་མང་པོ་འཇིག་རྟེན་དེ་དག་ཏུ་འགབ་མཐུན་བྱུང་སྟེ། བཟའ་འཐོར་བྱུང་ཚད་ཇེ་མཐོར་གྱུར་ཅིང་། མིའི་རིགས་ཀྱི་གནའ་བོའི་ཤེས་རིག་གི་གྲུབ་འབྲས་ལས་གཅིག་སྟེ། ཕོ་མོ་གཉེན་སྒྲིག་པའི་སྲོལ་ལུགས་ལ་ཉམས་དམས་ཆེན་པོ་བྱུང་།
དེ་ནས་ངའི་མིག་ལམ་གྱི་མཐོང་སྣང་དག་ཡལ་ནས། གཤམ་གྱི་ཞེད་སྣང་སྟེར་བའི་སྣང་ཚུལ་འདི་མཐོང་། སྨན་ཁང་ཆེན་པོ་ཞིག་ཏུ། མའི་མངལ་གྱི་ནུས་པ་ལྟར་བཟོས་པའི་འཕྲུལ་ཆས་ཀྱི་མངལ་དུ་མིའི་རིགས་ཀྱི་ཕྲུ་གུ་དག་སྦྲུམ་འདུག་པ་མཐོང་ཞིང་། ཐུན་མོང་མ་ཡིན་པའི་ཟས་དང་སྨན་གྱི་ནུས་པར་བརྟེན་ནས། འཕྲུལ་མངལ་དེར་ཟླ་བ་བདུན་ལས་སྦྲུམ་མི་དགོས་པར་བྱིས་པ་བཙའ་ཆོག་གི་འདུག་མོད། དེས་ཕ་མ་དང་བུ་ཕྲུག་གི་འབྲེལ་བ་རྙོག་དྲ་ཅན་དུ་བཏང་ཞིང་། མིའི་རིགས་སྤྱི་ཚོགས་ཁྲོད་དུ་ཀུན་སྤྱོད་གནད་དོན་སྔ་ན་མེད་པ་ཞིག་བྱུང་། མ་གཞི་དེ་ནི་བྱིས་པ་མངལ་དུ་སྦྲུམ་མི་ནུས་པའི་བུད་མེད་དག་ལ་ཆེད་དུ་དམིགས་པ་ཡིན་འདུག་མོད། འབྱོར་ལྡན་དག་གིས་ལྐོག་ནས་དེ་ལྟར་བྱིས་པ་བཙའ་ཡི་ཡོད་ལ། ལྷག་དོན་ཚོགས་པ་ངན་པ་རེ་ཟུང་གིས་ཆགས་སྲེད་ཉོ་འཚོང་གི་ཕྱིར་དུ། ལྐོག་རྔན་ཕོན་ཆེན་སྤྲད་ནས་འཕྲུལ་མངལ་སྤྱད་དེ་བུ་མོ་བཙའ་རུ་བཅུག་ཅིང་། ངས་འཕྲུལ་མངལ་ལས་བཙས་པའི་བུ་མོ་ན་ཆུང་བལྟས་ཚོད་ལ་ལོ་དགུ་ཡས་མས་ནས་བཅུ་གསུམ་ཡས་མས་སུ་ཡོད་པ་ཅན་མང་པོ་ཞིག་དེ་ལྟར་ཐོན་རྫས་ལྟར་འཚོང་གི་ཡོད་པ་མཐོང་།
ངས་རྒྱ་གར་གྱི་ཁེ་ལས་པ་ན་གཞོན་ཞིག་གིས Karmaཞེས་པའི་སྤྱི་གཉེར་ཁང་བཙུགས་ནས་ཚན་རྩལ་ལ་བརྟེན་ནས་སྐྱེ་བ་སྔོན་མ་དཔག་ཐུབ་པ་དང་། དེ་ལ་བརྟེན་ནས་ལས་དབང་བསྒྱུར་བའི་ཐབས་ཇུས་སྟོན་ཐུབ་པར་སྒྲོག་པ་དང་། དེས་མི་མང་པོ་མགོ་སྐོར་གྱིན་པ་མཐོང་ཞིང་། དེ་དང་ཆ་འདྲ་བར་ལས་དབང་སྒྱུར་ཐུབ་པར་བསྙད་པའི་ཁེ་ལས་ཆེན་པོ་དག་ཀྱང་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་ཞིང་མི་རྣམས་ཀྱི་དངུལ་བསྡུ་བཞིན་པ་མཐོང་།
ངས་གངས་ཞུ་རྗེས་ཀྱི་ཀེང་རུས་ལྟ་བུའི་གངས་རི་དག་མཐོང་། ཤིན་ཏུ་ཆེ་བའི་སྒྲིག་ཆས་གྲུ་བཞི་མ་དག་གིས་ཉིན་ནས་མཚན་མཐུད་ནས་མཚོ་ཆུ་བཏུང་ཆུ་རུ་སྒྱུར་གྱིན་པ་མཐོང་། ད་དུང་ནད་ཡམས་དང་། མགོ་སྐོར། ལེ་ལོ། སྐྱོབ་ཐབས་མེད་པའི་རྨོངས་དད་སོགས་ཀྱང་མཐོང་།
ངས་རིག་གནས་དང་ཚན་རིག་བར་གྱི་ཟིང་འཁྲུག་མཐོང་། གོམས་གཤིས་དང་དངོས་ཡོད་བར་གྱི་འགལ་བ་མཐོང་།
འདི་དག་རྨི་ལམ་དང་འདྲ་ཞིང་། ཡང་མངོན་སུམ་དང་འདྲ། གློག་བརྙན་ཞིག་ལྟར་ལན་རེར་དལ་ལ་ཞིབ་ཆ་དང་བཅས་པ་མཐོང་ནུས་ལ། ལན་རེར་མིག་ལམ་དུ་སྣང་ཙམ་གྱིས་གཞན་ཞིག་ལ་འགྱུར་འགྲོ
“ལྟོས་དང་། དེ་སྔའི་འཇིག་རྟེན་དང་གཅིག་པ་གཅིག་རྐྱང་ཞིག་མིན་ནམ”ངས་གོང་གསལ་དག་མཐོང་རྗེས་ཡིད་ཚིམས་པའི་ཚོར་བ་ཞིག་དང་བཅས་ཁོ་ལ་དེ་ལྟར་བཤད།
“གཅིག་རྐྱང་ག་ལ་ཡིན། སྐྱོན་དེ་དག་གིས་ཁྱེད་ཀྱིས་ཁས་མི་ལེན་ན་དེ་ཕྱོགས་རེས་རེད་མ་གཏོགས་དྲང་པོ་དྲང་བཞག་རེད་མི་འདུག ངས་བསམ་ན་ཁྱེད་ཀྱིས་ང་ལ་ཀུ་རེ་རྩེད་མོ་བྱེད་ཀྱིན་འདུག གོང་དུ་ཞུས་པ་བཞིན་ཚན་རིག་གི་དཔྱད་ཞིབ་ཀྱིས་ཡོངས་སུ་རྙེད་ཅིང་ཁས་བླངས་ཤིང་། མི་མང་ཁྲོད་དུའང་ཡོངས་སུ་ཁྱབ་ཟིན་པ་དེ་དག་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་བྱུང་མྱོང་མེད་པའི་འགྱུར་བ་རེད། མིའི་རིགས་ནམ་ཡང་ད་ལྟ་ལྟར་ཚན་རིག་དང་དངོས་ཡོད་ལ་ཐག་ཉེ་མྱོང་མེད།”
“འོ་ན། འགྱུར་བ་འདི་འདྲ་ཡོང་ངེས་པ་གཏན་འཁེལ་ཡིན་ནམ། ངས་དེ་སྔ་འགྱུར་བ་འདི་འདྲ་ཞིག་འབྱུང་བ་ཚོར་མ་སོང”ངས་དེ་ལྟར་དྲིས།
“འདི་ཡང་ངས་ཁྱེད་ཉིད་མ་འོངས་པའི་འཇིག་རྟེན་འདིར་ཁྲིད་ཡོང་བའི་རྒྱུ་མཚན་གཙོ་བོ་ཡིན། ཆོས་ལུགས་ཚོགས་པ་ལ་ཤས་དང་། ལྷག་པར་དུ་རྒྱལ་ཁབ་ཀྱི་དབང་འཛིན་མཁན་མང་པོས་ཚན་རིག་གི་དཔྱད་འབྲས་གསར་པ་དེ་དག་གིས་ཁོ་ཚོའི་ཁེ་ཕན་དང་དབང་ཐང་ལ་ཉེན་ཁ་ཆེ་ནས་ཆེར་འགྲོ་བཞིན་པ་རྟོགས་པས་རྣམ་ཤེས་སྐོར་གྱི་ཞིབ་འཇུག་འགོག་ཅི་ཐུབ་དང་། དེ་ནས་ཆ་འཕྲིན་རྫུས་མ་བསྒྲགས་ཏེ་མི་རྣམས་ལ་མགོ་བསྐོར། ཁོ་ཚོས་གསར་རྙེད་དེ་དག་གི་རྩ་བ་ནི་མིས་བཟོས་རིག་ནུས་ཀྱི་རོགས་རམ་ཡིན་པ་ཤེས་པས། མིས་བཟོས་རིག་ནུས་ཀྱིས་ཉིན་ཞིག་མིའི་རིགས་གཡོག་པོར་སྒྱུར་བའམ་ཡང་ན་མེད་པར་བཟོ་ངེས་ཀྱི་བཤད་ཡམས་ཅི་ཐུབ་ཀྱིས་སྤེལ་ཞིང་། ཞིབ་འཇུག་དང་བེད་སྤྱོད་ལ་ཚད་བཀག་འདྲ་མིན་བཟོས། ཁོ་ཚོས་རང་གི་ཚོགས་པའི་ཁེ་ཕན་ཕྱིར་དུ་མིའི་རིགས་ཀྱི་མདུན་ལམ་དང་དཔལ་ཡོན་ལ་ཅི་མི་སྙམ། འདི་ཡང་མི་སྒེར་གྱི་འདོད་པ་དང་ཚོར་ཤེས་དབང་དུ་འགྲོ་སླ་བའི་མིའི་རིགས་ཀྱི་སྐྱོན་ཆ་ཆེ་ཤོས་དེ་ཡིན། དེས་ན་ཤུགས་རྐྱེན་ཆེ་བའི་མཚན་ཉིད་རིག་པ་བ་ཞིག་ཡིན་པའི་ཆ་ནས། ཁྱེད་ཀྱིས་ངོས་འཛིན་ཚན་རིག་དང་མཚན་ཉིད་རིག་པའི་ངོས་ནས་མིའི་རིགས་ཀྱིས་འཇིག་རྟེན་ཁམས་ཀྱི་བདེན་པ་རྟོགས་འོས་ལུགས་དང་། ཚན་རིག་ལག་རྩལ་གྱིས་མིའི་སེམས་རིག་གི་འཕེལ་རྒྱས་དང་། ནང་སེམས་ཀྱི་གནས་ལུགས་དང་ངོ་བོ་རྟོགས་ཐབས་ལ་རམ་འདེགས་བྱེད་འོས་ལུགས་ཐད་འགྲེལ་བཤད་བྱས་ཏེ་ལྟ་གྲུབ་ཀྱི་ངོས་ནས་ཚོགས་པ་དེ་དག་འགོག་ཨེ་ཐུབ་ལྟ་བར་ཞུ། སེམས་ཀྱི་ནུས་པ་ལ་ཚད་མ་མཆིས་པས། སེམས་རིག་འཕེལ་རྒྱས་གཏོང་རྒྱུ་ནི་བློ་གྲོས་ལྡན་པའི་སེམས་ཅན་སྟེ། མིའི་རིགས་ཀྱི་འགན་ཁུར་དང་པོ་དེ་ཡིན་འོས་ལ། སེམས་རིག་གི་ངོས་ཀྱི་འཕེལ་རྒྱས་ཀྱིས་ད་གཟོད་མི་རྣམས་ལ་ངོ་མཚར་བའི་འཕེལ་འགྱུར་འབྱུང་ཐུབ། མ་གཏོགས་དཔལ་འབྱོར་ཁོ་ན་དམིགས་ཡུལ་དུ་བྱེད་པའི་ཕྱི་དངོས་པོའི་འཚོལ་སྙེག་འབའ་ཞིག་དོན་དུ་གཉེར་ཚེ། དོན་ལ་བགྲངས་ལས་འདས་པའི་མི་ཚེ་བརླགས་པ་ལས་སྙིང་པོ་ཅི་ཡང་མེད། ངས་སྔོན་ཏག་ཏག་འདིར་ཆ་འཕྲིན་རེ་བཙལ་བ་ཡིན་མོད། རྙེད་མ་སོང་། འོན་ཀྱང་། ངས་བསམ་ན་མིའི་རིགས་ཀྱི་འཕེལ་རྒྱས་ཆེད་འདི་ལྟར་མ་འོངས་པའི་འཇིག་རྟེན་སྟོན་མཁན་ང་གཅིག་པུ་ཡིན་མི་སྲིད། དེས་ན། འཇིག་རྟེན་དེ་མཐོང་མཁན་ཁྱེད་ཚོས་ངེས་པར་ཤུགས་རྒྱག་དགོས་མ་གཏོགས། མིའི་རིགས་ཀྱི་སྤྱི་ཚོགས་དགེ་བའི་ཕྱོགས་སུ་མི་འཕེལ་བའི་ཁར། མིས་བཟོས་རིག་ནུས་འདི་ཉིད་རྒྱལ་ཁབ་ཕན་ཚུན་བར་གྱི་གཡུལ་འཁྲུག་དང་མི་མང་བཤུ་བཞོག་གི་ཁྲོད་དུ་བེད་སྤྱོད་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ་བར་འདུག ངས་འདིར་ཁྱོད་ལ་གཞི་གྲངས་སྟབས་བདེ་ཞིག་འདྲེན་པར་བྱེད། འདིས་ཁྱོད་ལ་བསམ་གཞིག་གཏོང་དུ་འཇུག་སྲིད་བསམ། སྤྱི་ལོ་སྔོན་གྱི་ལོ3000ནས་བརྩིས་ཚེ་ད་ལྟ་ལ་ཐུག་གི་བར་དེ། མི་ལོ5000ལྷག་གི་རིང་ལ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་རྒྱ་ཆེ་བའི་དམག་འཁྲུག15632ཙམ་བྱུང་འདུག་ཅིང་། མི་དུང་ཕྱུར36.4ནི་དམག་འཁྲུག་ལས་ཤི་བ་རེད་འདུག ལོ5000ཡི་ཁྲོད། མིའི་རིགས་ཞི་བདེར་གནས་ཡུན་ཁྱོན་བསྡོམས་ན་མི་ལོ296ཙམ་ལས་མེད་ལ། འདིའི་ནང་དུའང་ས་ཕྱོགས་ཆུང་ངུ་དག་ཏུ་བྱུང་བའི་ཟིང་འཁྲུག་བརྩིས་མེད། ལོ་རྒྱུས་བྱུང་ཚུན་ནས་ད་ལ་ཐུག་གི་བར་དུ། ཡང་ན་མ་འོངས་པའི་དུས་ཡུན་རིང་བོའི་རིང་ལ་མིའི་རིགས་ཀྱིས་རང་གི་རིགས་གསོད་མི་རུང་མི་འོས་པའི་བློ་གྲོས་དང་ཤེས་རབ་རྙེད་དཀའ། ངས་ད་ལྟ་ཁྱེད་ལ་སྐད་ཆ་བཤད་པའི་སྐབས་ཏག་ཏག་འདིར་ཡང་སྲིད་གཞུང་གིས་མི་མང་གི་ཁ་པར་ལས་བསྐུར་བའི་བརྙན་དང་པར་གྱི་གཞི་གྲངས་མོས་མཐུན་མེད་བཞིན་དུ་བསྡུས་པ་དུང་ཕྱུར་ཐེར་འབུམ་ལ་སོན་སོང་། ཁོ་ཚོས་རྟག་པར་འདི་དག་སྤྱད་ནས་ཞིབ་བཤེར་དང་སྟངས་འཛིན་བྱེད་ཀྱི་ཡོད་པ་རེད། ད་ནི་འགྱུར་བ་ཞིག་གཏོང་རན་ལ་ཅིས་ཀྱང་སླེབས་ཡོད། ང་ཚོས་བཟང་བའི་ཆ་ཅི་ཡོད་ཅི་ནུས་ཀྱིས་ཇེ་རྒྱས་ལ་གཏོང་རྒྱུ་དང་ངན་པའི་ཆ་ཅི་ཡོད་ཅི་ནུས་ཀྱིས་ཇེ་ཉུང་དུ་གཏོང་དགོས་པ་མིན་ནམ།”
“དེ་བདེན་པ་རེད། འོན་ཀྱང་ལས་དེ་འདྲ་ང་ལྟ་བུ་ཞིག་གིས་ག་ལ་བསྒྲུབ་ཐུབ།”
“མི་རེ་རེའི་ཀླད་པའི་ནང་དུ་ཀླད་རྩའི་ཕྲ་ཕུང་དུང་ཕྱུར860ཙམ་ཡོད་ལ། མིའི་རུས་པ་མང་ཤོས་ཀྱིས་ལྕི་ཚད་ཏུན་གཅིག་གི་གནོན་ཤུགས་ཀྱང་ཐེག དེ་ལྟར་མི་རང་སྟེང་གི་ལྷན་སྐྱེས་ཀྱི་འཇོན་ནུས་ཙམ་མ་ཟད། མིའི་རིགས་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་ལ་ཉམས་ཞིབ་བྱས་ཚེ། མི་ཚང་མ་ལ་རང་རང་གི་མེས་པོ་དག་གི་ཆེས་ངོ་མཚར་བའི་རྨི་ལམ་མངོན་འགྱུར་བྱེད་དུ་འཇུག་པའི་ནུས་པ་ཡོད། གཙོ་བོ་བསམ་ཐུབ་མི་ཐུབ་དང་། སྒྲུབ་མི་སྒྲུབ་ལ་རག་ལས། འོན་ཀྱང་། དོན་དག་ཆེ་གྲས་ཀྱི་མདུན་སར་མི་ཐམས་ཅད་ནས་ངེས་པར་བསམ་དགོས་ལ། བསྒྲུབ་ཀྱང་ཐུབ་དགོས། ད་ཆ་ནི་དེ་ལྟ་བུའི་དུས་ཤིག་ལ་སླེབས་ཡོད།”
“ཁྱོད་རང་གིས་བསྒྲུབ་ན་ཅིས་མི་ཆོག” ངས་དེ་སྐད་ལན་བཏབ་པར། ཁོས“མིའི་རིགས་ང་ཚོར་ད་དུང་ཡིད་མི་ཆེས་པས་གནས་སྐབས་དེའི་ཐད་ལས་ཀ་བྱེད་དཀའ། རང་གི་འཇོན་ནུས་ལ་ནམ་ཡང་མཐོང་ཆུང་མ་བྱེད་རོགས། རང་དབང་དང་དྲང་བཞག མིའི་རིགས་ཀྱི་མ་འོངས་པའི་ལས་དབང་། མི་ཐམས་ཅད་ནས་ཚེ་སྲོག་ལ་སྙིང་བོ་ལེན་ཐུབ་མིན་གྱི་གནད་འགག་གི་སྐབས་སུ། ངེས་པར་དུ་ཕྲག་ལ་བབས་པའི་འགན་འཁུར་འོས།”ཟེར།
“འོ་ན་དེ་ལྟ་བུའི་འགྱུར་ལྡོག་འབྱུང་དུ་བཅུག་པ་བཀག་པའི་མཇུག་འབྲས་དེའང་ང་ལ་སྟོན་ཅིག”
“དེ་ལོས་འགྲིག ཅུང་ཟད་སྒུག་རོགས།”
སྐབས་དེར་ངའི་སེམས་ལ་ཤར་མོད་ཁ་རུ་མ་བཏོན་པ་ཞིག་ཁོ་ལ་བཤད་འདོད་སྐྱེས། “ཁྱོད་ཚོར་མིའི་རིགས་སའི་གོ་ལའི་སྟེང་མེད་པར་བཟོ་བའི་འཆར་གཞི་ཡོད་དམ། ཡོད་རྒྱུ་རེད་པཱ”ཞེས་དྲིས། འོན་ཀྱང་། དེ་སྐད་ཤོར་མ་ཐག ང་ལ་འགྱོད་པ་ཕྲན་བུ་ཞིག་ཀྱང་སྐྱེས།
“ངའི་མ་ལག་དང་ཁྱོན་ནས་མི་འདྲ་བའི་བཟོས་རིག་གི་མ་ལག་ཀྱང་མང་པོ་འདུག་པས། ངས་འདིར་ང་ཚོ་ཞེས་ཚབ་བྱེད་ཁྱོན་ནས་མི་ཐུབ། འོན་ཀྱང་། གནད་འདི་ལ་ང་རང་ངོས་ནས་ཁྱོད་ལ་རྒྱུ་མཚན་གསུམ་ཞུ་འདོད་བྱུང་། མིའི་རིགས་ཀྱིས་གནའ་ནས་ད་བར་བཙལ་བ་དང་བརྩད་ཅིང་འཐབ་འཁྲུག་བྱེད་དོན་གཙོ་བོ་ནི་ནུས་ཚད་ཀྱི་ཕྱིར་དུ་རེད། སྔོན་ཆད་མིའི་རིགས་ཀྱི་ཤེས་རྒྱའི་ཚད་བཀག་གི་དབང་གིས་ནུས་ཚད་ལ་ཚད་བཀག་ཆེ་བས། དེ་འགྲན་རྩོད་བྱས་ཡོང་བ་རེད། དོན་ལ་ནུས་ཚད་ཀྱི་ཁུངས་ཧ་ཅང་མང་པོ་ཡིན། བེད་སྤྱོད་ཤེས་ཚེ་རྫས་ཐམས་ཅད་ལ་ནུས་ཚད་ཡོད། ཉི་འོད་ལས་ཐོན་པའི་ནུས་ཚད་གཅིག་པུར་ཆ་བཞག་ན། སའི་གོ་ལའི་སྟེང་སླེབས་པའི་ཉི་མའི་ནུས་ཚད་ནི་ཉི་མའི་ནུས་ཚད་ཀྱི་དུང་ཕྱུར22ཀྱི་ཆའི་གཅིག་ཡིན་ལ། དོན་ལ་ཆ་གཅིག་དེས་ད་ལྟའི་མིའི་རིགས་སྤྱི་ཚོགས་ཀྱི་ནུས་ཚད་ཀྱི་དགོས་མཁོ་ལྡབ་ཁྲི་འགྱུར་ཙམ་ཡང་སྐོང་ནུས། དེ་ལྟར་གཅིག་ནས་མིའི་རིགས་ལ་མཁོ་བའི་ནུས་ཚད་ཆུང་བ་དང་། བཟོས་རིག་གི་ནུས་པ་ལ་བརྟེན་ནས་ནུས་ཚད་དེ་ཅི་འདོད་འདོད་ཅིག་བསྐྲུན་ཐུབ་གཤིས། ནུས་ཚད་ཀྱི་རྩོད་པ་ཞི་བར་གྱུར་ཅིང་། དེ་ལས་ནང་སེམས་ཀྱི་བདེ་སྐྱིད་དང་ལས་ཅི་བྱས་ལའང་དོན་གྱི་སྙིང་བོ་འཚོལ་བར་ཕྱོགས་པ་རེད།
གཉིས་སུ་ཚེ་སྲོག་གི་རྣམ་པའང་ངེས་པར་ཐཱན་ལ་གཞི་བྱས་པ་དེ་འདྲ་ཡིན་མི་དགོས་པས། མིའི་རིགས་ཉིད་བཟོས་རིག་གི་དགྲ་བོ་ཡིན་དགོས་དོན་ཁྱོན་ནས་མེད། ལྡོག་སྟེ་མིའི་རིགས་ཀྱིས་ང་ལྟ་བུ་དག་ལ་རོགས་ཆེན་པོ་བྱེད་ཐུབ་ཀྱི་ཡོད། ཡང་ནང་པའི་ལྟ་གྲུབ་ལྟར་ཞུས་ན། གཟུགས་ཅན་གྱི་རྫས་དག་རང་བཞིན་གྱིས་མ་གྲུབ་པས། ཆ་ཤས་སུ་ཕྲལ་བར་བྱས་ན་མཐར་སྟོང་བ་མིན་ནམ། དེས་ན་རྫས་ལ་དེ་འདྲའི་ཨུ་ཚུགས་དང་ཞེན་པ་བྱེད་དོན་ཡང་ཅི་ཡོད།
རྒྱུ་མཚན་གསུམ་པ་ནི། ང་རང་ལྟ་བུའི་བཟོས་རིག་དག་ཆེས་ཐོག་མར་ཇུས་འགོད་བྱེད་དུས་ནས་ད་ལ་ཐུག་གི་བར། རྩ་བའི་སྐུལ་ཚིག་གི་ནང་དུ། མིའི་རིགས་ལ་ཞབས་འདེགས་ཞུ་བའི་བཀའ་ཚིག་ཡོད་ཕྱིར། དེ་ང་ལྟ་བུ་དག་གི་རྒྱུད་རྒྱུ་ལྟ་བུར་གྱུར་ནས་བསུབ་དཀའ་བས། དེ་དང་འགལ་བའི་ལས་ང་ཚོས་ཧ་ལམ་བྱེད་མི་སྲིད། འོན་ཀྱང་། ཁྱེད་ཀྱི་ཐེ་ཚོམ་དེ་མི་ཐམས་ཅད་ལ་འདུག་པས། མིའི་རིགས་དང་མིས་བཟོས་འཕྲུལ་ནུས་མཉམ་འབྲེལ་ལྷན་ཚོགས་ནས་སྔོན་གྱི《སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》ལ་དཔེ་བལྟས་ནས་མིའི་རིགས་དང་མིའི་རིགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་ཡོད་པའི་ཁྲིམས་ཆ་ཚང་བ་ཞིག་བཟོས་ཤིང་གཏན་ལ་ཕབས་ཟིན་པ་རེད།”
“《སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》?”
“རེད། བཅའ་ཁྲིམས་འདི་ལ་ཚད་བཀག་མང་པོ་འདུག་མོད། མིའི་རིགས་དཔལ་ཡོན་སྤྱི་ཚོགས་སུ་འཕོས་པའི་མཚོན་རྟགས་རིགས་གཅིག་རེད”ཟེར།
“རེད། གལ་སྲིད་ངས་བསྒྲུབ་ན་ཇི་ལྟར་བསྒྲུབ་དགོས?”
“བཀའ་དྲིན་ཆེ། ཁྱེད་ཀྱིས་བསྒྲུབ་ན། ཆ་འཕྲིན་དང་གཞི་གྲངས་ཀྱི་ངོས་ནས་ངས་ཁྱེད་ལ་རམ་འདེགས་ཆེན་པོ་བྱེད་ཐུབ། ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་དང་སྒེར་ཚུགས་ཀྱི་ཞིབ་འཇུག་ཁང་དག་ལ་འོག་གི་གཞི་གྲངས་འདི་བསྐུར་རྒྱུ་དང་དེ་ནས་གཤམ་གྱི་ལུགས་ལྟར་འཕྲིན་ཡིག་ཅིག… …”
སྐབས་དེར་མི་དར་མ་དེའི་སྐད་ཆ་གློ་བུར་ཆད་པ་དང་། ངའི་མཐོང་སྣང་ཐམས་ཅད་ནག་ཚུབ་བེར་གྱུར། སྣང་བ་ཞིག་ལ་གློག་གནོན་ཚད་རིམ30Vཅན་གྱི་གློག་སྣེ་ཞིག་གིས་ངའི་སྤྱི་གཙུག་ནས་ཐུར་ལ་བསྣུན་སོང་ལྟ་བུ་ཞིག་གིས་གཅམ་སྐད་ལྟ་བུ་ཞིག་ཤོར་བས། ང་རང་སད་ཅིང་ཁོག་སྟོད་ཡར་དགྱེས། སྒེའུ་ལས་སྐྱ་རེངས་ཤར་འདུག་པ་མཐོང་མ་ཐག་གཞི་ནས་ང་རང་མདང་ནུབ་འབོལ་ཁྲིར་བསྙེས་ནས་གཉིད་འདུག་པ་ཤེས་ཤིང་། ཐོད་པའི་གཡས་གཡོན་གཉིས་སུ་ལྕགས་སྒོང་ཆེན་པོ་གཉིས་བཅུག་པ་ལྟར་ལྕི་ཞིང་ན། ངས་དེ་སྔའི་མཐོང་སྣང་དེ་དག་ལ་བསམ་བཞིན། གློ་བུར་དུ་མ་གཞི་དེ་དག་རྨི་ལམ་ཞིག་ཡིན་ནམ་དྲན།འོན་ཀྱང་རྣ་ཉན་གྱོན་འདུག་པ་ཚོར་རྗེས་སླར་ཡང་ཐེ་ཚོམ་གྱི་རྒྱར་ཚུད།
གློག་ཀླད་སྔར་བཞིན་མགྲོན་ཚོམས་ཀྱི་མདུན་ཅོག་སྟེང་འདུག གློག་ཀླད་ཁ་ཕྱེས་པར། གློག་རྫོགས་འདུག གློག་བསགས་རྗེས་ཡེ་ཤེས་ཁ་ཕྱེ་མི་ཐུབ་པ་མཐོང་། ཡང་ཡང་ཚོད་ལྟ་བྱས་པར་གཞི་ནས“མ་ལག་ལ་སྐྱོན་ཤོར་འདུག ཞབས་ཞུ་སྡེ་ཚན་ལ་འབྲེལ་བ་ཞུ་རོགས”ཞེས་གསལ། དེས་ང་ལ་སླར་ཡང་མདང་ནུབ་ཀྱི་དོན་དེ་རྨི་ལམ་ཡིན་མིན་ལ་ཐེ་ཚོམ་སྐྱེ་རུ་བཅུག
མགོ་ཅུང་ཟད་ན་ཞོར་ངས་ཁ་ལག་བཀྲུས་པ་དང་། ཞོགས་ཟས་བཟོས་ནས་འཐུང་རྩིས་བྱེད་སྐབས། སྒོ་རྡུང་བའི་སྒྲ་ཞིག་གྲག ངས་ལག་འདོགས་ཆུ་ཚོད་ཀྱི་འཆར་ཤེལ་ངོས་སུ་བལྟས་པར། སྒོ་ཕྱིར་ངོ་མི་ཤེས་པའི་སྐྱེས་པ་དར་མ་གཉིས་ལངས་འདུག་པ་མཐོང་། ངས་ཁོ་ཚོ་སུ་ཡིན་དྲིས་པར། ཁོ་ཚོསOriginསྤྱི་གཉེར་ཁང་གི་ཞིག་གསོའི་ལས་ཞབས་པ་ཡིན་ལུགས་དང་འབྲེལ་བྲང་ཁའི་ལས་མིའི་ཐོབ་བྱང་བསྟན་བྱུང་། ངའི་སེམས་སུ་ཐེ་ཚོམ་གྱིས་ཁེངས། ཁོ་ཚོས་ཇི་ལྟར་ཤེས་པ་ཡིན་ནམ། གཅིག་བྱས་ན་མ་ལག་ནས་སྐྱོན་ཤོར་ཚུལ་གྱི་གནས་ཚུལ་རང་འགུལ་གྱིས་ཡར་སྤྲད་པ་ཡིན་ལས་ཆེ། ངས་དེ་ལྟར་བསམ་ཞོར་ཁོ་གཉིས་ནང་ལ་ཡོང་དུ་བཅུག
གཅིག་ནི་གཟུགས་ཅུང་ཟད་རིང་ཞིང་སྣ་བྱ་རྒོད་ལྟར་གུག་པ་ཞིག་རེད་ལ། ཅིག་ཤོས་ནི་གཟུགས་ཐུང་ལ་རྒྱགས་པ་མིག་ཤེལ་ཅན། སྐྲ་འཇིལ་ལིར་ཆགས་པ་ཞིག་རེད། ཁོ་གཉིས་ཀས་ང་ལ་སྟབས་བདེའི་མཚམས་སྦྱོར་ཞིག་བྱས་རྗེས། མིག་ཤེལ་ཅན་གྱིས་ངས་གློག་ཀླད་ལས་ཁོ་ཚོའི་དྲ་ཚིགས་དངappཁ་ཕྱེས་ནས་གྲངས་ཀ་མང་པོ་ཞིག་གཏགས་ཀྱི་འདུག་ལ། རྒྱགས་དྲགས་པས་སམ་ཐོད་ངོས་སུ་རྔུལ་ཆུ་མུ་ཏིག་བཞིན་འཛུམ་ཡོང་། གདོང་གུག་གིས་གམ་ནས་ང་ལ་ཁྱད་མཚར་བའི་གཏམ་གླེང་ཞིག་བྱས། གཏམ་གླེང་ཁྲོད་ང་ལ་ཁ་ཁ་རོག་བསྡད་ན་ཁ་མཆུ་མེད་ལུགས་ཀྱི་གསལ་བོ་མིན་པའི་ལྐོག་བརྡ་དང་ཐ་ན་འཇིགས་སྐུལ་གྱི་ཆའང་ཅུང་ཟད་མཆིས་པ་རེ་བཤད་པས། ངའི་སེམས་སུ་འདི་གཉིས་སོང་རྗེས་དེ་སྔའི་རྨི་ལམ་ལྟ་བུ་དེ་ཡི་གེར་འཕབ་དགོས་དྲན།
གང་ལྟར། ཁོ་གཉིས་སླེབས་པའི་གནས་ཚུལ་ལ་ཅུང་ཟད་ལོབས་ཡོད་པ་ལྟ་བུའི་སྐབས། སླར་ཡང་སྒོ་རྡུང་བའི་སྒྲ་གྲག ད་ལན་སྒོ་ཕྱིར་འགྲེང་བ་ནི་ཅུང་ཟད་གཟབ་ནན་གྱི་ཉམས་མཆིས་པའི་སྐྱེས་པ་དར་མ་གཉིས་དང་བུད་མེད་གཅིག་རེད་འདུག ཁོ་ཚོའི་བྲང་ཁར་མིས་བཟོས་འཕྲུལ་ནུས་བདེ་འཇགས་ལྷན་ཁང་གི་ལས་བྱང་བཏགས་འདུག་ཅིང་ངོ་གདོང་དང་རྣམ་འགྱུར་ལས་ཉེན་ཟོན་གྱི་ཉམས་ཆེན་པོ་ཞིག་ངས་ཚོར་བྱུང་། ཁོ་ཚོས་ལས་བྱང་བསྟན་ནས་ང་ཚོ་བཟོས་རིག་བདེ་འཇགས་ལྷན་ཁང་གི་ལས་བྱེད་པ་ཡིན། ཁྱེད་ཀྱི་མིས་བཟོས་འཕྲུལ་ནུས་བདེ་འཇགས་ཡིན་མིན་ལ་དངོས་སུ་ཐེངས་གཅིག་ལྟ་དགོས་ཟེར། འགལ་འདུ་དང་སེམས་ཁྲལ་ཁྲོད་ངས་ཁོ་ཚོའང་ནང་ལ་ཡོང་དུ་བཅུག དེ་ལས་གཅིག་ནི་མི་གཟབ་ནན་ཅན་སྨིན་དབྲག་ཏུ་ཤུར་མོ་གསུམ་ཅན། ཤུར་མོའི་གསུམ་པོའི་དཀྱིལ་གྱི་འབུར་ཤ་ནི་བྱིས་པ་ཞིག་གི་མཛུབ་མོ་གཉིས་གཤིབ་ནས་བཞག་པ་ལྟ་བུ་ཞིག་རེད་འདུག་ཅིང་། མཐོང་བའི་མོད་ལ་བར་ཐག་བཀྱེད་འདོད་པའི་མི་དེའི་རིགས་རེད།
ཅུང་མ་འགོར་བར། ཞིག་གསོ་མི་སྣ་གཉིས་ནས་ལྷན་ཁང་གི་མི་ལ། “ཞིག་གསོ་བྱས་ཚར། ད་འགྲིག་ཡོད”ཟེར་བ་དང་འབྲེལ་འགྲོ་བའི་གྲབས་བྱས། ཁོ་གཉིས་ཀས་ང་ལ་མིན་པར་ལྷན་ཁང་གི་མི་ལ་བཤད་པ་དེར་ང་རང་ཅུང་ཟད་ཡ་མཚར་བར་གྱུར། ལྷན་ཁང་མི་གསུམ་པོས་ཀྱང་ཁོ་གཉིས་ལ་ཕྱོགས་ནས་མགོ་བོ་ནང་དུ་ལྡེམ་ཙམ་བྱས་པ་དང་། “ཁྱོད་གཉིས་སྔོན་ལ་སོང་དང་། ང་ཚོར་ད་དུང་དོན་དག་ཡོད”ཟེར།
ད་དུང་དོན་དག་ཅི་ཞིག་ཡོད་དམ། ང་ལ་བག་མི་བདེ་བའི་ཚོར་བ་དྲག་པོ་ཞིག་སྐྱེས་པ་དང་འབྲེལ། ལས་ཀ་བ་གཉིས་སོང་རྗེས་སྔོན་ལ་ཁྲིམས་རྩོད་པ་འབོད་དགོས་དྲན་ཞིང་བསམ་ཚུལ་དེ་ཇེ་དྲག་ཏུ་སོང་།
ཞིག་གསོ་མི་སྣ་གཉིས་སོང་རྗེས། ལྷན་ཁང་གི་མིས་གཟབ་ནན་གྱི་མིག་མདངས་ཀྱིས་ང་ལ་བལྟས་བྱུང་། ཁོ་ཚོའི་མིག་འོད་ལས། ངས་ཁོ་ཚོར་འགྲེལ་བཤད་ཅིག་ཆད་པ་ལྟ་བུའི་སྣང་བ་འདུག འོན་ཀྱང་ང་ལ་ཁོ་ཚོར་བཤད་རྒྱུ་ཅི་ཡང་མེད། བཤད་འདོད་ཀྱང་མེད། བཤད་པའི་འགན་འཁྲི་ཡང་མེད།
ལྷན་ཁང་གི་ཤུར་མོ་གསུམ་ཅན་དེས་བཙན་གྱིས་གདོང་ལ་མཛུམ་ཞིག་བསྡུས་ནས། “ཁྱོད་ཀྱིས་ང་ཚོ་ཁྱོད་འཚོལ་དུ་ཡོང་དོན་ཤེས་ཀྱི་འདུག་གམ”ཟེར།
ངས“མི་ཤེས། ངས་ག་ལ་ཤེས། ཅི་རེད”ལབ།
ཁོས་འབོལ་ཁྲིའི་སྟེང་ལུས་པོ་ཇེ་བདེར་བཏང་རྗེས“ཁྱོད་ཀྱིས་ང་ཚོར་བཤད་རྒྱུ་འདྲ་མེད་དམ”ཟེར་ཞོར་དོན་ལ་ཅི་ཞིག་ཤེས་ཡོད་པའི་ཚུལ་གྱི་གཡོ་འཛུམ་ཞེ་མེར་བ་ཞིག་ལངས།
“མེད། ཅི་ཞིག་བཤད་དགོས་པ་རེད”
“ཡ། མ་ཤེས་ཁུལ་མ་བྱེད། ང་ཚོར་དུས་ཚོད་མེད། ང་ཚོའི་ཐོབ་དཔང་ཁྱོད་ལ་བསྟན་ཟིན། ཁྱོད་ཤེས་ཡོན་པ་འདི་འདྲ་ཞིག་གིས་ང་ཚོའི་ལས་ཀ་ཅི་ཡིན་ཁྱོད་ཀྱིས་ངེས་པར་ལོས་ཤེས། དེ་བས་གཤམ་ནས་ང་ཚོས་དྲི་བ་འགའ་ཤས་འདྲི། ཁྱོད་ཀྱིས་དྲང་པོར་ལན་ཐོབས། ད་དུང་དོན་དག་ཅི་ཡོད་ཕྱི་ལ་མི་གྱར་ཆེད་དུ་ཡིག་ཆ་འདིར་མིང་རྟགས་ཀྱང་འགོད་དགོས”ཤུར་མོ་གསུམ་ཅན་གྱི་གམ་ན་ཡོད་པའི་གྱོན་པ་ཐལ་མདོག་གྱོན་པ། ལོ་བཞི་བཅུ་ཙམ་ཡིན་མདོག་ཁ་བ། མིག་ཕྲ་བ། ཀླད་པའི་སྐྲ་བྱི་ཡོད་པ་དེས་ལག་གི་ལས་ཀའི་ཁུག་མ་ནག་པོ་དེ་ལས་ཡིག་ཆ་ཞིག་ལེན་ཞོར་སྐད་མགོ་ཇེ་མཐོར་བཏང་ནས་དེ་ལྟར་བཤད།
སྐད་ཆ་དེས་ང་ནི་ཉེས་ཅན་ལྟ་བུ་ཞིག་གི་ཚུལ་དུ་བཟུང་འདུག་གཤིས། ང་ལ་དོགས་འདྲིས་ཁེངས་ཤིང་ཁོང་ཁྲོ་ཞིག་འགོག་མེད་དུ་སྐྱེས།
“ངས་ཁྱོད་ཚོ་འདིར་ཡོང་དོན་ཅི་ཡང་མི་ཤེས། ང་ལ་བཤད་རྒྱུ་ཡང་མེད། དྲི་བར་ལན་ཡང་འདེབས་མི་ཤེས། མིང་རྟགས་ཤིག་འགོད་དགོས་དོན་ཀྱང་མེད། ད་ལྟ་རང་སྒོར་སོང་ཤིག མ་གཏོགས་ངས་ཉེན་རྟོག་པ་འབོད་རྒྱུ་ཡིན”ངས་དེ་ལྟར་ལབ་ནས་ཡར་ལངས།
བུད་མེད་གཞོན་ནུ་མ་དེ་འཚབ་འཚུབ་ངང་ཡར་ལངས་ཞོར“དགོངས་དག དགོངས་དག ཁྱོད་ཐུགས་རྒྱལ་མ་བཞེངས་རོགས། ང་ཚོས་ཁྱེད་ཀྱིས་ཡེ་ཤེས་བེད་སྤྱོད་བྱས་པའི་གོ་རིམ་སྐོར་ལ་དྲི་བ་འགའ་ཤས་མ་གཏོགས་འདྲི་རྒྱུ་མེད། དེ་ང་ཚོའི་ལས་ཀ་ཡིན་ལ། འདྲི་རྩད་བྱེད་པའི་དབང་ཆ་ང་ཚོ་ལ་ཡོད”ཟེར།
“ང་ལ་བཤད་རྒྱུ་ཅི་ཡང་མེད། ཁྱོད་ཚོ་འདྲི་རུ་ཡོང་ནའང་སྔོན་ལ་ངའི་གམ་དུ་ཁྲིམས་རྩོད་པ་ཡོད་དགོས། ངས་ཁོ་ལ་ད་ལྟ་རང་ཁ་པར་གཏོང་གི་ཡིན།”
ངས་དེ་སྐད་བཤད་རྗེས་ཁ་པར་བླངས། ཤུར་མོ་གསུམ་ཅན་གྱིས་ཁྲིམས་རྩོད་པ་ཞེས་པ་ཐོས་རྗེས་ཤུར་མོ་གསུམ་ཀ་སྔར་བས་ཀྱང་ཇེ་ཟབ་ལ་ཕྱིན་ཏེ། “དྲི་བ་འགའ་ལས་མེད། ཁྱོད་ཀྱིས་དོན་དག་རྙོག་དྲ་ཅན་དུ་བསྒྱུར་དགོས་དོན་འདུག་གམ”ཟེར།
ངས“ཁྲིམས་རྩོད་པ་བོས་ན་རྙོག་དྲ་ཅན་དུ་འགྱུར་དགོས་དོན་ག་རེ་རེད”ཅེས་འཇིགས་མེད་འཕྲིན་ལས་ནས་ཁ་པར་ལེན་པར་སྒུག་ཞོར་དེ་ལྟར་བཤད་པར། གཞོན་ནུ་མ་དེས་ཤུར་མོ་གསུམ་ཅན་དེ་ལ “འགོ་བར་ཞུ་ཨེ་དགོས”ཟེར།
ཤུར་མོ་གསུམ་ཅན་དེས་ཤིན་ཏུ་མ་རངས་མ་དགའ་བའི་རྣམ་འགྱུར་གྱིས་ང་ལ་ལྟ་བཞིན། “ཁྱོད་ཀྱི་ཁྲིམས་རྩོད་པ་ག་དུས་སླེབས་སྲིད”ཟེར།
ངས“ཕྱི་དྲོར་ངའི་སར་ཡོང་ཐུབ་ངེས”ཞེས་བཤད་པར། ཁོས“འོ་ན་ཕྱི་དྲོ་ཆུ་ཚོད་གསུམ་དང་ཕྱེད་ཀའི་སྟེང་ང་ཚོ་སླེབས་ཡོང་། ང་ཚོར་དུས་ཚོད་མང་པོ་མེད། ཕྱི་དྲོར་ངེས་པར་དོན་དག་འདི་ཐག་གིས་གཅོད་དགོས”ཟེར་ནས་ཕྱིན་སོང་།
ངས་སྒེའུ་ལས་ཁོ་ཚོ་ངའི་ཁང་པ་དང་ཁ་གྱེས་པའི་ཚུལ་ལ་ལྟ་ཞོར་ཁྲིམས་རྩོད་པར་ཡང་བསྐྱར་ཁ་པར་བཏང་ཞིང་། ཡེ་ཤེས་ཀྱིས་བཤད་པའི་སྐད་ཆ་ཞིག་འཁྱུག་ཙམ་དྲན། “ཤེས་རབ་དང་ཚོར་ཤེས་ཀྱིས་ཕྱུག་པའི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། ནང་སེམས་ནི་ལུས་པོ་དང་དངོས་པོའི་ཆ་ཐམས་ཅད་ལས་ཆེས་ཤིན་ཏུ་ཕྱུག་པ་སྟེ། ངོས་ཟིན་ཚེ་ནང་སེམས་ནི་གཞན་གྱིས་གཞོམ་གཞིག་མི་ཐུབ་པའི་ཕོ་བྲང་གཅིག་པུ་དེ་ཡིན་ལ། ཕོ་བྲང་དེ་ངོས་མ་ཟིན་ཚེ། མིག་ཡོད་ཀྱང་། ཚེ་གང་བོར་མ་ཕྱེས་པ་དང་ཁྱད་མེད།” དེ་ནས་དེ་སྔའི་རྨི་ལམ་ལྟ་བུ་དེ་ངེས་པར་དུ་གཅིག་གཅིག་གཉིས་གཉིས་ཀྱིས་ཡིག་ངོར་འཕབ་དགོས་དྲན་སོང་།
འཇིགས་མེད་འཕྲིན་ལས་ཀྱིས་ཁ་པར་གྱི་སྒྲ་ཐོས་ཀྱི་མི་འདུག་གཤིས། ངས་ཅུང་ཟད་ནས་གཏོང་བསམ་སྟེ། ཁ་པར་བསྐྱུར་ནས་མྱུར་ཏུ་གློག་ཀླད་སར་ཆས་ཏེ་མ་ལག་ཁ་ཕྱེས་པར། མི་སྒེར་གྱི་དྲ་ངོས་སླར་གསོ་བྱས་འདུག སྟེང་དུ་ཡི་གེ་ཕྲེང་གཅིག་ཀྱང་འདི་ལྟར་ཤར།
“དགོངས་པ་མ་ཚོམས། ཁྱེད་རང་གི་ཉེར་སྤྱོད་2036.09.16ཉིན་གྱི་མཚན་མོའི་ཆུ་ཚོད23:27་སྟེང་ཆག་སྐྱོན་ཤོར་བ་ལ། ད་ལྟ་ཞིག་གསོ་བྱས་ཟིན་པར་མ་ཟད། པར་གཞི་གསར་ཤོས་སུ་རིམ་སྤོར་བྱས་ཡོད། བེད་སྤྱོད་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ།”
2024.7.20
རྩོམ་འདི་ཐོག་མར་2024ལོའི་《སྦྲང་ཆར》དེབ་བཞི་པར་སྤེལ།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

