མི་ཆ་མེད་ཅིག
ངས་ཁྲིན་ཏུའུ་གྲོང་ཁྱེར་གྱི་བརྩོན་འགྲུས་མོག་མོག་ཧ་ཅང་ཞིམ་པོ་ཡིན་པ་སྔ་མོ་ནས་ཐོས་ཡོད། ལྷག་པར་དུ་ཁྱོད་ཀྱིས་མོག་མོག་དེ་ལ་སོ་ཁམ་གང་བཏབ་རྗེས་མོག་ཁུ་ཁ་ནང་དུ་བཞུར་འོང་སྟེ་ལྕེ་ཚོར་ཁ་ཡོངས་སུ་ཕྱེས་པའི་ཚོར་བ་དེ། གྲང་ཞིང་འཁྱག་པའི་དགུན་ཁར་དྲོད་ལམ་ལམ་གྱི་ཉི་འོད་ཁྱོད་ཀྱི་ལུས་ལ་འཕྲོས་པ་དང་འདྲ་ཞིང་། ཁྱོད་ཀྱིས་སེམས་སྡུག་པའི་དོན་དག་ཐམས་ཅད་བརྗེད་དེ་སྐབས་ཐོག་དེར་རོལ་མྱོང་བྱེད་པ་ཁོ་ན་ལས་གཞན་ཅི་ཡང་དྲན་འདོད་མེད། དུས་ཡུན་རིང་པོར་གྲོང་ཁྱེར་དུ་འཚོ་བ་རོལ་བའི་བོད་མི་ཞིག་ལ་མཚོན་ན། གྲོང་ཁྱེར་འདིའི་ནང་གི་བོད་ཟས་ཁང་མང་ཆེ་པ་ལ་སོང་མྱོང་ཡོད་པའི་ཁྱིམ་མི་དང་གྲོགས་པོ་རྣམས་ཀྱིས་བོད་ཟས་ཁང་ཞིག་ལ་དེ་འདྲའི་དཔེ་མེད་པའི་བསྟོད་པ་བྱས་ན། ཁྱོད་རང་བོད་ཟས་ཁང་དེའི་ཟ་མའི་བྲོ་བ་ལ་རོལ་མྱོང་བྱ་མི་འདོད་པའི་བསམ་ཚུལ་ཧ་ཅང་འབྱུང་དཀའ་མོ་རེད། རྒྱུན་མཚན་ཅི་ཡིན་མི་ཤེས་ཏེ། མཛེས་བཟོ་ཤིན་ཏུ་ལེགས་པའི་གྲོང་ཁྱེར་གྱི་བོད་ཟས་ཁང་དུ་སོང་ནས་མདུན་དུ་བསྒྲིགས་ཡོད་པའི་རིགས་ཧ་ཅང་མང་བའི་བོད་ཟས་དེ་ཚོ་ལ་མཐོང་འཕྲལ། ངས་ནམ་ཡང་ཨེན་ཙམ་ཁ་ལ་ཟོས་མ་ཐག་ཕོ་བ་བརྒྱགས་འགྲོ་བའི་ཚོར་བ་སྐྱེས་ཡོང་། ཐབས་བཀོད་ཅི་ཞིག་འཐེན་རུང་ཟ་མ་ཁམ་གང་ཡང་ཟ་མི་ཐུབ། ངའི་ཟས་ཚོད་ཇེ་ཆུང་དུ་སོང་ཡོད་པ་ཡིན་ནམ་ཡང་ན་ངའི་ཟས་གོམས་དེར་སི་ཁྲོན་དང་ནུབ་བྱང་ཕྱོགས་ཀྱི་ཟ་མས་ཤུགས་རྐྱེན་ཐེབས་སོང་པ་ཡིན་ནམ། གང་ལྟར། ངས་ཕ་ཡུལ་འབྲོག་ཕྱོགས་ནས་ད་སོ་མར་བཙོས་ནས་རླངས་པ་ཐུ་ལུ་ལུ་འཕྱུར་བཞིན་ཡོད་པའི་སྐམ་ཤ་དང་ལུག་ཤ ད་དུང་ཚ་བེར་བེར་གྱི་མོག་མོག་ཟོས་པའི་ཚོར་པ་དེ་བཙལ་ཀྱང་གཏན་ནས་རྙེད་མི་ཐུབ་པར་གྱུར། སྐབས་ཐོག་དེར་ང་ལ་འགོག་མཁན་མེད་ཚེ། ང་ཁོ་ནས་སྐམ་ཤ་ལུག་ཤ་སྡེར་མ་གང་དང་ལུག་ཤའི་མོག་མོག་སྡེར་མ་གང་བཟའ་ཐུབ། སེམས་ཕངས་པ་ཞིག་ལ་ང་གྲོང་ཁྱེར་འདིའི་ནང་དུ་སྐྱེས་ནའང་ད་ལྟ་གྲོང་ཁྱེར་འདིའི་ནང་གི་གཞུང་གཉེར་སློབ་གྲྭའི་ལོ་རིམ་གཉིས་པ་འདོན་བཞིན་པའི་བུ་མོ་དང་གཏན་ནས་མ་འདྲ་བ་ཞིག་སྟེ། མོ་རང་བོད་ཟས་ལ་ཅུང་ཙམ་ཡང་མི་དགའ། མོ་ལ་ལུག་ཤ་དང་སྐམ་ཤ ད་དུང་རྩམ་པ་ནི་བཤད་མ་དགོས་པ་རེད། བོད་ཟས་ཁམ་གང་བཟའ་རུ་བཅུག་པ་ནི་སྨན་ཁ་པོ་ཞིག་འཐུང་དུ་བཅུག་པ་དང་འདྲ་བར། མགོ་གཡོག་ཐབས་ཀྱིས་ད་གཟོད་མོ་ལ་མིད་དུ་འཇུག་དགོས། མོས་ངོ་གདོང་གི་ཤ་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡུས་ནས་ཟ་མ་མིད་མཐར་ང་ལ་མིག་སྡང་གིས་བལྟས་ནས་ངས་ཀྱང་མོ་ལ་མི་འོས་པའི་ལས་ཀ་ཞིག་བཙན་གྱིས་བསྒྲུབ་ཏུ་བཅུག་པའི་ཚོར་སྣང་སྐྱེས་འོང་།
དེའི་རྐྱེན་གྱིས་དེ་རིང་སྔ་དྲོར་ངས་ལྟོགས་སྐོམ་བསྲན་ནས་མོ་ལ་ཚགས་ཆུང་མོག་མོག(小笼包子)སྡེར་མ་གཅིག་དང་སྲན་ཁུ་(豆浆)དཀར་ཡོལ་གང་འཐུང་དུ་བཅུག་ཏེ། མོས་དཔེ་ཁུག་ལྗིད་མོ་དེ་རྒྱབ་དུ་ཁུར་ནས་ད་དུང་གཉིད་མ་སད་ཀྱི་ངང་གོམ་པ་ཁྱར་ཁྱོར་ལེན་བཞིན་པའི་བྱིས་པ་དེ་ཚོ་དང་མཉམ་དུ་སློབ་གྲྭའི་རྒྱ་སྒོར་བསྐྱལ་རྗེས་རླངས་འཁོར་གྱི་སྣུམ་སྒོ་ཤུགས་ཀྱིས་མནན་ནས་གྲོང་ཁྱེར་འདིར་གསར་ཏུ་སྒོ་ཕྱེས་ཡོད་པའི་བརྩོན་འགྲུས་མོག་མོག་ཚང་ལ་སླེབས།
ད་ལྟ། ངས་ལག་པ་གཅིག་གིས་ད་སོ་མར་ཚོས་པའི་བརྩོན་འགྲུས་མོག་མོག་ཞིག་བཟུང་ཏེ། ལག་པ་གཅིག་གིས་ཇ་མངར་མོ་ཕོར་པ་གང་བླུགས་ཡོད་པའི་ཇ་ཕོར་བཟུང་ནས་རླངས་འཁོར་ནང་དུ་བསྡད། ཞོགས་པའི་བསིལ་རླུང་འཇམ་པོ་ཞིག་སྒེའུ་ཁུང་གི་བར་སྟོང་ཕྲ་མོ་བརྒྱུད་ནས་ངའི་སྐེ་ལ་ཕོག ངས་ཀྱང་དུས་ཡུན་རིང་པོ་ཞིག་ལ་ཚོར་མ་མྱོང་པའི་ཕ་ཡུལ་འབྲོག་ཕྱོགས་ཀྱི་སྦྲ་ནག་ནང་དུ་ཨ་མས་བཟོས་པའི་ནང་ཇ་འཐུང་བཞིན་པའི་ཚོར་སྣང་རྙེད། མིག་རྡེབ་དབང་ཙམ་ལ་ཤོར་པའི་ཚོར་བ་དེ་དང་བརྟེན་ནས་ངའི་ལག་མཐིལ་གྱི་མོག་མོག་དེ་ལ་སོ་ཞིག་བཏབ། དེ་མ་ཐག་ཏུ་ངའི་ཁ་ནང་དུ་གོ་སྙོད་ཀྱི་བྲོ་བ་དང་ཤ་ཚིལ་འདྲེས་མའི་མོག་ཁུས་ཁེངས་བྱུང་། ངས་མིག་བཙུམ་ནས་རེ་སྒུག་མང་པོར་བྱས་མྱོང་ཡོད་པའི་སྐལ་བ་དེ་ལ་རོལ་མྱོང་ཅི་བདེར་བྱས། ངས་ལུག་ཤ་དལ་མོར་བལྡད་ནས་རང་གི་ལྕེ་སྟེང་ལ་མཚོན་མི་ཐུབ་པའི་ཕ་ཡུལ་གྱི་ལུག་ཤའི་དྲི་མ་དེ་ལ་གང་ཐབས་ཀྱིས་ཐེམ་པར་བྱས། མོག་མོག་དང་པོ་ཟོས་ཚར་རྗེས་ཇ་ཕོར་ནང་གི་རླངས་པ་འཕྱུར་བཞིན་པའི་ཇ་མངར་མོ་དེར་ཕུ་ཞིག་བཏབ་ནས་དལ་མོར་ཁམ་གང་འཐུང་། དྲོ་ཞིང་འཇམ་པའི་ཚོར་སྣང་ཞིག་ངའི་ཁོག་པ་ནས་ལུས་ཧྲིལ་པོར་ཁྱབ། འདི་ནི་ཅི་འདྲའི་བདེ་སྐྱིད་ལྡན་པའི་ཞོགས་པ་ཞིག་རེད་ཨང་། ཁང་བརྩེགས་ཀྱི་ནགས་ཚལ་ཆེན་པོ་ཞིག་དང་མཚུངས་པའི་གྲོང་ཁྱེར་འདིར་འདི་འདྲའི་བོད་ཟས་དག་མ་ཞིག་ཟས་ནས་ཉིན་གཅིག་གི་ལས་མགོ་བརྩམས་པ་འདིར་བསྡུར་ཐུབ་ཡོད་པའི་ལས་ཀ་ཞིག་གང་ན་ཡོད་དམ།
ངས་སླར་ཡང་མོག་མོག་ཅིག་བཟུང་ནས་ཟ་བར་རྩོམ་སྐབས། ལོ་ཆུང་བུད་མེད་ཅིག་གིས་ངའི་རྒྱབ་སྟེགས་ཀྱི་གཡས་སྒོ་ཕྱེས་བྱུང་། བལྟས་པ་ཙམ་གྱིས་བོད་མོ་ན་ཆུང་མ་ཞིག་ཡིན་པ་ཤེས་ཐུབ། ཁོ་མོས་སྐྲ་ལོ་རྐྱ་མ་གཅིག་རྒྱབ་ཏུ་བསླེས་ཤིང་སྐྲ་ཉག་དུ་མ་ཐོད་པའི་སྔུན་དུ་རླུང་གིས་སྒུལ་བཞིན་འདུག གྲུང་ཞིང་དྭངས་གཙང་གི་མིག་མདངས་ཀྱིས་ང་ལ་ཅེར་བྱུང་བས་གློ་བར་དུ་ངའི་སྙིང་ཆུང་གི་ལྡིང་ཚད་ཀྱང་ཇེ་མགྱོགས་སུ་སོང་། མོས་མདོག་ནག་པོའི་ལྭ་རིང་ཞིག་གྱོན་ནས་དེའི་ནང་ལ་གོང་ཁ་མཐོ་པོ་ཅན་གྱི་བལ་ལྭ་(毛衣) ཞིག་གྱོན་ཡོད། མོས་ཁོག་སྨད་ལ་གླང་རྫིའི་རྐང་སྣམ་ཕྲ་མོ་ཞིག་གྱོན་ཡོད་པས་མི་བརྩོན་པ་ཅན་ཞིག་ཡིན་པའི་ཚོར་བ་སྟེར།
མོས་ང་ལ་ལྟ་ཙམ་བྱས་ནས། “ཁྱོད་བདེ་མོ། འགྲོ་རྩིས་ཨེ་ཡོད།”ཅེས་རྒྱ་སྐད་ཀྱིས་དྲིས་བྱུང་། ང་ལ་མཚོན་ན་འདྲི་ཚིག་དེ་མཚམས་ལ་ལར་དངོས་ནས་མགོ་ན་བ་ཞིག་རེད། དུས་ཡུན་རིང་པོར་གྲོང་ཁྱེར་དུ་འཚོ་བ་རོལ་བ་ནས་བཟུང། ངའི་ངོ་མདོག་ཀྱང་ཇེ་དཀར་ནས་ཇེ་དཀར་དུ་གྱུར་ཅིང་། རྩྭ་ཐང་གི་བོད་ཀྱི་སྐྱེས་པ་མང་ཆེ་པ་དང་མི་འདྲ་བར་ཁོ་ཚོའི་སྣ་གདོང་དེ་འདྲ་མཐོན་པོ་ཞིག་མེད་པ་དང་རུས་པ་ཡང་དེ་འདྲ་སྟོབས་ཆེ་བ་ཞིག་མེད་པས། དུས་རྒྱུན་དུ་མི་ཆ་མེད་ཀྱིས་ང་ལ་རྒྱ་མི་ཞིག་ཡིན་པར་བསམ་གིན་ཡོད། ངས་བོད་སྐད་དག་མོར་བཤད་པའི་རྗེས་སུ་ཁོ་ཚོས་ད་གཟོད་ཡིད་ཆེས་མི་ཆེས་པའི་ངང་ནས་ང་ལ“མ་གཞི་ཁྱོད་བོད་པ་ཞིག་རེད་ཨང་།”ཟེར། དང་ཐོག་ངས་ཁོ་ཚོ་ང་ལ་དོགས་པ་ཡོད་པ་དེ་ལ་ཧ་ཅང་ཁོང་ཁྲོ་ལངས་པ་མ་ཟད་ཁོ་ཚོས་ང་རང་རྒྱ་མི་ཞིག་ཡིན་པར་ངོས་འཛིན་པར་ཡང་གཏན་ནས་ཡིད་མི་ཆེས། འོན་ཀྱང་དོན་དག་དེ་དང་འདྲ་བ་ལ་ཐེངས་མང་པོ་ཕྲད་ཚེ་དེ་ལ་ཡ་མཚན་མི་སྐྱེས། ཐ་ན་མི་གཞན་ལ་ང་བོད་པ་ཞིག་ཡིན་པའི་བདེན་དབང་བྱེད་པར་ཡང་སུན་སྣང་སྐྱེས། གལ་ཏེ་ང་རྒྱ་མི་ཞིག་ཡིན་བསམ་ནས་ལྐོག་ནས་བོད་སྐད་ཀྱིས་འཕྱ་དམོད་བྱས་པའི་བོད་མི་ལ་མ་ཐུག་ཚེ། ངས་ཀྱང་རང་ཉིད་རྒྱ་མི་ཞིག་ཡིན་ཁུལ་བྱས་ནས་མི་དེ་ཚོ་ལ་མགོ་མཇུག་བར་གསུམ་དུ་རྒྱ་སྐད་ཀྱིས་ཁ་བརྡ་བྱས། དྲང་མོར་བཤད་ན་རང་ཉིད་རྒྱ་མི་ཞིག་ཡིན་ཁུལ་བྱས་པ་དེ་ཡང་དོན་དག་སྤྲོ་སྣང་ཅན་ཞིག་རེད། གལ་ཏེ་ཕ་རོལ་མི་དེས་ང་ལ་དོགས་པ་མ་སྐྱེས་ན། ངས་ཀྱང་གང་ནས་བྱུང་པར་མི་ཤེས་པའི་གྲུབ་འབྲས་ཆེན་པོ་ཞིག་ཐོབ་པའི་ཚོར་སྣང་སྐྱེས། མི་ནི་དེ་འདྲའི་འདང་ཕོག་དཀའ་བའི་སེམས་ཅན་ཞིག་རེད།
“ཡོད་ཡོད། རླངས་འཁོར་ནང་དུ་བུད།”ངས་དེ་མ་ཐག་ཏུ་མོ་ལ་རྒྱ་སྐད་ཀྱིས་ལན་བཏབ། དྲང་མོར་བཤད་ན་མོ་ནི་སྐྱེས་པ་ཞིག་གིས་གང་འདོད་དུ་མ་དང་མིན་གྱི་དགག་སྒྲ་སྟེར་མི་ཐུབ་པའི་བུ་མོ་དེའི་རིགས་རེད། དེ་ནི་མོའི་དྭངས་ཤིང་གཙང་པའི་མིག་མདངས་དེས་ཁྱོད་ཀྱི་བསམ་ཚུལ་ཡོད་ཚད་རྟོགས་ཐུབ་པའི་རྐྱེན་གྱིས་ཡིན་སྲིད། ཡང་ན་མོའི་ལུས་སྟེང་དུ་ལྷུན་གྱིས་གྲུབ་པའི་བོད་མོ་ཞིག་གི་དྲི་མ་བཤད་མི་ཤེས་པ་ཞིག་ཡོད་པ་དེའི་རྐྱེན་གྱིས་ཡིན་ཡང་སྲིད། ངས་ད་དུང་མོག་མོག་དྲུག་ཟས་ཚར་མེད་ཀྱང་མྱུར་དུ་མོག་མོག་བཅུག་ཡོད་པའི་ཆུ་ཤོག་ཁུག་མ་དེའི་ཁ་བསྡམས་ནས་གཡས་ཕྱོགས་ཀྱི་རྐུབ་སྟེགས་སྟེང་དུ་བཞག་སྟེ་ཇ་ཕོར་གྱི་ཁ་བརྒྱབ་ནས་ཇ་ཕོར་འཇོག་ས་དེར་བཞག
“ཁ་ལོ་བ་(师傅) ང་གྲོང་ཁྱེར་ཤར་ཕྱོགས་ས་ཁུལ་གྱི་བེ་ཡེ་ན་མགྲོན་ཁང་ལ་འགྲོ་དགོས། ”ཞེས་མོས་ང་ལ་ཧ་ཅང་འཇམ་ཞིང་དུལ་བའི་ངང་བཤད། ངས་མགོ་བོ་ལྡེམ་ཙམ་བྱས་ནས་ངོས་སུ་འཁོར་སྟོང་ཞེས་ཤར་ཡོད་པའི་གློག་རྟགས་དེ་མར་མནན་ཏེ་རླངས་འཁོར་བསྐོར་ནས་གཞུང་ལམ་སྟེང་དུ་བུད།
སྲང་ལམ་སྟེང་དུ་མི་ཇེ་མང་དུ་སོང་ཡོད་ནའང་ལྟ་ཙམ་བྱས་ན་བོད་མི་གཅིག་ཀྱང་མཐོང་དཀའ། སྐབས་དེར་ཁྱོད་རང་གྲོང་ཁྱེར་འདིར་ཧ་ཅང་ཁེར་རྐྱང་ཡིན་པའི་ཚོར་སྣང་ཞིག་དབང་མེད་དུ་སྐྱེས། སློབ་ཆེན་མཐར་ཕྱིན་ཏེ་ང་ཡང་ཁེར་རྐྱང་གིས་གྲོང་ཁྱེར་འདིར་ལས་ཀར་ཞུགས། ངས་སློབ་ཆེན་གྱི་སྐབས་སུ་ཁྱབ་བསྒྲགས་སྨྱན་སྦྱོར་ཆེད་ལས་སྦྱངས་པ་ཡིན་པས་གྲོང་ཁྱེར་འདིའི་གློག་བརྙན་དང་བརྙན་འཕྲིན་མཐུན་གཉེར་ཁང་ཞིག་ཏུ་ལས་ཀ་བྱས། ཡིན་ཡང་། ལོ་འདི་དག་གི་རིང་ལ་གློག་བརྙན་དང་བརྙན་འཕྲིན་གྱི་ལས་རིགས་ལ་འགྱུར་ལྡོག་གི་རླབས་རྒྱུན་ཆེན་པོ་ཞིག་བྱུང་པས་ངའི་ལས་ཀ་ཡང་ལག་ནས་ཤོར། དུས་རབས་འདིར་འགྱུར་ལྡོག་ཆེ་ཞིང་མི་འཇོན་ཐང་ཅན་རྩྭ་ལྟར་སྐྱེས་པས་རང་ཉིད་ཀྱང་ཧ་ཅང་ཚེགས་ཆེ་བའི་འགྲན་རྩོད་ཁྲོད་དུ་གནས་ས་གང་དུའང་ཡོད་པར་མི་རྙེད་པར་གྱུར། དེའི་རྐྱེན་གྱིས་ཆུང་མ་དང་མཉམ་དུ་གྲོས་བསྡུར་བྱས་ཏེ་སྔོན་ལ་གླ་གཏོང་རླངས་འཁོར་བསྐོར་བའི་ལས་ལ་ཞུགས། ངའི་ཆུང་མ་ནི་ང་དང་མི་འདྲ་བར་ཁ་ལས་དགེ་ཞིང་། མོས་ཆུང་དུས་ནས་གཞུང་གཉེར་སློབ་གྲྭར་རྒྱ་ཡིག་སྦྱངས་ཏེ་ཧ་ཅང་སྙན་གྲགས་ཡོད་པའི་སློབ་ཆེན་གྱི་ཁྲིམས་ལུགས་སྡེ་ཁག་ཏུ་རྒྱུགས་འཕྲོད་སོང་། ད་ལྟ་མོས་ཁྲིམས་རྩོད་ཁང་ཞིག་ཏུ་ལས་ཀ་གཉེར་བཞིན་ཡོད། མོ་ལ་ལྕགས་ཕོར་ཞིག་ཡོད་ཟེར་ན་ཡང་མི་ཆོག་རྒྱུ་མེད། ཡིན་ཡང་མོ་དང་འདྲ་བའི་གྲོང་ཁྱེར་འདིར་ལས་ཀ་དེ་འདྲའི་བརྟན་པོ་ཞིག་ཡོད་པའི་བོད་པ་མང་པོ་མེད། མང་ཆེ་པ་ནི་ང་དང་འདྲ་བར་ཐོག་མར་སྤྱིར་བཏང་གི་ལས་ཀ་བཙལ་ཏེ་རང་ཁ་རང་གསོ་བྱས་ནས་ཡུན་གྱིས་མ་འོངས་པ་ལ་འདང་རྒྱག་པའི་འཆར་གཞི་བཟོས། དོན་དག་དེ་དག་དྲན་ཚེ་ངས་རྒྱབ་མཐོང་མེ་ལོང་ནང་ནས་གཞུག་ན་ཙོག་ཡོད་པའི་བུ་མོ་དེ་ལ་བལྟས། ངས་མོ་ཡང་བོད་ཡུལ་ནས་གྲོང་ཁྱེར་འདིར་ལས་ཀ་བཙལ་དུ་ཡོང་ངེས་རེད་བསམ་མ་ཐག་ཏུ་མོ་དང་བར་ཐག་ཇེ་ཉེར་ཡོང་པའི་ཚོར་སྣང་སྐྱེས། སྐབས་དེར་མོ་ལ་ཁ་པར་ཞིག་ཐོན།
“ཨ་མ། ང་ལས་ཀར་འགྲོ་བཞིན་ཡོད། འོ་ལེ་འོ་ལེ། འདིར་མི་གྲང་གི ཁྱོད་ཀྱིས་ཅི་ཞིག་ལས་བཞིན་ཡོད། འོ་རེད་རེད། ཨ་ཕའི་ཆམ་པ་དེ་ཅི་འདྲ་རེད། ངས་ཁ་སང་མཚོ་མོ་ལ་བསྐུར་བའི་སྨན་དེ་ཨ་ཕ་ལ་འཐུང་དུ་ཨེ་བཅུག ཡ་ཡ། དེ་ན་ཧྲ་གི། ཁྱོད་གཉིས་ཀྱིས་ཉི་མ་འདི་དག་ལ་ལྭ་དྲོན་པོ་གྱོན། དོན་དག་མེད་ན་ཁྱིམ་ནས་དྲོན་མོར་སྡོད། དེ་མིན་ཨ་ཕའི་ཆམ་པ་ཇེ་ལྗི་ལ་འགྲོ་སྲིད། གཟའ་འཁོར་རྗེས་མར་ངས་གནང་བ་ཞུས་ཏེ་ཁྱོད་གཉིས་ལ་བལྟ་རུ་ཡོང་། ཡ་ཡ། ”
འདི་ནི་ཅི་འདྲའི་ཤ་ཚ་ཞིང་སྙིང་ཉེ་བའི་སྐད་ཆ་ཞིག་རེད་ཨང་། སྐད་ཆ་དེ་ཚོ་མོ་རང་གི་ཁ་ནས་ཐོན་དུས་ངའི་སེམས་ནང་དུ་དྲོལ་ཁོལ་ལྡན་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས། ཚོར་བ་དེ་ངས་ཅུང་མ་འགོར་པའི་སྔོན་དུ་ཇ་མངར་མོ་འཐུང་པ་དེ་དང་འདྲ་བར་ལུས་ཡོངས་སུ་ཁྱབ། ངས་རང་དབང་མེད་པར་རྒྱབ་མཐོང་མེ་ལོང་ནང་ནས་མོ་ལ་ཡང་བསྐྱར་གཅིག་བལྟས།
རེད་ཡ། ང་ལ་ངའི་ཆུང་མ་དང་འདྲ་པའི་ལྕགས་ཕོར་ཞིག་མེད་ནའང་ངའི་སེམས་ནང་དུ་ནམ་ཡང་དྲོད་ཁོལ་དང་བདེ་དྲོད་ཅིག་ཡོད་པ་ནི་ངས་ཕ་སྐད་མ་ཡིག་བརྗེད་མེད་པ་དེ་རེད། ངས་བོད་ཡིག་གི་དཔེ་ཆ་ཞིག་ལག་ཏུ་བཟུང་བའི་སྐབས་དང་བོད་མི་ལ་ཐུག་དུས་བོད་སྐད་ཀྱིས་ཁ་བརྡ་ཅི་བདེར་བྱེད་པའི་སྐབས་སུ་རང་ཉིད་རྩ་བ་ཡོད་པའི་མི་ཞིག་ཡིན་བསམས། ཆེ་ཕྱོགས་སུ་ཅུང་ཙམ་གླེང་ན་ང་རང་བོད་ཀྱི་སྐད་དང་ཡི་གེ་ལ་བརྟེན་ནས་བྱམས་སྙིང་རྗེ་དང་ངོ་ཚ་ཡོད་པ་ད་དུང་ཀུན་སྤྱོད་ཀྱི་ཚད་ཐིག་ཡོད་པའི་མི་ཞིག་ཡིན་བསམ་བཞིན་ཡོད། དེ་བས། དུས་རྒྱུན་དུ་རང་གི་ལོ་བརྒྱད་ལོན་པའི་བུ་མོ་ལ་སེམས་ཁུར་བྱས། རང་ཁྱིམ་ན་ཡོད་དུས། ངས་ནུས་ཚོད་ཀྱིས་མོ་ལ་བོད་སྐད་བཤད་པ་ཡིན། ཡིན་ཡང་མོ་བྱིས་གཉོར་ཁང་དུ་སོང་བ་ནས་བཟུང་སྟེ་ཕལ་ཆེར་མོའི་ཁ་ན་བོད་སྐད་ཚིག་གཅིག་ཀྱང་མེད་པར་གྱུར། ངས་བཤད་པ་ཚང་མ་མོས་ཧ་གོ་ཡོད་མོད་ལན་ཡོངས་རྫོགས་ལ་རྒྱ་སྐད་ཀྱིས་བཏབ། མཚམས་ལན་རེར་ངས་ཁོང་ཁྲོའི་ངང་མོ་ལ་ཅིའི་ཕྱིར་བོད་སྐད་མི་བཤད་ཅེས་དྲིས། མོས་སེམས་སྡུག་པའི་ངང་མགོ་བསྒུར་ཏེ། དེ་ནི་ཁོ་མོའི་ནོར་འཁྲུལ་མིན་ཞེས་བཤད་པ་དང་། ཡིན་གཅིག་མིན་གཉིས་བོད་སྐད་བཤད་དགོས་པའི་རྒྱུ་མཚན་ཅི་རེད་ཅེས་དྲིས། སྐབས་དེར་ངས་རང་དབང་མེད་པར་མོ་ལ་སྙིང་རྗེ་བྱུང་། མཐའ་འཁོར་གྱི་མི་མང་ཆེ་པ་རྒྱ་མི་ཡིན་པའི་ཁོར་ཡུག་ཏུ་བོད་སྐད་མི་བརྗེད་པ་ཧ་ཅང་དཀའ་བས་བུ་མོ་གཅིག་པུའི་སྐྱོན་ཞིག་ག་ལ་ཡིན། ཡིན་ཡང་ངས་མོའི་གམ་དུ་པུས་མོ་ས་ལ་བཙུག་ནས་མོའི་མགོ་བོར་ཡུན་གྱིས་རེག་ཞོར་སྐད་འཇམ་པའི་ངང་ཁྱོད་ནི་བོད་ཅིག་རེད། བོད་པ་ནི་བྱམས་སྙིང་རྗེ་ཡོད་པ། ངོ་ཚ་ཤེས་པ། མི་གཞན་ལ་འགྲིག་མཐུན་ཡོད་པའི་མི་རིགས་ཤིག་རེད། བོད་ཀྱི་སྐད་དང་ཡི་གེའི་ནང་དུ་བོད་ཀྱི་བསམ་བློ་དང་རིག་གནས་ཀྱི་རྐང་ཟུག་ཡོད་པས་རང་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་ནི་ང་ཚོ་བོད་པ་རེ་རེའི་འགན་ཁུར་རེད། མོས་སྐད་ཆ་དེ་ཚོ་ལ་ཧ་གོ་ཡོད་མེད་མི་ཤེས་མོད་ངས་དེ་ལས་གཞན་ཅི་བཤད་དགོས་པའང་མི་ཤེས། མཚམས་རེར་མོས་མགོ་ལྡེམ་ཙམ་བྱས་ནས་མོས་ཧ་གོ་སོང་ཟེར། མཚམས་རེར་མོས་གལ་ཏེ་ངས་བོད་སྐད་བཤད་མ་ཤེས་ན་ང་མི་བཟང་པོ་ཞིག་མིན་ནམ། ང་ངོ་ཚ་ཤེས་པའི་མི་ཞིག་མིན་ནམ། ང་བོད་པ་ཞིག་མིན་ནམ་ཞེས་འདྲི། འོ་ལེ། མོས་བོད་སྐད་མ་བཤད་ན་བོད་པ་ཞིག་མ་ཡིན་ནམ། མོས་ངོ་ཚ་དང་བྱམས་སྙིང་རྗེ་མེད་པ་ད་དུང་མི་གཞན་དང་འགྲིག་མཐུན་བྱས་ན་མི་དགའ་བའི་མི་ཞིག་ཏུ་འགྱུར་འགྲོ་བ་ཡིན་ནམ། ངས་དེ་འདྲ་ཞིག་མིན་པ་ཤེས་ཡོད་མོད་སེམས་གཏིང་ནས་ཁས་ལེན་མི་འདོད་པ་འདྲ། དེ་བས། ངས་མོ་ལ་གལ་ཏེ་ཁྱོད་ཀྱིས་བོད་སྐད་བཤད་ཤེས་ན་ཁྱོད་རང་དེ་ལས་བཟང་བའི་མི་ཞིག་ཏུ་འགྱུར་ངེས་རེད་ཅེས་བཤད། མོས་དྭངས་ཤིང་གཙང་བའི་མིག་ཟུང་གིས་ང་ལ་ཅེར་ནས་འཛུམ་གྱིས་མགོ་བོ་ལྡེམ་ལྡེམ་བྱས།
དུས་དེར་ཁ་པར་གྱི་ཅོང་བརྡ་ཞིག་གིས་འདང་རྒྱག་གི་ཁྲོད་ཀྱི་ང་རང་ཕྱིར་ཁྲིད། ངས་རྒྱབ་མཐོང་མེ་ལོང་ལས་གཞུག་ན་ཙོག་ཡོད་པའི་བུ་མོ་དེ་ལ་བལྟས། མོས་ཁ་པར་གྱི་ངོ་ལ་ཅེར་ནས་ཐོད་པའི་གཉེར་མ་ཕྱོགས་གཅིག་ཏུ་བསྡུས་འདུག གློ་བུར་དུ་མོས་མགོ་བོ་ཡར་བཀྱགས་ནས་རྒྱབ་མཐོང་མེ་ལོང་ལ་བལྟས་པ་ཙམ་གྱིས་ངེད་གཉིས་ཀྱི་མིག་ཟུང་ཐུག་སྟེ་ངས་དེ་མ་ཐག་ཏུ་མིག་གིས་མདུན་ལམ་བསྙེགས། སྙིང་གི་ལྡིང་ཚད་ཀྱང་ཇེ་མགྱོགས་སུ་ཕྱིན། ངས་ཇ་ཕོར་བླངས་ནས་ཁ་ཕྱེས་རྗེས་ཇ་མངར་མོ་ཁམ་གང་འཐུང་སྟེ། ད་གཟོད་སེམས་ཅུང་ཙམ་ལྷོད་ལ་བབས་བྱུང་།
“ཝེ། ཁྱོད་ནམ་ཚོད་ཡོང་རྒྱུ་ཡིན། ཅི་ཟེར་རམ། ཁྱོད་ཀྱིས་ང་རང་དེ་ལྟར་རྩེད་སྤྱད་བྱེད་པ་ཡིན་ནམ། ངས་ཁྱོད་ཀྱི་ཆེད་ལ་ལས་ཀ་བསྐྱུར་ཏེ་མང་རྫོང་ནས་ཟི་ལིང་ལ་ཐོན་ཡོད། ཁྱོད་ཀྱིས་ད་ལྟ་མི་ཡོང་ཟེར། ཁྱོད་ད་དུང་མི་ཞིག་ཨེ་རེད། ”
ཤིན་ཏུ་རྣ་ལ་གཟན་པའི་ཁ་བརྡ་ཞིག་རྒྱབ་ཕྱོགས་ནས་ངའི་རྣ་ལམ་དུ་འཛུལ། སྐབས་ཤིག་ལ་ངས་སྐད་ཆ་དེ་ཚོ་ཅུང་མ་འགོར་པའི་སྔོན་དུ་ང་ལ་བག་ཆགས་ཧ་ཅང་ཡག་པོ་ཞིག་བཞག་ཡོད་པའི་བོད་མོ་དེའི་ཁ་ནས་ཐོན་པར་ཡིད་མི་ཆེས་པར་གྱུར། མོས་དེ་འདྲའི་སྐད་ཆ་རྩུབ་པོ་ཞིག་བཤད་དོན་ཅི་ཡིན་ནམ་སྙམ། ངས་ཡང་ཇ་ཕོར་ཡར་བླངས་ནས་ཇ་མངར་མོ་ཁམ་གང་འཐུང་རྗེས། ངའི་ཁ་ནང་གི་ཇ་མངར་མོའི་བྲོ་བ་ཡང་ཅུང་ཙམ་འགྱུར་སོང་བ་འདྲ།
“ཧིན། ཡང་ཁྱོད་ཀྱི་ཆུང་མ་ཡིན། ཁྱོད་ལ་དོན་དངོས་སུ་ཁྱོད་ཀྱི་ཆུང་མ་མཁོ་པ་ཡིན་ནམ་ང་རང་མཁོ། དེ་རིང་ཁྱོད་ཀྱིས་ང་ལ་སྐད་ཆ་དྲང་མོར་ཤོད། ངོ་ཚ་མེད་པའི་ཁྱི་རྒན་ཁྱོད། ཁྱོད་ཀྱིས་ང་རང་ཅི་ཞིག་གི་ཚད་ལ་བཞག་པ་ཡིན། ཁྱོད་ཀྱིས་ང་ལ་ཤོག་ཟེར་ན་ཡོང་དགོས་པ་དང་སོང་ཟེར་ན་འགྲོ་དགོས་པའི་ཁྱི་མོ་དེ་ཚོའི་གྲས་སུ་བཞག་ཡོད་པ་མིན་ནམ། མིན་ན་ཅི་རེད། ཁྱོད་དོན་དངོས་སུ་རང་གི་ཆུང་མ་དང་འཐོར་རྒྱུ་ཡིན་ནམ་མིན། འཐོར་རྒྱུ་ལོས་ཡིན་ཟེར་བ་དེ་ཅི་རེད། དོན་དངོས་སུ་ནམ་ཚོད་འཐོར་རྒྱུ་ཡིན། ཁྱོད་ཀྱིས་ཁྱོད་ཀྱི་ཆུང་མ་ལ་ནམ་ཚོད་བཤད་རྒྱུ་ཡིན། ”
ངས་སྐད་ཆ་དེ་ཚོ་གཞུག་ན་ཙོག་ཡོད་པའི་བུ་མོ་དེའི་ཁ་ནས་ཐོས་ཚེ། སྔོན་ཏག་ཏག་ལ་ངས་བསིལ་རླུང་འཁྱག་པོ་ཞིག་དང་མཉམ་དུ་བརྩོན་འགྲུས་མོག་མོག་དང་ཇ་མངར་མོ་ལ་རོལ་མྱོང་བྱེད་པའི་ཚོར་བ་སེམས་ལ་ཁྱབ་པ་དེ་གར་སོང་ཆ་མེད་དུ་གྱུར། དེ་ནི་རྟོགས་དཀའ་ཞིང་དང་ཡིད་ཆད་པའི་ཚོར་སྣང་ཞིག་གྲང་པའི་ངོ་བོར་གྱུར་ནས་ལུས་ཡོངས་སུ་སིམས། ད་ལྟ་རླངས་འཁོར་ཕྱི་རོལ་གྱི་གནམ་ངོ་ཧ་ཅང་ལེགས་ན་ཡང་། ངའི་མིག་ལམ་དུ་དེ་ནི་གྲང་ཤུར་ཤུར་དང་ཁ་དོག་ཀྱང་མེད་པར་གྱུར། དེ་ཅི་ཞིག་ཡིན་ནམ། མ་གཞི་མོས་ཨ་མར་ལབ་པའི་སྐད་ཆ་ཡང་རྫུན་ཡིན་ཏེ། མོ་ལས་ཀར་འགྲོ་བ་མིན་པར་ཁྱིམ་ཚང་ཡོད་པའི་སྐྱེས་པ་ཞིག་ལ་ཐུག་ཏུ་འགྲོ་བ་རེད། སྐར་མ་བཅུ་ཕྲག་སྔོན་དུ་མོས་ང་ལ་བཞག་པའི་ཧ་ཅང་དྭངས་གཙང་དང་སེམས་བཟང་། ད་དུང་བརྩོན་འགྲུས་ལྡན་པའི་བག་ཆགས་དེ་ཤར་ནས་མོས་ཁྱིམ་ཚང་ཡོད་པའི་སྐྱེས་པ་ཞིག་གི་ཆེད་དུ་ཁྱིམ་ཚང་ཞིག་ལ་དཀྲུགས་ཤིང་འཕེན་ཕོད་པ་དེ་ཅི་ཡིན་པར་གཏན་ནས་འདང་མ་ཕོག གནམ་རྒན་མ། ཐ་ན་མོས་སྐད་ཆ་བཙོག་པ་དེ་ཚོ་བཤད་དུས་ཀྱང་ཡ་ང་བའི་ཚོར་སྣང་སྤུ་ཙམ་ཡང་མི་སྐྱེས། སྐབས་ཐོག་དེར་ངས་དུས་རྒྱུན་དུ་ངའི་བུ་མོ་ལ་ཁྱོད་ནི་བོད་ཅིག་རེད། བོད་པ་ནི་བྱམས་སྙིང་རྗེ་ཡོད་པ། ངོ་ཚ་ཤེས་པ། མི་གཞན་དང་འགྲིག་མཐུན་ལ་དགའ་བའི་མི་རིགས་ཤིག་རེད། བོད་ཀྱི་སྐད་དང་ཡི་གེའི་ནང་དུ་བོད་ཀྱི་བསམ་བློ་དང་རིག་གནས་ཀྱི་རྐང་ཟུག་ཡོད་པས་རང་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་ནི་ང་ཚོ་བོད་པ་རེ་རེའི་འགན་ཁུར་རེད་ཅེས་བཤད་པའི་སྐད་དེ་ཚོ་ཡིད་ལ་ཤར། དེ་དང་ཆབས་ཅིག་ཏུ་མོས་ཧ་ཅང་དྭངས་གཙང་གི་མིག་གིས་ང་ལ་ཅེར་ནས་གལ་ཏེ་ངས་བོད་སྐད་བཤད་ན་ད་གཟོད་མི་བཟང་པོ་ཞིག་ཡིན་ནམ། གལ་ཏེ་ངས་བོད་སྐད་མ་བཤད་ན་མི་བཟང་པོ་ཞིག་མ་ཡིན་ནམ་ཞེས་དྲིས་པའི་སྐད་ཆ་དེ་ཚོ་ཡིད་ལ་དྲན། ངའི་ངོ་གདོང་དང་རྣ་བ་གཉིས་ཀ་དེ་མ་ཐག་ཚ་བེར་བེར་དུ་གྱུར་པར་མ་ཟད་ངའི་རྣ་ལམ་དུ་བང་སྒྲ་ཕྲ་མོ་ཞིག་ཁད་ཀྱིས་གྲགས་བྱུང་།
དུས་ཡུན་ག་ཚོད་ཅིག་ཡལ་སོང་པ་མ་ཤེས་པར་ངས་མཇུག་མཐར་རླངས་འཁོར་བསྐོར་ནས་གྲོང་ཁྱེར་ལྷོ་ཕྱོགས་ས་ཁུལ་གྱི་ཝེ་ཡེ་ན་མགྲོན་ཁང་གི་སྒོ་ཁར་སླེབས། སྐབས་དེར་ཐོག་ཁང་མཐོན་པོ་ཞིག་གིས་ཉི་འོད་བཀག་ཡོད་པས་རླངས་འཁོར་ནང་ཡང་རབ་རིབ་ཏུ་གྱུར།
“ཁ་ལོ་བ་(师傅)སྒོར་ག་ཚོད་རེད།”
ཙུང་ཙམ་འགོར་རྗེས་མོས་ང་ལ་ཡང་བསྐྱར་ཁ་ལོ་བ་(师傅)སྒོར་ག་ཚོད་རེད་ཅེས་དྲིས་པས་ང་ད་གཟོད་གཉིད་ལས་སད་པ་བཞིན་མདུན་གྱི་སྒོར་རྩིས་འཕྲུལ་ཆས་ལ་བལྟས་ནས་སྒོར་བཅུ་དྲུག་རེད་ཅེས་བཤད།
དེ་རྗེས་ང་ནི་བླ་འཁྱམས་སོང་པ་བཞིན་སྔོན་གྱི་སྒོར་རྩིས་འཕྲིལ་ཆས་ལ་བལྟས་ནས་བསྡད། དོན་དངོས་སུ་ང་ཧ་ཅང་བྲེལ་པ་ལངས་ཏེ་ས་ཆ་འདི་དང་གྱེས་ན་འདོད། མ་མཐའ་ཡང་རླངས་འཁོར་བསྐོར་ཏེ་ཉི་འོད་གསལ་བའི་ས་ཆ་ཞིག་ལ་འགྲོ་དགོས།
“ཁ་ལོ་བ་(师傅)ངས་སྒོར་མོ་སྤྲད་ཚར།”
“ཡ་ཡ།”
མཉམ་མ་བཞག་ས་ནས་ངའི་ཁ་ནང་དུ་བོད་སྐད་ཤོར་སོང་། དེ་མ་ཐག་ཏུ་ངའི་རྒྱབ་ལ་འདྲེ་མོ་ཞིག་གིས་མིག་ཅེར་ནས་བསྡད་ཡོད་པའི་ཚོར་སྣང་ཞིག་སྐྱེས་ཏེ་ངའི་ལུས་སྟེང་གི་བ་སྤུ་ཡོངས་རྫོགས་གྱེན་དུ་ལངས་ཏེ་འགུལ་ཙམ་ཡང་བྱེད་མི་ཕོད་པར་གྱུར། སྐབས་ཐོག་དེར་དུས་ཚོད་ཀྱང་འགག་སོང་པ་དང་འདྲ་བར་སྒྲ་ཐམས་ཅད་ཞི་བར་གྱུར། དུས་ཡུན་ག་ཚོད་ཅིག་འགོར་སོང་པ་མི་ཤེས་ཏེ་གློ་བུར་དུ་ངའི་རྒྱབ་ལ་ཁྲོག་སྒྲ་ཞིག་གྲགས་ཏེ་རྒྱབ་སྟེགས་གཡས་ཕྱོགས་ཀྱི་སྒོ་དེ་བརྒྱབ་ཟིན། དེ་མ་ཐག་ཏུ་སྣུམ་སྒོར་ཤེད་ཀྱིས་རྐང་གཏད་བརྒྱབ་ནས་རླངས་འཁོར་སྔུན་དུ་བསྐོར་ཏེ་ས་ཆ་དེ་དང་བྲལ། རླངས་འཁོར་བསྐོར་ནས་ས་ཐག་ཅུང་རིང་པ་ཞིག་ལ་སོང་རྗེས་ངས་ད་གཟོད་དབུགས་རིང་ཞིག་འཐེན་ཏེ་དལ་མོར་གཡོན་ཕྱོགས་ཀྱི་རྒྱབ་མཐོང་མེ་ལོང་ལ་བལྟས་ཏེ་ལྭ་རིང་གྱོན་ཡོད་པའི་བོད་མོ་དེ་ལམ་འགྲམ་དུ་ལངས་ནས་འགུལ་ཙམ་ཡང་མི་བྱེད་པར་གྲང་རླུང་གི་ནང་དུ་ངའི་ཕྱོགས་ལ་ཅེར་ནས་བསྡད་ཡོད་པ་མཐོང་། མཇུག་མཐར་མོ་ཡང་རླངས་འཁོར་གྱི་འཚུབ་རླུང་དུ་འཐིམས་ཏེ་མི་མཐོང་པར་གྱུར།
ངས་ཉི་འོད་གསལ་བའི་རླངས་འཁོར་འདུག་ས་ཞིག་རྙེད་ཅིང་དེ་གར་བསྡད། ཉི་འོད་རླངས་འཁོར་སྒེའུ་ཁོང་ལས་ཐད་ཀར་ངའི་མིག་ལ་འཕྲོས་པས་ངས་ཉི་འགོག་པང་ལེབ་དེ་མར་འཐེན། ངས་གཡས་ཕྱོགས་ཀྱི་འདུག་སྟེགས་སྟེང་དུ་བཞག་ཡོད་པའི་བརྩོན་འགྲུས་མོག་མོག་དེ་ཚོ་ལ་ཡུན་ཙམ་བལྟས་ནས་ཆུ་ཤོག་ཁུག་མ་དེའི་ཁ་ཕྱེས་ཏེ་མོག་མོག་ཅིག་ལག་ཏུ་བླངས་ནས་དལ་མོར་སོ་ཞིག་བཏབ། ཅི་ཡིན་མི་ཤེས་པར་ངས་མོག་མོག་དེའི་བྲོ་བ་ཅུང་ཙམ་ཡང་ཚོར་མི་ཐུབ་པར་གྱུར། ངས་མོག་མོག་དེ་ཚོ་དང་ཇ་ཕོར་ཁྱེར་ནས་རླངས་འཁོར་ལས་བུད་དེ་གད་སྙིགས་སྒམ་ཞིག་གི་ནང་དུ་འཕངས་ཏེ་ཇ་ཕོར་ནང་གི་ཇ་མངར་མོ་ལྷག་མ་ཡང་གད་སྙིགས་སྒམ་གྱི་ནང་དུ་བླུགས།
ངས་གད་སྙིགས་སྒམ་ནང་གི་ནག་ཐིག་ཅན་གྱི་མོག་མོག་ལ་ཅེར་སྐབས། འབུ་སྦྲང་འགའ་འཕུར་ཡོང་སྟེ་དེ་དག་གི་སྟེང་དུ་བབས། ངའི་སེམས་སུ་མ་འོངས་པར་མོག་མོག་ལ་ཁ་ཞིག་རེག་མི་འདོད་པའི་ཚོར་བ་ཞིག་སྐྱེས་བྱུང་།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

