ལམ།

མདའ་ཡུམ་ཕྲུག(རྨ་ལྷོ་སོག་རྫོང) 琼迈文学网 2026-04-23

  གཅིག

  ང་རང་ད་ལོ་ཕོ་ལོ་བཞི་ཅུ་ཞེ་དྲུག་ཡིན།ཕོ་ལོ་བཞི་ཅུ་ཞེ་དྲུག་ནི་ན་ཚོད་སྨིན་ཐག་ཆོད་པས་མི་ཚད།རྩ་བའི་ཆ་ནས་སྐྱེ་རྒ་ན་འཆི་ཞེས་མིའི་ཚེ་སྲོག་གི་གོ་རིམ་ཆེན་པོ་བཞི་ཡོད་པ་ལས་རྒ་བའི་ཕྱོགས་སུ་བསྐྱོད་འགོ་ཚུགས་པ་ཞིག་ཡིན་ཡང་སྲིད།གང་ལྟར་ཕོ་ལོ་བཞི་ཅུ་ཞེ་དྲུག་གི་རིང་ལ་དགའ་སྐྱོ་ཆགས་སྡང་གི་འཚོ་བའི་གྲུབ་ཆ་རེ་རེས་བདག་སེམས་ལ་གཙུབ་བརྡར་དང་བཙོ་སྦྱང་བྱས་པ་བགྲང་གིས་མི་ལང་ལ།གཙུབ་བརྡར་དང་བཙོ་སྦྱང་བྱས་བྱས་མཐར་ང་ལ་ངའི་ཚོད་ཀྱི་རིན་ཐང་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་ཞིག་ཀྱང་རང་ཤུགས་སུ་ཆགས་ཡོད་ཟེར་ན་ཡང་མི་ཆོག་རྒྱུ་ཅི་ཡང་མེད་དེ།དོན་སྙིང་ལྡན་པའི་བྱ་བ་གང་ཞིག་འཁྱོངས་དུ་འཇུག་རྒྱུ་ནི་ང་ཡི་རིན་ཐང་ལྟ་ཚུལ་ཡིན་ལ།མི་ཚེ་གཏོང་ཟད་དུ་མི་གཏོང་རྒྱུ་ནི་ང་ཡི་མི་ཚེའི་ལྟ་ཚུལ་ཡིན།

  དེ་རིང་ང་རང་དམིགས་ཡུལ་ཅི་ཡང་མེད་པར་གང་ཞིག་ལ་ལམ་དུ་ཆས་བཞིན་ཡོད།རླངས་འཁོར་གྱི་མདུན་ཤེལ་ངོས་སུ་ཉི་འོད་འཇམ་པོ་ཞིག་གསེག་འཕྲོ་བྱས་འདུག་པ་དེ་ཉིད་རླངས་འཁོར་གྱི་འགྲུལ་བཞུད་དང་བསྡོངས་ནས་ཡར་འགུལ་མར་འགུལ་བྱེད་བཞིན་འདུག་ལ།ཕྱི་རོལ་གྱི་རང་བྱུང་གི་ལྗོངས་རྣམ་ཉམས་དགའ་བ་དེ་ཡང་རླངས་འཁོར་གྱི་བསྐོར་འགུལ་དང་བསྟུན་ནས་གློག་བརྙན་ག་གེ་མོ་ཞིག་གི་བརྙན་མིག་བཞིན་དུ་འགྱུར་འགུལ་བྱེད་ཀྱིན་པ་ལ་བལྟས་པས་ཀྱང་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་མ་གཞི་ནས་སྐད་ཅིག་ནས་སྐད་ཅིག་ཏུ་འགྱུར་བ་འགྲོ་བཞིན་པ་སུས་མི་རྟོགས།རེད་ཀྱང་འགྱུར་བ་ཟེར་བ་དེ་ཅི་འདྲའི་ཆེ་ཡང་རང་ཚུགས་འཆོར་དུ་མི་འཇུག་རྒྱུ་ནི་ང་ཚོ་རང་ཉིད་ལ་རག་ལས་པ་ཞིག་གང་ནས་མིན།ཡིན་ན་ཡང་འགྱུར་ལྡོག་གི་མདུན་ནས་རང་ཉིད་འགྱུར་དུ་མི་འཇུག་པ་ལ་བློས་གཏོང་ཆེན་པོ་ཞིག་དགོས་པ་དེ་ཡང་བསྙོན་མེད་རེད།

  ལས་རྒྱུ་འབྲས་ལ་ཡིད་ཆེས་ཆེས་ཆེར་བྱེད་པའི་དད་ལྡན་པ་དེ་ཚོ་གང་དུ་བུད་སོང་ངམ།བརྩེ་དུང་དུ་བརྩེ་འདང་ཟབ་པའི་གཞོན་ནུ་ཕོ་མོ་དེ་ཚོ་གང་དུ་བུད་སོང་ངམ།ཆུ་འགྲམ་དང་ལུང་མདོ་རུ་རྩེད་རྭ་བསྒྲིགས་མཁས་པའི་བྱིས་པ་དེ་ཚོ་ཡང་གང་དུ་བུད་སོང་ངམ།ཁོ་ཚོའི་རིགས་དང་རྒྱུད་པ་ད་དུང་ཡོད་ན་ཡང་ཁོ་ཚོའི་བྱ་ལུགས་བྱེད་ལུགས་རྨང་ནས་འགྱུར་བཞིན་འདུག་པ་ལ་བསམ་ན།ཁོ་བོས་རླངས་འཁོར་གྱི་སྒེའུ་ཁུང་ཕྱི་རོལ་ནས་མཐོང་བའི་ལྗོངས་རྣམ་དེ་ཡི་གར་འོང་ན་ཡང་།ནང་སེམས་ཀྱི་སྡུག་སྣང་འདི་རླངས་འཁོར་དུ་བཏང་ཡོད་པའི་གླུ་གཞས་དེ་ཚོའི་དབྱངས་རྟ་དང་བསྡོངས་ནས་ཇེ་ཆེ་ནས་ཇེ་ཆེ་རེད།དབྱིན་གླུ་སྙན་མོ་རེ་ཡི་གླུ་ཚིག་གི་ནང་དོན་དེ་འདྲ་མི་གོ་ན་ཡང་མི་སེམས་ལ་བཤད་དཀའ་བའི་ཚོར་སྣང་རེ་སྟེར་ནུས་ལྡན་པ་ལྟར།ད་ཡ་ཞེས་ཡོང་ན་ང་ཡི་ནང་སེམས་ཀྱི་སྐྱོ་སྣང་ནི་འདི་ལྟ་བུ་ཞིག་རེད་ཅེས་ཐང་ག་བཞེངས་བཞེངས་བྱས་ནས་བཞེངས་ཐབས་བྲལ།

  ཁོས་ང་ལ་དེ་འདྲའི་སྐད་ཆ་ཞིག་བཤད་ཡོང་བ་ཡིད་ལ་ཡང་ཤར་མྱོང་མེད།མ་གཞི་ཁོ་ནི་ངའི་ཆེས་སྙིང་ཐག་ཉེ་བའི་མི་ཞིག་ཡིན་ན་ཡང་།བསམ་བློ་མ་མཐུན་ན་འབྲེལ་བ་ཟེར་བ་དེ་ཡང་འགྱུར་སླ་བ་ཞིག་ཡིན་པ་འདྲ།ད་ལྟ་ངའི་སེམས་སུ་ཁོ་ནི་ངའི་ཆེས་སྙིང་ཉེ་བའི་མི་དེ་མ་ཡིན་པར་ང་དང་བསམ་བློ་རྒྱབ་ཀྱིས་ཕྱོགས་ཅིང་བར་ཐག་བཀྱེད་པའི་མི་ཞིག་ཡིན་སྣང་ཤར།དྲང་མོར་བཤད་ན་ངེད་གཉིས་ཀྱི་བསམ་བློ་མ་མཐུན་ན་ཆོག་མོད་ཀྱང་།བསམ་བློ་མ་མཐུན་པ་དང་བསྟུན་ནས་ངེད་གཉིས་བར་གྱི་གྲོགས་པོའི་བརྩེ་བ་ལ་ཆག་གྲུམ་ཤོར་ན་དངོས་ནས་སྐྱིད་པོ་ཞིག་མ་རེད།གང་ལྟར་ད་ནི་ཅིས་ཀྱང་ང་ཡི་ཆེས་བཟང་བའི་གྲོགས་པོ་ཞིག་འདི་ལྟར་ང་ཡི་འཚོ་བ་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་དགོས་བྱུང་སོང་།

  ཁོའི་བསམ་པར་དེང་སང་ནི་དཔལ་འབྱོར་གྱི་དུས་རབས་ཡིན་སྟབས།ཆེས་གཙོ་ཤོས་སུ་གྱུར་བ་ནི་སྒོར་མོ་མང་བོ་ཞིག་འཚོལ་རྒྱུ་དེ་ཡིན་ལ།སྙན་ངག་ཟེར་བ་ལྟ་བུའི་སྒྱུ་རྩལ་དེ་དག་ལ་སྒོར་མོ་འཚོལ་སྒྲུབ་ཀྱི་ཁྲོམ་ར་མེད་པས་སྙན་ངག་འབྲི་བ་ནི་ཉི་མ་གཏོང་བྱེད་ཀྱི་ལས་ཀ་ཞིག་རེད་སྙམ་པ་ནི་དངོས་ནས་འདང་མི་ཕོག་པའི་བསམ་ཚུལ་ཞིག་རེད།དེ ་ཡང་མི་རིགས་གང་དེའི་བསམ་བློའི་འཇིག་རྟེན་རྩོམ་རིག་ལས་མངོན་ཐུབ་ལ།མི་རིགས་གང་ཞིག་གི་རྩོམ་གྱི་ཆུ་ཚད་དེ་ཡང་སྙན་ངག་ལས་མཚོན་ཐུབ་པས་ན།སྙན་ངག་ནི་ཁོའི་བསམ་པ་ལྟར་གྱི་དེ་འདྲའི་ཆོ་མེད་པ་ཞིག་ག་ལ་ཡིན་ཏེ་ཡིན་ནི་མ་རེད།རེད་ཀྱང་ཁོས་དེ་ལྟར་སྙན་ངག་ལ་མཐོང་ཆུང་བྱས་སོང་།

  རླངས་འཁོར་གྱི་མདུན་ཤེལ་ངོས་སུ་གསེག་འཕྲོ་བྱེད་ཀྱིན་པའི་ཉི་འོད་དེ་ཡང་རེས་འགའ་གསལ་ལ་རེས་འགའ་མོག་པར་གྱུར། དེ་ནི་རང་བྱུང་གི་འགྱུར་ལྡོག་ཅིག་རེད།ཡ་མཚན་པ་ཞིག་ལ་རང་བྱུང་གི་འགྱུར་ལྡོག་ནི་ངས་ཀྱང་དང་ལེན་ཐུབ་པས་མི་ཚད་དེ་ཉིད་ད་དུང་མཛེས་སྡུག་ཅིག་ཏུ་བརྩི་ཐུབ།འོ་ན་མི་སེམས་ཀྱི་འགྱུར་ལྡོག་དང་ལེན་བྱེད་མི་ཐུབ་དོན་ཅི་ཡིན་ནམ།དེ་ནི་ཕྱོགས་རེས་ཆེ་བའི་སེམས་འགྱུ་ཞིག་ཡིན་ནམ།ཡང་ཕྱོགས་གཞན་ཞིག་ནས་བསམ་ན་རང་བྱུང་གི་འགྱུར་ལྡོག་གིས་ཀྱང་མི་སེམས་ལ་དང་ལེན་བྱ་དཀའ་བའི་སེམས་ཁམས་རེ་བསྐྲུན་ཡོང་སྟེ།འཛམ་གླིང་ཡོངས་ཀྱི་དྲོད་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་འུ་ཅག་གི་རྨ་ཆེན་གངས་རི་ཡི་གངས་འདབས་ཀྱི་ཁ་བ་ཡང་ལྭ་བ་ཡི་ལྭ་འདབས་ཡར་བསྡོགས་པ་ལྟར་ལོ་རེ་ནས་ལོ་རེར་ཇེ་མཐོ་རེད།གངས་འདབས་ཀྱི་ཁ་བ་ཡར་ཇེ་མཐོར་སོང་བ་ནི་ཁ་བའི་སྤུངས་ཚད་ཀྱི་རྒྱ་ཇེ་ཆུང་དུ་འགྲོ་བཞིན་པའི་རྟགས་ཤིག་ཡིན་རྐྱེན།དེས་ཀྱང་མི་སེམས་ལ་མི་སྐྱིད་པའི་སེམས་ཁམས་ཤིག་ལོས་བསྐྲུན།གང་ལྟར་ད་ནི་མི་སྐྱིད་པའི་སེམས་ཁམས་ཤིག་དང་བསྡོངས་ཏེ་མུ་མཐུད་ནས་མདུན་དུ་བསྐྱོད།

  གཉིས།

  ཁ་ཕྱོགས་མེད་པར་མདུན་དུ་བསྐྱོད་པ་ནི་ཅི་འདྲའི་ཐབས་རྡུག་གི་གདམ་ང་ཞིག་རེད་ཨང་།ང་ཚོ་སུ་ཞིག་ཡིན་ན་ཡང་དྲིན་ཕ་མ་གཉིས་ཀྱི་ཡ་ཐོད་ཀྱི་མིག་དང་ཡ་ཁོག་གི་སྙིང་འདྲ་བའི་གཅེས་ཕྲུག་ཏག་ཏག་ཡིན་ན་ཡང་།ང་ཚོས་གཏན་ནས་རང་ཉིད་ཀྱི་རིན་ཐང་རྟོགས་ཀྱིན་མེད་པ་མ་ཟད།ང་ཚོ་མང་ཆེ་བ་ཞིག་གིས་ཕ་མ་གཉིས་ཀྱི་རེ་བ་རླུང་ལ་བསྐུར་གྱིན་ཡོད་ལ་ཕ་མ་གཉིས་ཀྱི་ཁོག་དཔུང་ལ་རྒྱ་ཟེར་བ་ཐལ་བའི་རྡུལ་དུ་རླག་གིན་ཡོད།ང་ཡང་ཕ་མ་གཉིས་ཀྱི་རེ་བ་གཏོང་ཟད་དུ་གཏོང་བཞིན་པའི་མི་དེ་ཚོའི་གྲས་ཀྱི་གཅིག་ཡིན།དེ་རིང་ཡང་ཁ་ཕྱོགས་ངེས་མེད་དུ་རླངས་འཁོར་བསྐོར་ནས་བསྐྱོད་ཀྱིན་པ་འདི་ཡང་སྙིང་བོས་དབེན་པའི་ཉི་མ་གཏོང་ཐབས་ཤིག་ཨེ་རེད།མཚམས་རེར་ཁོ་བོས་བརྩམས་སྒྲུང་འབྲི་སྐབས་ཀྱང་ཁ་ཕྱོགས་མེད་པར་གང་འདོད་འདོད་དུ་བསམ་འཆར་ཅི་ཡོད་ལྷུག་ལྷུག་ཏུ་བྲིས་པ་བགྲང་གིས་མི་ལང་།དེ་ལྟར་བཤད་ཡོང་ན་ལན་རེར་ཅི་འདི་གང་འདི་མེད་པའི་འཚོ་བ་ལ་དོན་གྱིས་ཕྱུག་ཅིང་ཅི་འབྲི་འདི་འབྲི་མེད་པའི་རྩོམ་རིག་ལ་སྙིང་བོས་ཕྱུག་ཀྱང་སྲིད།

  ང་རང་ལོ་ན་ཆུང་དུས་སུ་ནམ་ཞིག་རླངས་འཁོར་ཞིག་བསྐོར་ཐུབ་པ་ཡིན་ན་དེ་ཡང་བདེ་སྐྱིད་ཅིག་ལོས་ཡིན་སྙམ།ད་ལྟ་འདི་ལྟར་རང་ལ་དབང་བའི་རླངས་འཁོར་ཞིག་བསྐོར་ནས་འགྲོ་སྐབས་སུ་ཅུང་ཐང་ཆད་པའི་སྣང་བ་ཞིག་སྐྱེས་ཡོང་བ་ནི་མིའི་རིགས་ལ་ཐུན་མོང་དུ་ཡོད་པའི་གཉུག་གཤིས་ཤིག་ཡིན་ཡང་སྲིད།གང་ལྟར་ད་ནི་ཅུང་ཐང་ཆད་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་ཡོང་བས་རླངས་འཁོར་འགྲོ་མཚམས་བཞག་ནས་ངལ་གསོ་ཞིག་བྱ་ན་བསམ།རླངས་འཁོར་གྱི་སྒོ་ཕྱེས་ནས་སྒོ་ཕྱི་རུ་བུད་ཙ་ན་མཁའ་དབུགས་གསར་བ་ཞིག་གིས་ལུས་སེམས་ཡོངས་ལ་བདེ་སྣང་མི་དམན་པ་ཞིག་བསྩལ་སོང་།མགོ་བོ་ནམ་མཁར་ཕྱོགས་ཏེ་ཚེས་རིས་དབྱིབས་ཀྱི་ཟླ་བ་དེ་མིག་ལ་ཐོགས་ཤིང་།ཚེས་རིས་དབྱིབས་ཀྱི་ཟླ་བ་དེ་མཐོང་ཡོང་དུས་ཨ་མེ་རི་ཀའི་མཁའ་བསྐྱོད་པ་དག་ཟླ་བའི་ངོས་སུ་ཡར་འཕུར་མར་འཕུར་བྱེད་ཀྱིན་པའི་ཡ་མཚན་དངོས་བྱུང་དག་དྲན་ཡོང་ཞིང་།ཡང་ཟླ་བའི་ངོས་སུ་ཡར་འཕུར་མར་འཕུར་བྱས་པའི་ཚན་རིག་གི་སྟོབས་ཤུགས་དེ་དག་དྲན་ཡོང་དུས་འུ་ཅག་གི་སྙན་ངག་ནི་ཅི་འདྲའི་ཉམ་ཆུང་བ་ཞིག་རེད་སྙམ།ཡིན་ཡང་ང་ཚོ་ལ་སྔར་བཞིན་སྙན་ངག་མཁོ་ཞིང་སྙན་ངག་ལ་ལྟ་ཚུལ་ཡང་དག་པ་ཞིག་འཆང་ཐུབ་དགོས།

  སའི་གོ་ལ་དང་བར་ཐག་སྤྱི་ལེ་ཁྲི་སུམ་ཅུ་སོ་བརྒྱད་ཙམ་གྱིས་ཆོད་པའི་ཟླ་བ་ལ་བལྟ་བཞིན་ཡར་དྲན་མར་དྲན་མི་ཉུང་བ་ཞིག་བྱས་མཐར་སླར་ཡང་ཕྱིར་རླངས་འཁོར་དུ་བསྡད་བྱུང་།ཕྱིར་རླངས་འཁོར་དུ་བསྡད་རྗེས་དུས་ཚོད་ཕྱེད་ཀ་ཙམ་ལ་གཉིད་རྒྱུའི་འཆར་གཞི་འཐེན་ཏེ་དུས་ཚོད་ཕྱེད་ཀའི་རྗེས་ནས་ཁ་པར་གྱི་དུས་ཚོད་ཅོང་བརྡ་གྲགས་པར་བྱས་ནས་བཞག་རྗེས་གཉིད་ཨེ་ཡོང་ལ་བལྟས་པ་ཡིན།ཐང་ཆད་སྟབས་གཉིད་ཀྱི་བདེ་བ་ལ་ཞུགས་འགོ་བརྩམས་ཡང་།ཝིར་ཝིར་ཝིར་ཞེས་ཡར་ཞོགས་མར་ཞོགས་ཀྱི་རླངས་འཁོར་རྒྱུག་པའི་རྒྱུག་སྒྲ་དང་ཏུའུ་ཏུའུ་ཏུའུ་ཞེས་མཚམས་རེར་བཏང་བའི་རླངས་འཁོར་གྱི་དུང་སྒྲ་རེ་རེས་གཉིད་ཀྱི་གཏིང་རུམ་དུ་ཞུགས་སུ་མ་བཅུག་པས།དུས་ཚོད་ཕྱེད་ཀའི་རིང་གི་གཉིད་ཉལ་བྱེད་པའི་འཆར་གཞི་དེ་གཞན་གྱི་བར་ཆད་ཁྲོད་ནས་ལེགས་འགྲུབ་མ་བྱུང་།མིའི་སྤྱི་ཚོགས་སུ་ད་དུང་འདི་དང་འདི་འདྲ་བའི་བར་ཆད་བགྲང་གིས་མི་ལང་བ་ཡིན།

  ཁ་པར་ལས་དུས་ཚོད་ཀྱི་ཅོང་བརྡ་གྲགས་སོང་།གཉིད་དགའ་ཞིག་ལོག་མ་ཐུབ་ཀྱང་གཉིད་ལས་ལངས་ཏེ་ལམ་ལ་ཆས།ད་ལྟའི་སྤྱི་ཚོགས་སུ་ཟླ་ཕོགས་སམ་སྒོར་མོའི་ཆེད་དུ་གཉིད་དགའ་ཞིག་ལོག་མ་ཐུབ་ཀྱང་གཉིད་ལས་ལངས་ཏེ་ལམ་ལ་ཆས་མཁན་ཤིན་ཏུ་མང་།རླངས་འཁོར་གྱི་མདུན་ཤེལ་ངོས་སུ་གསེག་འཕྲོ་བྱེད་ཀྱིན་པའི་ཉི་འོད་དེའི་འོད་མདངས་ཇེ་མོག་ནས་ཇེ་མོག་རེད།འོ་མ་གཞི་ཡངས་པའི་རྩྭ་ཐང་དུ་ས་སྲོད་ཀྱི་འབོད་པ་བསླེབས་འདུག་པས་རེད།ས་སྲོད་ཀྱི་འབོད་པ་སླེབས་ཙ་ན་མུན་ཡང་རུབ་རན་ལ་ཐོན་སོང་བ་མ་ཡིན་ནམ།ད་ནི་མུ་མཐུད་ནས་མདུན་དུ་འགྲོ་མཚམས་བཞག་ཅིང་རླངས་འཁོར་གྱི་ཁ་ཕྱིར་བསྐོར་ཏེ་ཕྱིར་རང་ཁྱིམ་དུ་ལོག་འགོ་བརྩམས།རང་ཁྱིམ་དུ་ལོག་པ་ནི་རྒྱལ་ཁ་ཞིག་ཡིན་ནམ་ཕམ་ཁ་ཞིག་ཡིན་ནམ།

  ལམ་ལ་ལངས་ནས་མདུན་དུ་གང་འཚམ་ཞིག་སོང་མཐར་མུན་གཞི་ནས་རུབ་སོང་ལ།རླངས་འཁོར་གྱི་མདུན་གློག་བཀར་དགོས་པའི་ཚད་ལ་ཐོན་སོང་།ཁོ་ལོ་བ་ལ་ལ་ཞིག་གི་མི་གཞིའི་བྱང་ཚད་ལན་སོང་བ་ཡིན་ནམ།གང་ལྟར་ཁ་ལོ་བ་ལ་ལ་ཞིག་གིས་རླངས་འཁོར་གྱི་བར་ཐག་ཇེ་ཉེར་ཕྱིན་ཡང་མུ་ནས་རྒྱང་གློག་བཀར་ནས་ཡོང་བ་ནི་མིག་ལ་གཟན་པས་མི་ཚད་སེམས་ལ་ཡང་གནོད་ཡོང་བ་ཞིག་རེད།མཚམས་ཤིག་ལ་ང་རང་གིས་ཀྱང་བསམ་གཟས་ནས་རླངས་འཁོར་གྱི་བར་ཐག་ཇེ་ཉེར་ཕྱིན་ཡང་མུ་ནས་རྒྱང་གློག་མ་གཏོགས་ཉེ་གློག་མ་བཀར།འདི་ནི་མང་སྣ་ཉུང་གིས་མ་འདང་བར་ཉུང་ངུ་དེ་ཡང་མཐར་མང་བོ་རུ་འཐིམས་འགྲོ་བའི་སྤྱི་ཚོགས་ཧྲིལ་བོ་ཞིག་གི་ཆོས་ཉིད་ཡིན་ཀྱང་སྲིད།

  བར་སྐབས་ཤིག་ལ་ཅུང་ཙམ་མིན་ན་རླངས་འཁོར་གྱི་དོན་རྐྱེན་བྱུང་སོང་།མདུན་ནས་ཚུར་ཡོང་བཞིན་པའི་རླངས་འཁོར་དེའི་རྒྱང་གློག་བཀར་ནས་ཚུར་བརྒྱུགས་ཡོང་ཞིང་ངས་ཀྱང་རླངས་འཁོར་གྱི་རྒྱང་གློག་བཀར་ནས་ཕར་བརྒྱུགས་ནས་སོང་།གློག་འོད་ཤིན་ཏུ་ཆེ་སྟབས་ལམ་ཡང་གསལ་བོ་ཞིག་རིག་ཐབས་བྲལ་བས་ཅུང་ཙམ་མིན་ན་དཔེ་ངན་གླིང་ལ་བཞག་སོང་།མདུན་གྱི་རླངས་འཁོར་དེ་ལམ་དཀྱིལ་གྱི་སེར་ཐིག་ནས་གཟུར་ཡོང་སྟེ་ང་ཡི་རླངས་འཁོར་གྱི་སྔུན་ལ་འབུད་ཙམ་བྱས་པ་མཐོང་མ་ཐག་ཏུ་ཁོ་བོས་རླངས་འཁོར་གྱི་འཁོར་བསྒྱུར་གཡས་སུ་དཀྱུ་ཙམ་བྱས་ཤིང་ཅུང་ཙམ་མིན་ན་ལམ་གྱི་མཐའ་ཁ་རུ་ལྡིང་ལ་ཁད་བྱས་སོང་།དོན་དག་དེ་ལ་ད་ལྟ་འདང་བརྒྱབ་ཡོང་ན་ད་དུང་ཡང་སྐྲག་འདར་ཤོར་ཡོང་བ་ཞིག་རེད།ཡང་སེམས་ལྷོད་ལ་བབས་ནས་བསམ་གཞིག་རེ་བྱས་ཚེ་དེ་ནི་གཞུང་ལམ་སྒང་གི་རླངས་འཁོར་གྱི་དོན་རྐྱེན་ཙམ་མིན་པར།དེས་མཚོན་པ་ནི་སྤྱི་ཚོགས་སྒང་གི་མི་སེམས་ཀྱིས་བསྐྱེད་པའི་འཚོ་བའི་ཁྲོད་ཀྱི་ཟང་ཟིང་ལང་ལོང་གི་བྱ་དངོས་ཤིག་མ་ཡིན་ནམ།

  གསུམ།

  བལྟས་ཡོང་ན་ཁོས་བཤད་པ་ལ་ཡང་དོན་སྙིང་ངེས་ཅན་ཞིག་ཡོད་པ་འདྲ།གལ་ཏེ་ང་ལ་གྱེན་འཕུར་གནམ་གྲུ་ཞིག་ཡོད་པའི་དབང་དུ་བཏང་ན།དེ་རིང་བཞིན་དུ་མིག་ལ་གཟན་ཞིང་སེམས་ལ་གནོད་པའི་གློག་འོད་དེ་དག་ལ་གདོང་གཏོད་མི་དགོས་པ་མ་ཟད།འཇིགས་ཡེར་བའི་རླངས་འཁོར་གྱི་དོན་རྐྱེན་ཡང་བྱུང་ལ་ཁད་དང་མ་བྱུང་ལ་ཁད་བྱེད་དགོས་དོན་མེད་པར།ཐད་ཀར་དུ་རླངས་འཁོར་དེ་དག་གི་མགོ་ཐོག་ནས་གྱེན་འཕུར་གནམ་གྲུ་ཞིག་གཟིར་སྒྲ་དང་བཅས་ཏེ་བསྐོར་ནས་འཕུར་སོང་ན་དེ་རེད།འོ་ན་གྱེན་འཕུར་གནམ་གྲུ་ཞིག་ལ་རིན་གོང་ག་ཚོད་དགོས་སམ།གྱེན་འཕུར་གནམ་གྲུ་ཞིག་གི་འབབ་ཚིགས་འཛུགས་བསྐྲུན་བྱས་ན་རིན་གོང་ག་ཚོད་དགོས་སམ།འདི་རེད་ཡ་འདི་རེད།ད་ནི་ང་ཡི་རིན་ཐང་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་ལ་གཡོ་འགུལ་ཐེབས་བཞིན་འདུག་པ་མ་ཡིན་ནམ།

  གོང་དུ་ང་ཡི་ཆེས་བཟང་བའི་གྲོགས་པོ་ཞིག་དེ་ལྟར་ང་ཡི་འཚོ་བ་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་དགོས་བྱུང་སོང་ཞེས་བཤད་ཀྱང་།ལམ་བར་དུ་འཕྲད་པའི་དོན་དག་རེ་ཟུང་གིས་ང་ཡི་སེམས་ཁམས་ལ་གཡོ་སྐྱོམ་གཞན་ཞིག་གཏོང་འགོ་བརྩམས་སོང་།མིའི་སྤྱི་ཚོགས་སུ་འདྲེ་ཟེར་བའི་འགྲོ་བ་ཞིག་ཡོད་རབས་ལབ་ཀྱང་།དོན་དངོས་སུ་འདྲེ་ངོ་མ་ནི་རྐང་བ་གཉིས་ལ་བརྟེན་ནས་ཡར་ལངས་ཏེ་འགྲོ་བཞིན་པའི་གང་ཟག་མི་རྣམས་ཡིན་པ་འདྲ།ཁོ་ཚོའི་ཕན་ཚུན་ལ་རྩོད་རེས་དང་གནག་རེས་བྱས་བྱས་པའི་མཐའ་འབྲས་སུ་ཕན་ཚུན་བར་དུ་ཡིད་རྟོན་མེད་ལ་ཕན་ཚུན་བར་དུ་བརྩེ་བ་ཡང་ཇེ་ཆུང་ནས་ཇེ་ཆུང་ལྟ་བུ་ཞིག་ཏུ་འགྲོ་བཞིན་ཡོད་ཙ་ན།གྲོགས་པོས་ང་ལ་བཤད་བཤད་ཐམས་ཅད་སྙིང་གཏམ་ཡིན་པ་འདྲ།ང་ལ་དྲང་གཏམ་བཤད་ཕོད་པའི་གྲོགས་མཆོག་དམ་པ།ང་རང་ཁྱེད་དང་ཡང་བསྐྱར་རྒྱང་ཐག་ཇེ་ཉེ་ནས་ཇེ་ཉེ་ཡིན་ན་བསམ།

  རླངས་འཁོར་བསྐོར་ཞོར་དུ་ཁ་པར་ལ་གཡེང་བ་ནི་འགྲིམ་འགྲུལ་སྒྲིག་སྲོལ་དང་འགལ་ཡོད་པས་མི་ཚད་རང་སྲོག་རང་གིས་རྩེད་སྤྱད་བྱས་པ་ཞིག་ཀྱང་ཡིན་པ་འདྲ།ཡིན་ན་ཡང་ཆུ་རྨ་ཆུ་མ་རིག་ན་སྐོམ་མི་སོད་ཅེས་པ་ལྟར་ང་ཚོ་མི་ཟེར་བ་འདིས་བྱ་དངོས་གང་ཡིན་མིག་ཐོག་ཏུ་མ་བབས་ན་བསམ་ཤེས་དཀའ་བ་ནི་མིའི་རང་བཞིན་ངོ་མ་ཞིག་ཡིན་པ་འདྲ་བས།ཆག་སྒོ་མང་བོ་ཞིག་རང་གི་ཉེ་འཁོར་དུ་བསུ་མཁན་ནི་དོན་ལ་ང་ཚོ་མི་བུ་རང་ཉིད་རེད།ངས་ཅུང་ཐེ་ཚོམ་དང་བཅས་ཏེ་ཁོ་ལ་ཁ་པར་བཏང་བྱུང་།ཁོས་ངའི་ཁ་པར་དང་ལེན་བྱས་པས་མི་ཚད་ཀུ་རེའི་ཚུལ་དུ་བཤད་རྒྱུར།"ཝེ།ཨ་རོ།ཁྱོད་ཡུན་རིང་ཞིག་ལ་གྲག་འགུལ་མེད་དོན་ཅི།དེ་རིང་གློ་བུར་དུ་ང་དྲན་སོང་བ་ཨེ་རེད།"ཅེས་བཤད་མ་ཐག་ཏུ་ཁོ་བོས་གློ་བུར་དུ་ཕྱིར་ཇི་ལྟར་ལན་འདེབས་དགོས་པ་ཡང་མ་ཤེས་མོད་ཀྱང་།མཐར་བསམ་བློ་ཅུང་ཙམ་བཏང་རྗེས་ཁོམ་ལོང་བྱུང་ན་ཁོ་དང་ལྷན་དུ་ཟ་མ་ཞིག་ཟ་རྒྱུའི་གླེང་སློང་བ་ན།ཁོས་ཀྱང་དེ་ནི་ཤིན་ཏུ་ནས་ཀྱང་མཁོ་གལ་ཆེ་བའི་མཉམ་འཛོམས་ཤིག་རེད་ཟེར།

  ཁ་པར་གྱི་ཁ་གཏད་སོང་།ང་རང་མུ་མཐུད་ནས་རང་ཁྱིམ་དུ་ལོག་པའི་ལམ་དུ་བསྐྱོད།ལམ་བར་དུ་འགྲིམ་འགྲུལ་འཕྲུལ་འཁོར་སྣ་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་ཏུ་རང་རང་སོ་སོའི་དམིགས་ཡུལ་དུ་རྒྱུ།ལ་ལས་རྒྱང་གློག་མིག་ལ་གཟན་པ་རེ་བཀར་ཞིང་དུས་ལ་མི་རན་པའི་དུང་སྒྲ་རྣ་ལ་གཟན་པ་རེ་གཏོང་ཞོར་བུད་འགྲོ་ལ།ཡང་ལ་ལས་ལམ་བར་གྱི་གནས་ཚུལ་དང་བསྟུན་ནས་རྒྱང་གློག་བཀར་དགོས་སར་རྒྱང་གློག་དང་ཉེ་གློག་བཀར་དགོས་སར་ཉེ་གློག་བཀར་ནས་འགྲོ་ཞིང་དུས་དང་རན་པའི་དུང་སྒྲ་མཁོ་གལ་ཅན་རེ་བཏང་ནས་བུད་འགྲོ།འདི་ནི་གཞུང་ལམ་སྟེང་གི་སྣང་ཚུལ་ཞིག་ཡིན་ཞིང་འདི་དང་སྤྱི་ཚོགས་ཀྱི་སྣང་ཚུལ་མང་བོ་ཞིག་ཕན་ཚུན་བར་དུ་འཕལ་ཁ་འཕྲོད་ཡོང་བ་ཞིག་མིན་ནམ།ཉེན་ཁ་ཆེ་བའི་གཞུང་ལམ་དང་རྙོག་འཛིང་ཅན་གྱི་སྤྱི་ཚོགས་འདིའི་ཁོར་ཡུག་ཏུ་ང་ཚོ་ལ་སྙན་ངག་མཁོའམ་སྒོར་མོ་མཁོ།གསལ་བོར་བཤད་ན་དེང་གི་དུས་སུ་ང་ཚོ་ལ་རིག་གནས་མཁོའམ་དཔལ་འབྱོར་མཁོ།

  སྤྱིར་ང་ལྟ་བུ་ཞིག་ལ་མཚོན་ན་སྤྱི་ཚོགས་ཆེན་པོ་ཞིག་གི་གནས་བབ་ལ་བསམ་གཞིག་གཏོང་རྒྱུ་ནི་རི་བོང་གནམ་རྡིབ་ཀྱི་དཔེ་བཞིན་དུ་སྐལ་མེད་སར་སྐེ་བསྲིངས་བ་ཞིག་ཡིན་ཀྱང་སྲིད།གང་ལྟར་དམའ་ས་དམའ་ས་ཞིག་ན་ཡོད་ཀྱང་མཐོ་ས་མཐོ་ས་ཞིག་ལ་སྐེ་སོ་བྱས་ཀྱང་ལོས་ཆོག་སྙམ་པས།རླངས་འཁོར་བསྐོར་ཞོར་དང་བསམ་གཞིག་གཏོང་ཞོར་བྱ།ང་རང་གི་ཚོད་ཀྱིས་བསམ་གཞིག་རེ་བཏང་ཡོང་དུས་དེང་གི་དུས་སུ་སྒོར་མོ་མཁོ་བ་མ་ཟད་སྙན་ངག་ཀྱང་སྔར་བཞིན་མཁོ་འདོད་དེ།གསལ་བོར་བཤད་ན་རིག་གནས་དང་དཔལ་འབྱོར་ནི་སྤྱི་ཚོགས་ཀྱི་མ་ལག་ཆེན་པོ་གཉིས་རེད།ང་ཚོ་ལ་ཅིས་ཀྱང་མ་ལག་འདི་གཉིས་མཁོ་ཞིང་མཁོ་ལ་མ་ལག་དེ་གཉིས་དོན་དུ་ཡང་གཉེར་དགོས་པ་ཞིག་མ་ཡིན་ནམ་སྙམ་སོང་བས།ང་ཡི་ནང་སེམས་ཀྱི་འགལ་བ་ལྕི་མོ་ཞིག་ཇེ་ཡང་དུ་སོང་ཞིང་མིག་མདུན་དུ་ལྷགས་པ་ཡང་མཚན་ལྗོངས་ཀྱི་གཞུང་ལམ་སྙིང་དུ་སྡུག་པ་ཞིག་ཏུ་གྱུར་སོང་།

  ཏག་ཏག་རང་ཁྱིམ་དུ་ཐོན་ལ་ཉེ་དུས་འགྲིམ་འགྲུལ་ཉེན་རྟོག་པས་རླངས་འཁོར་གྱི་སྔུན་བཀག་བྱུང་།སྔོན་ཆད་ཁ་ལོ་བའི་འཛིན་ཡིག་མེད་དུས་གང་དུ་སོང་ཡང་ནམ་ཞིག་ལ་འགྲིམ་འགྲུལ་ཉེན་རྟོག་པས་སྔུན་བཀག་ཡོང་ངམ་སྙམ་བཞིན་སེམས་ཚེགས་ཏག་ཏག་བྱས་ནས་འགྲོ་དགོས་ཀྱང་།ད་ནི་གཞེས་ནིང་ལོར་སོ་མ་ཁ་ལོ་བའི་འཛིན་ཡིག་རེག་ཚར་ཡོད་པས་དེ་འདྲའི་སེམས་ཚེགས་ཤིག་སྐྱེ་དོན་མེད་ལ་ཡོང་དོན་ཡང་མེད།ཡིག་ཆ་ཁ་ཚང་ཡིན་སྟབས་འགྲིམ་འགྲུལ་ཉེན་རྟོག་པའི་འགག་སྒོ་ནས་སེམས་བདེ་བག་ཕེབས་ངང་ཐར་ཞིང་རང་ཁྱིམ་དུ་ཡང་བདེ་ལེགས་ངང་ནས་འབྱོར་སོང་།དཀོན་མཆོག་གསུམ་པོས་མཁྱེན།ད་རེས་རླངས་འཁོར་གྱི་དོན་རྐྱེན་ཅི་ཡང་མ་བྱུང་བ་མ་ཟད་ཆེས་སྙིང་ཉེ་བའི་གྲོགས་པོ་ཞིག་སླར་ཡང་བདག་གི་ཆེས་སྙིང་བའི་གྲོགས་པོ་རུ་གྱུར་ཞིང་ནང་སེམས་ཀྱི་དོགས་གཞི་ཆེན་པོ་ཞིག་ཀྱང་ལམ་བར་ནས་སེལ་ཐུབ་སོང་བ་དེ་རེད།རླངས་འཁོར་གྱི་མེ་ཁ་ཏལ་ནས་རང་ཁྱིམ་གྱི་མདུན་དུ་བཞག་རྗེས་ལུས་སེམས་གཉིས་ཀ་སྔར་ལས་ཀྱང་ལྷོད་ལ་བབས་ཤིང་ལྷོད་ལྷོད་དུ་མནོ་བསམ་ཞིག་བཏང་བ་ན།ལམ་ནི་རང་གི་ནང་སེམས་ན་ཡོད་ཅིང་ནང་སེམས་ཇི་ལྟར་དྭངས་ཤིང་གཙང་ན་ལམ་གྱི་ཁོད་རྒྱ་ཡང་དེ་ལྟར་ཇེ་ཆེ་ནས་ཇེ་ཆེར་འགྲོ་སྲིད་སྙམ།འདི་ནི་ཕྲན་ཆུང་ངས་ད་རེས་ལམ་བར་ནས་རྙེད་པའི་གནས་ལུགས་ཆུང་ཆུང་ཞིག་ཡིན་པར་བགྱིས་ཤིག།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལམ།

2026-04-23 མདའ་ཡུམ་ཕྲུག(རྨ་ལྷོ་སོག་རྫོང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།