ཨར་ལུགས་ཁོ་ཧྥེ།
དབྱངས་ཅན་གཞུང་ལས་ཁང་དུ་མ་ཐོན་པའི་སྔོན་ཏག་ཏག་ལ།ལས་ཁུངས་ཀྱི་འགན་ཁུར་པ་ཡོང་ནས་ངའི་རྣ་ནང་དུ་སྐད་ཆ་དེ་བཤད་རྗེས་ང་ལམ་སང་འདུག་སྟེགས་ལས་ལངས་ཏེ་འཐུང་འཕྲོར་ལུས་པའི་ཁོ་ཧྥེ་ལག་ཏུ་བཟུང་ནས།གློག་སྐས་ཕྱོགས་སུ་སོང་།སྐབས་དེར་མོ་ཡང་གློག་སྐས་ལས་སྒོར་བུད་བྱུང་།
“ཁྱོད་གང་དུ་འགྲོ་རྒྱུ་ཡིན།”
“……”
ང་གཞུང་ལས་ཁང་ནས་ཕྱིར་འགྲོ་བའི་ཚུལ་དེ་དང་།དེར་ཡོད་པའི་ལས་གྲོགས་དག་གིས་རང་ལ་འབྲེལ་བ་ཅི་ཡང་མེད་ཀྱང་གཟབ་ནན་གྱི་མིག་ཟུང་གིས་ངའི་ཕྱོགས་སུ་ཅེར་རེ་བལྟས་ཡོད་པ་དབྱངས་ཅན་གྱིས་མཐོང་བས་མོས་ང་ལ་དེ་ལྟར་དྲིས་བྱུང་།
ཏག་ཏག་དེ་ནི་ཕྱི་དྲོའི་ལས་མགོ་བརྩམས་པའི་དུས་ལ་ཁེལ་ཡོད།ལས་གྲོགས་འགའ་རེ་རང་རང་གི་ལས་གནས་སུ་ཐོན་ཡོད་ནའང་ལ་ལ་ཞིག་དུས་ལྟར་ཐོན་མི་འདུག།ཕལ་ཆེར་ཉིན་གུང་ངལ་གསོ་བྱས་རྗེས་མལ་ལས་ལངས་མ་ཐུབ་པ་ཡིན་ཤས་ཆེ།མ་གཞི་གྲོང་ཁྱེར་འདིར་འཚོ་བའི་མི་དག་ལ་ཉིན་མཚན་གྱི་དབྱེ་བ་ཆེར་མེད་པར་འདྲ་སྟེ།ཆང་ཁང་།གླུ་ཁང་།མཚན་མོར་ལས་ཞུགས་བྱེད་དགོས་པའི་བཟོ་གྲྭ།དེ་མིན་ཐད་གཏོང་བྱེད་མཁན།ད་དུང་དེ་དག་གི་སྒོ་འགྲམ་གྱི་ཐང་བཤམས་སིལ་ཟས་བཙོང་མཁན།དེ་བཞིན་དུ་མཚན་མོར་ཆང་ཁ་ནས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་ཆེན་སྒྲུབ་མཁན་སོགས་གྲོང་ཁྱེར་འདིའི་གང་ཟག་ཕྱེད་ཀས།ཉི་མས་སྤྱན་མིག་ཕྱེ་དུས་ཁོ་ཚོས་མིག་བཙུམ་དགོས་ལ།མུན་པས་གོས་ནག་གྱོན་དུས་ཁོ་ཚོས་ད་གཟོད་མིག་ཕྱེ་བཞིན་ཡོད།ཁག་མེད་དེ་འཚོ་བ་དང་སྤྱི་ཚོགས་ཟེར་བ་ཞིག་གིས་མདུན་ནས་འདྲུད་ཅིང་།ཟླ་ཕོགས་དང་ཡོང་སྒོ་ཟེར་བ་ཞིག་གིས་རྗེས་ནས་དེད་ཡོང་བས་ཅི་ལ་མིན།མ་གཞི་མི་རྣམས་ཀྱིས་དཔལ་འབྱོར་མཁོ་སྒྲུབ་བྱེད་པ་ནི་དེ་ཉིད་བེད་སྤྱོད་ཀྱིས་ཆེད་དུ་ཡིན་ཡང་།སུས་ཀྱང་རང་ཉིད་དཔལ་འབྱོར་གྱི་བྲན་གཡོག་ཏུ་ཚུད་ཡོད་པ་ཤེས་ཀྱིན་མེད་ཚོད་རེད།མཐར་གཏུགས་ན་མིས་དཔལ་འབྱོར་བཀོལ་སྤྱོད་བྱེད་བསམ་ཡང་དོན་དུ་དཔལ་འབྱོར་གྱིས་མི་བཀོལ་སྤྱོད་བྱེད་ཀྱིན་ཡོད་པ་མིན་ནམ།ངས་དེ་ལྟར་བསམ་མྱོང་ཡང་།མ་འོངས་པའི་ཉིན་ཞིག་ལ་ང་ཡང་དཔལ་འབྱོར་སྒྲུབ་བྱེད་ཀྱི་འཕྲུལ་ཆས་ཤིག་ཏུ་མི་འགྱུར་བའི་ངེས་པ་ཅི་ལ་ཡོད།དབྱངས་ཅན་ནི་གོང་གི་ལས་གནས་དེ་དག་གི་གྲལ་དུ་མི་གཏོགས་མོད།མོ་རང་གུང་ཟས་དང་ཕྱི་དྲོའི་ལས་ཞུགས་ཀྱི་བར་དུ་ངལ་གསོ་བྱེད་པར་གོམས་ཡོད་པས་ཕྱི་དྲོའི་ལས་ཞུགས་ལ་རྗེས་ལུས་ཀྱི་ཆད་པ་ཤོར་བ་ཉུང་ཉུང་མ་རེད།
ངས་དབྱངས་ཅན་ལ་ལན་གང་ཡང་མ་བྱིན་པར་མགོ་བོ་གཡུག་གཡུག་ཙམ་བྱས་རྗེས་གློག་སྐས་སུ་འཛུལ་བ་ཡིན།ཕལ་ཆེར་དེ་ནི་ང་རང་ལས་ཁུངས་དེར་ཐོན་ཏེ་ཟླ་ངོ་གསུམ་ཟིན་ཙམ་གྱི་དུས་རེད།
ང་ཐོག་མར་ལས་ཁུངས་དེར་ཐོན་དུས་འགན་ཁུར་མི་སྣས་ང་ལ་དབྱངས་ཅན་དང་མཉམ་དུ།དཔེ་རྙིང་མ་དཔེ་དང་བུ་ཡིག་ཀློག་བསྡུར་གྱི་ལས་ཀ་བཀོད་སྒྲིག་བྱས་བྱུང་།ངེད་གཉིས་མཉམ་འབྲེལ་གྱིས་ཀློག་བསྡུར་བྱས་ནས་ཟླ་བ་གཅིག་ལྷག་འགོར།དེའི་རིང་གཅིག་གིས་མ་དཔེ་བཀླགས་ཤིང་།གཅིག་ཤོས་ཀྱིས་བུ་དཔེའི་མིང་ཚིག་རེ་རེ་བཞིན་དེད་པའི་བྱ་བ་ཕུན་ཚུན་རེས་སྐོར་ནས་སྒྲུབ་དུས་བར་ཐག་ཉེ་དྲགས་པས། སོ་སོའི་གདོང་གི་བ་སྤུའི་ཉག་མ་རེ་རེ་ཡང་མཐོང་ཐུབ་ལ།དབུགས་འབྱིན་རྔུབ་ཀྱི་སྒྲ་ཡང་གསལ་པོར་ཐོས་ཐུབ་མོད།གཞུང་དོན་ཕུད་པའི་དགོང་ཞོགས་ཀྱི་འཚམས་འདྲི་ཙམ་ལས་སྐད་ཆ་གཞན་སུས་ཀྱང་སུ་ལ་བཤད་རྒྱུ་མ་བྱུང་།
དེ་ཡང་ཅི་ཁག་སྟེ་ལས་ཁུངས་ཀྱི་སྒྲིག་ཁྲིམས་པ་ལྟ་བ་རྒྱང་མཐོང་དང་ཉན་པ་རྣ་རིང་གི་ལག་ཏུ་ལྷུང་ན་མཇུག་འབྲས་བཟང་པོ་ཞིག་གང་ན་ཡོད།སྒྲིག་ཁྲིམས་པ་ནི་དོན་གྱི་གནད་མ་ཡིན་ཏེ།ང་ལ་མོ་དང་མཉམ་དུ་དཔེ་བསྡུར་བྱེད་པར་མཚེར་སྣང་ངམ་གནོན་ཤུགས་ཆེན་པོ་འདུག།འདི་ནི་ཕལ་ཆེར་ང་རང་བུད་མེད་ཅིག་དང་ཆེས་ཐོག་མར་འདི་ལྟར་ཉེ་བར་བཏུད་པ་ཡིན་པའི་རྒྱུ་རྐྱེན་གྱིས་ཡིན་སྲིད།མོ་ལའང་སུན་སྣང་ངམ་དོགས་མི་བདེ་བའི་ཚོར་སྣང་ཡོང་གིན་ཡོད་པ་འདྲ།མོས་ཐད་ཀར་ངའི་གདོང་ལ་ལྟ་བར་མི་བྱེད།ང་ཡང་མོའི་མིག་མདངས་ལ་གཟུར་བ་མ་གཏོགས་ཐད་ཀར་ལར་ནས་བལྟས་མ་ཐུབ།དེ་ལྟར་ནའང་དུས་ཀྱི་བགྲོད་པས་རྗེས་སུ་བསྐྱུར་བའི་ཟླ་ཞག་གི་གྲངས་ཀ་དང་འགྲོགས་ནས་ངེད་གཉིས་བར་གྱི་གཟུགས་མེད་ཀྱི་བར་ཐག་དེ་ཇེ་ཐུང་དུ་སོང་།དྲང་མོར་བཤད་ན།རིམ་བཞིན་ངའི་སེམས་ཀྱི་མཚེར་སྣང་དེ་རེ་སྒུག་ཅིག་ཏུ་གྱུར་ཅིང་།གནོན་ཤུགས་དེ་སྒུལ་ཤུགས་ཤིག་ཏུ་འགྱུར་མགོ་ཚུགས་བྱུང་།
ནམ་རྒྱུན་ཨར་ལུགས་ཁོ་ཧྥེ་འཁྱག་པོ་རེ་ལག་ཏུ་བཟུང་ནས། འགྲོ་ཞོར་འདུག་ཞོར་དུ་འཐུང་བ་ནི་མོའི་འཚོ་སྟངས་ཤིག་རེད་ལ།རྩོམ་རིག་སྐོར་གྱི་དཔེ་དེབ་རེ་མཆན་དུ་བཙིར་ནས་འགྲོ་བའང་ང་རང་གི་ལོབས་ཕྱོགས་ཤིག་ཡིན་པ་ངལ་བ་ཅི་ཡང་མི་དགོས་པར་སུས་ཀྱང་སེམས་སུ་འཇགས་ཐུབ་ངེས་ཡིན།
ངས་ད་ལྟ་ཡང་ཝ་ལེར་དྲན་ཏེ།ཉིན་དེར་དབྱངས་ཅན་གྱིས་ཨར་ལུགས་ཁོ་ཧྥེ་འཁྱག་པོ་ཞིག་འཐུང་ཞོར་ངའི་འགྲམ་དུ་བསླེབས་ཤིང་།ལག་གཡས་སུ་བཟུང་བའི་ཁོ་ཧྥེ་དེ་ངའི་ཕྱོགས་སུ་བསྲིངས་བྱུང་།ཏག་ཏག་རེད།ཉེ་སྔོན་མོས་མོ་རང་ཡང་རྩོམ་རིག་ལ་དགའ་ཚུལ་བཤད་པས།ངས《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》ཞིག་མོ་ལ་ཕུལ་བ་ཡིན།སྐབས་དེ་ཙམ་ནས་ངེད་གཉིས་ལ་གཞི་ནས་གཅིག་གྱུར་གྱི་སྐད་ཆ་ཡོད་པར་གྱུར་ཅིང་།ཕུན་ཚུན་ལ་རྩོམ་རིག་སྐོར་གྱི་ལྟ་ཚུལ་བཤད་པ་དང་།རྩོམ་པ་པོ་ག་གེ་མོའི་རྩོམ་ཆེ་གེ་མོ་དང་འབྲེལ་ནས།སྐད་ཆ་བཤད་རྔ་མི་བུད་པ་ཞིག་སོ་སོའི་ངག་ནས་བརྡོལ།དེ་ལྟར་ཉིན་རེ་བཞིན་ལས་ཀ་དང་འབྲེལ་མེད་ཀྱི་ཤབ་ཤུབ་བར་མེད་དུ་ལབ་པས་སྒྲིག་ཁྲིམས་པས་ཐ་ཚིག་ཡང་ཡང་བསྒྲགས་ཤིང་།ཟླ་ཕོགས་ལའང་གས་ཁ་ཡང་ཡང་ཤོར།ལས་གྲོགས་ཚོའི་ཟུར་ཟའི་རླུང་ནག་ཀྱང་ཕྱོགས་མཚམས་མེད་པར་ངེད་གཉིས་ཀྱི་མདུན་རྒྱབ་ནས་འཚུབ་ཀྱིན་བདའ།དེ་ཡང་ཁག་མེད་དེ།ངེད་གཉིས་ཅོག་ཙེ་གཅིག་གི་གམ་དུ་འདུག་པ་ནི་ལས་ཀའི་དགོས་མཁོ་ཙམ་ལས།དོན་དམ་དུ་ངེད་གཉིས་བར་ལ་གཟུགས་ཅན་གྱི་བར་ཐག་ཅིག་གིས་ཁྲིགས་སེ་བཅད་ཡོད་ལ། སོ་སོ་འཇིག་རྟེན་མི་འདྲ་བ་གཉིས་སུ་ཕུགས་མདུན་མི་གཅིག་པ་ལ་འཚོལ་སྙེག་བྱེད་མཁན་གཉིས་ཡིན།
རེད།ཉི་མ་དེར་ང་གཞུང་ལས་ཁང་དང་བྲལ་རྗེས་ཐད་ཀར་གཟའ་མཇུག་ཏུ་ངེད་གཉིས་རྒྱུན་པར་འདུག་སའི་སི་ཋར་བྷཱ་ཁུ་ཁོ་ཧྥེ་ཁང་དུ་སོང་ནས་བསྡད་པ་ཡིན།ངེད་གཉིས་ཆ་མེད་ནས་ཆ་ཡོད་དང་།ཆ་ཡོད་ནས་འབྲེལ་འདྲིས་ཇེ་ཟབ་ཏུ་གྱུར་པ་ན་ནམ་རྒྱུན་འདིར་ཡོང་ནས་བསྡད་པ་ཡིན།
དང་ཐོག་མོས་འོས་སྦྱོར་བྱས་པའི་ཨར་ལུགས་ཁོ་ཧྥེ་འཁྱག་ལ་ཁ་བ་དེ་ངས་འཐུང་མ་གཟོད་པར།འོ་སྤྲི་དང་ཀ་ར་ཡོད་པའི་ནཱ་ཐེ་འཐུང་མོད།དུས་ཡུན་ག་ཙམ་འགོར་བ་མ་ཤེས།རྗེས་སུ་ངས་རང་ཉིད་ཨར་ལུགས་ཁོ་ཧྥེ་འཁྱག་ལ་ཁ་བ་དེ་དང་འབྲལ་ཐབས་མེད་པ་ལྟ་བུར་གྱུར་འདུག་པར་འདང་བརྒྱབ་ནས་ཁོང་འཛུམ་ཡང་ཡང་ཤོར།ངེད་གཉིས་ཀྱིས་འདུ་འཛིན་དང་བྲེལ་ཟིང་གིས་ཁེངས་པའི་གྲོང་ཁྱེར་གྱི་གྲུ་ག་དེ་ནས་སྒོར་མོས་ཉོས་པའི་ལྷིང་འཇགས་གྱོན་ཞིང་།བྲོ་བ་ཁ་ཡང་མྱོང་ན་བདེ་བའི་ཁོ་ཧྥེ་འཐུང་ཞོར།ཕུན་ཚུན་ལ་སོ་སོའི་དགའ་ཕྱོགས་དང་བསམ་ཚུལ་བཤད།ཆུང་དུས་ཀྱི་ཕྱིར་དྲན་དང་ཕ་ཡུལ་གྱི་གནས་བབས་གླེང་།སོ་སོའི་སློབ་སྦྱོང་གི་ཁོར་ཡུག་དང་སློབ་གསོའི་གནས་བབས་ལབ།དེ་ལས་བྱུང་བའི་བསམ་ཚུལ་སོགས་མདོར་ན་རང་ཉིད་ཐམས་ཅད་མཁྱེན་པའི་ཟོལ་དུ་བརྫུས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དག་ཕུ་བཤད་མདོ་བཤད་བྱས།
མོས་ང་ལ་ཁྱོད་ཀྱི་ངག་དུ་དགེ་རྒན་ཆེན་མོ་མང་པོའི་མདུན་ནས་གོ་མ་མྱོང་བའི་བློ་སྐྱེད་རེག་བྱུང་ཞེས་ཡང་ཡང་བཤད་མྱོང་བ་བཞིན།ང་ལ་ཡང་མོའི་གམ་དུ་དགོན་སྡེ་དང་བླ་སྤྲུལ་དག་གི་མདུན་ནས་ཤེས་ཐབས་མེད་པའི་འཇིག་རྟེན་གཞན་ཞིག་གམ།རང་དང་དཔག་ཚད་དུ་མས་ཆོད་པའི་སྤྱི་ཚོགས་ཀྱི་གྲུ་ག་རེ་རེ་ཟུར་བསྟན་ལེབ་མཐོང་དུ་སྣང་ཡོང་།
མ་གཞི་དེ་རིང་ལས་ཞུགས་བྱེད་མི་དགོས་པས་དཔེ་ཀློག་ཐན་ཐུན་རེ་བྱེད་པའམ།ཡང་ན་ཁ་པར་གྱི་འཆར་ངོས་ལ་ཅེར་ནས་ལྷོད་གཡེང་དུ་བསྡད་ཆོག་མོད།ཅི་ཞིག་བོར་སོང་བ་ལྟ་བུའི་སྣང་བ་དང་།གང་ཞིག་འཚོལ་དགོས་པའི་སེམས་འདུན་ཞིག་གིས་ཡོངས་སུ་ཁེངས་ནས་སེམས་ལྷོད་པོ་རང་མ་བྱུང་།ཐ་ན་ཉེ་འཁོར་གྱི་མི་དག་གི་ཁ་པར་ལས་སྒྲ་གྲགས་ཐེངས་རེར་རང་གི་ཁ་པར་ལ་ཡང་ཡང་བལྟ་དགོས་པའི་སེམས་འདུན་ཞིག་དང་ལྷན་དུ་ཕྱི་དྲོའི་བར་ལུས།
“དེ་རིང་ཁྱོད་གང་དུ་སོང་བ་ཡིན།ཁྱོད་གང་ན་ཡོད།”
ཕྱི་དྲོ་དུས་ཚོད་དྲུག་དང་སྐར་མ་ཁ་ཤས་སུ་དབྱངས་ཅན་གྱིས་བྲེལ་བྲེལ་འཚུབ་འཚུབ་ངང་ང་ལ་ཁ་པར་གཏོང་བྱུང་།དེ་ནི་ཏག་ཏག་ལས་མཚམས་བཞག་པའི་དུས་རེད།ང་ལས་སྒྲུབ་ཁང་ནས་ཡོང་དུས་དབྱངས་ཅན་ལ་འགྲེལ་བཤད་གང་ཡང་མི་བྱེད་པའི་དམིགས་ཡུལ་དང་རེ་བའང་མོས་འདི་ལྟར་དངངས་འཚབ་དང་བྲེལ་འཚུལ་གྱིས་ང་ལ་ཁ་པར་ལན་གཅིག་གཏོང་བ་དེ་ཡིན།
“ད་ནས་ང་ལས་ཁུངས་དེར་འདུག་ཐུབ་རྒྱུ་མ་རེད།”
ང་རང་གཏིང་འཁོར་地铁དུ་ བསྡད་ནས་ཕྱིར་སྡོད་ཤག་ཏུ་ལོགས་པའི་ལམ་བར་ནས་དབྱངས་ཅན་ལ་བསམ་བཞིན་དུ་རྫུན་སྟབས་བདེ་དེ་འདྲ་ཞིག་ལབ་པ་ན།མོས་རྒྱུ་རྐྱེན་གསལ་པོར་བཤད་དགོས་པ་ནན་གྱིས་བསྒོས་ཀྱང་ངས་འགྲེལ་བཤད་ཅི་ཡང་མ་བྱས།ང་ལ་མཚོན་ན་མོའི་ཁ་པར་ཐེངས་གཅིག་གིས་འཇིག་རྟེན་གྱི་བྱ་བཞག་ཆེན་པོ་ཞིག་གྲུབ་པ་ལྟ་བུའི་དགའ་ཚོར་དཔག་མེད་ཅིག་སྐྱེས་སུ་བཅུག་བྱུང་།
ཕྱིར་ཉིན་ང་རང་སྔར་བཞིན་ལས་ཞུགས་སུ་སོང་བ་ན།ལས་གྲོགས་མང་ཆེ་ཤོས་གཞུང་ལས་ཁང་དུ་ཐོན་འདུགདབྱངས་ཅན་གྱིས་ང་མཐོང་མ་ཐག་ཐད་ཀར་རྒྱུགས་ཡོང་སྟེ་ང་ལ་དམ་དུ་འཁྱུད་བྱུང་།མོའི་བྱ་སྤྱོད་དེས་ང་ལ་དགའ་བ་དཔག་མེད་ཅིག་སྐྱེས་སུ་བཅུག་ཅིང་ལུས་ཀྱི་བ་སྤུ་རེ་རེའང་གྱེན་དུ་གཟེངས་བའི་སྣང་བ་བྱུང་ལ།དེ་དང་མཉམ་དུ་ལས་གྲོགས་ཚང་མས་མ་བགྲོས་གཅིག་མཐུན་གྱིས་ངེད་གཉིས་ཀྱི་ཕྱོགས་སུ་བལྟས་འདུག་པར་མཐོང་བས་ངས་ནག་ཉེས་ཆེན་པོ་ཞིག་བསགས་སོང་བ་ལྟར་ག་ཤེད་ཅིག་ནས་ཁ་སྐྱེངས་པའི་ཚོར་ཤེས་ཤིག་ཀྱང་ངང་གིས་སྐྱེས།
“ཁྱོད་ཀྱིས་ང་ལ་སྐྲག་བསླངས་བྱུང་།དེ་རིང་ངེས་པར་དུ་ཁྱོད་ཀྱིས་ང་ལ་དགོངས་དག་ཞུ་དགོས།”
ལས་ཀའི་བར་ནས་དབྱངས་ཅན་གྱིས་པྲ་ཚག་གི་ཉམས་དང་བཅས་སྐད་དམའ་མོས་དེ་ལྟར་བཤད་བྱུང་།མོའི་ཅུང་ཙམ་སྒོར་ཞད་ཅན་གྱི་གདོང་ལ་ཁ་གྲགས་ལོས་ཡོང་སྙམ་པའི་མིག་ཟུང་ཆེམ་ཆེམ་དུ་འགུལ་བར་བྱེད་ཅིང་།དེའི་སྟེང་གི་སྨིན་མ་དང་རྫི་མ་གཉིས་ཀྱང་བཟོ་བཅོས་གང་ཡང་མ་བྱས་པར་གཉུག་མར་གནས།ཧ་ཅང་མངོན་ཆུང་གི་ཚུལ་དུ་ཡོད་པའི་གདོང་གི་སྨེ་ཐིག་དེ་དག་ཀྱང་ལྡུམ་ར་མཛེས་པར་བརྒྱན་པའི་མེ་ཏོག་བཞིན་མོའི་གདོང་གི་མཛེས་སྤྲས་སུ་མངོན།
“ཁྱེད་ལ་བོད་ཟས་ཀྱིས་མགྲོན་བསུ་བྱེད་ཆོག”ངས་མོ་ལ་དེ་ལྟར་བཤད་པ་ན།མོས་ཀྱང་མཆུ་མདོང་མདོང་ཙམ་བྱས་ནས་ངའི་དཔུང་པར་ཡང་མོས་ལན་གཅིག་གཞུས་བྱུང་།
ལས་ཚོགས་གྲོལ་དུས་ངེད་གཉིས་ས་འོག་གཏིང་འཁོར་བརྒྱུད་དེ་ང་ཚོའི་ལས་ཁུངས་དང་ཅུང་ཐག་རིང་བའི་ཚངས་དབྱངས་རྒྱ་མཚོ་ཞེས་པའི་བོད་ཟས་ཁང་དུ་སོང་ནས་དགུང་ཟས་ལ་རོལ་ཞིང་།སྔར་བཞིན་ལབ་གླེང་སྣ་ཚོགས་བྱས།སྐབས་དེར་ངས་ཚངས་དབྱངས་རྒྱ་མཚོ་ཞེས་པའི་བོད་ཀྱི་སྐྱེས་ཆེན་ཞིག་དང་ཡེ་ཤེས་མཁའ་འགྲོ་ཞེས་པའི་ཆང་མ་ཞིག་ཀྱང་ཡིད་ལ་དྲན།
“ཁྱོད་སོང་རྗེས་ལས་གྲོགས་ཚོས་ཁྱོད་མུ་མཐུད་དུ་འདུག་རྒྱུ་མ་རེད།ལས་ཁུངས་འགན་ཁུར་པས་ཁྱོད་དངོས་སུ་ཕྱིར་བདས་སོང་།”ཟེར་བཞིན་འདུགམོས་ཅུང་མ་དགའ་བའི་ཉམས་ཀྱིས་དེ་ལྟར་བཤད།
“ང་བསྡད་ཡོད་པ་མིན་ནམ།”
མ་གཞི་ལས་བྲེལ་ཆེ་བས་ལས་གྲོགས་ཚོར་ནམ་ཡང་ཁོམ་ལོང་ཆེར་མེད་ཀྱང་།གཏམ་འཁྱར་བཤད་པའི་སྨྲ་ལྕེ་རྣོན་པོ་དག་ནམ་ཡང་ཁོམ་ནས་ཡོད།ང་ལ་མཚོན་ན་ཁོ་ཚོའི་གཏམ་འཁྱར་ནི་དོན་དག་ངན་པ་ཞིག་མིན་པར་བསམ་བཞིན་རམ་འདེགས་བྱས་པ་ལྟར་གྱུར་འདུག།ངས་ཀྱང་ཏག་ཏག་དབྱངས་ཅན་ལ་དེ་ལྟར་རྫུན་ལབ་པ་མིན་ནམ།དོན་དངོས་སུ་ཕྱིར་དྲོ་དེར་གཞུང་གི་མགོ་ཁྲིད་འགའ་ལས་ཁུངས་སུ་རྟོག་ཞིབ་ཏུ་ཡོང་དགོས་པས།ང་དང་ང་ལྟ་བུའི་གོན་པ་དམིགས་གསལ་བ་ཚོ་བསྡད་ན་དེ་ཙམ་སྟབས་བདེ་མིན་པར་བཤད་པས་ང་རང་ལས་ཞུགས་བྱེད་མ་དགོས་པ་རེད།
“རྗེས་ཕྱོགས་དོན་དག་ཅི་ཞིག་བྱུང་ཡང་།ཁྱོད་ཀྱིས་ང་ལ་རྫུན་ལབ་པའམ་མགོ་སྐོར་གཏང་མི་ཆོག”
དབྱངས་ཅན་གྱིས་ང་ལ་དེ་ལྟར་ཐ་ཚིག་བསྒྲགས་པ་ན།ངས་ཁས་ལེན་ཡང་དག་བྱས།སེམས་སུ་འདི་ལྟར་གཏན་དུ་འདུག་རྒྱུ་བྱུང་ན་སྙམ་པའི་ཧམ་སེམས་ཀྱིས་ཁེངས་ཀྱང་།དུས་ཚོད་ངེས་ཅན་ཞིག་འདས་ཟིན་པས་ངེད་གཉིས་ཕྱིར་མི་ལོག་ཀ་མེད་རེད།
ངའི་མལ་ཤག་ལས་ཁུངས་ཀྱི་ཉེ་འགྲམ་དུ་ཡོད་ལ་དབྱངས་ཅན་གྱི་མལ་ཤག་ལས་ཁུངས་དང་ཅུང་ཐག་རིང་བའི་གནས་སུ་ཡོད་པས།ངེད་གཉིས་ཟ་མ་ཟོས་རྗེས་ཐོག་མར་མོ་རང་སྡོད་ཤག་ཏུ་བསྐྱལ་ཅིང་དེ་ནས་ང་ཡང་ཕྱིར་སྡོད་ཁང་དུ་ཡོང་པ་ཡིན།ང་རང་སྡོད་ཤག་ཏུ་ཐོན་དུས་དུས་ཚོད་བཅུ་གཅིག་ལྷག་རེད་འདུག་མོད།གཉིད་རྨུགས་ཀྱི་སྣང་བ་ཙམ་ཡང་མ་བྱུང་བར་སྔས་འགྲམ་དང་། མལ་ཁྲིའི་ཟ་ཟུར་དུ་གཡུགས་ཡོད་པའི་དཔེ་དེབ་དག་གི་ཁྲོད་ནས《ཚངས་སྲས་བཞད་སྒྲ》བླངས་ཏེ་བལྟས་པ་ན།ཉེ་སྔོན་དབྱངས་ཅན་ལ་འགྲེལ་བཤད་བྱས་མྱོང་པའི་ཚིག་རྒྱན་དག་མཐོང་བའི་མོད་ལ།སེམས་པ་དཔེ་དེབ་ཀྱི་སྟེང་དུ་གཏད་ཐབས་ཡེ་ནས་མ་བྱུང་།
ཐོག་མའི་ཟླ་བར་ངེད་གཉིས་མདུན་ཅོག་གཅིག་གི་འགྲམ་དུ་བསྡད་ཀྱང་ཁ་བརྡ་ཆེར་མ་བྱས་མོད།སྐབས་འདིར་ངས་མཚན་མོ་རེ་རེར་མོ་ལ་དོན་དག་ཡོད་མེད་ཀྱི་ཁ་བརྡ་ལབ་གླེང་ཡིད་ཚིམ་པ་རེ་མ་བྱས་པར་གཉིད་སྲོལ་མེད་པར་ལྟ་བུ་ཞིག་ཏུ་གྱུར་ཟིན།ངས་སྔ་མོ་ནས་མོ་ལ་ཞེ་སེམས་ཐོགས་ཟིན་པ་ཤེས་ཡོད།ཡིན་ནའང་།རང་གི་ཐོབ་ཐང་འདི་དང་རྩ་དོན་འདིའི་དབང་གིས་མོ་ལ་དགའ་ཆོག་ཆོག་དང་།བརྩེ་བའི་འདུན་མ་གླེང་ཆོག་ཆོག་ཅིག་མིན་པ་རང་བློ་རང་ལ་གསལ་བས།རེ་དོགས་ཀྱི་རྒྱ་རུ་ཚུད་པ་ལས་དུང་བ་ཕྱིར་མངོན་མ་ཐུབ།དེ་ལྟར་ནའང་སྤྱི་ལེ་འགའ་ཡིས་ཆོད་པའི་བར་ཐག་ཀྱང་དགོང་མ་རེ་རེ་བཞིན་ཁ་པར་གྱིས་མདུན་དུ་བསུས་ནས་སྔར་བཞིན་དབྱངས་ཅན་ལ་ལབ་གླེང་སྣ་ཚོགས་བྱས།
ངེད་གཉིས་ཀྱི་ཁ་བརྡའི་བར་མཚམས་ཤིག་ནས་མོ་ལ“ང་གྲོད་པ་ལྟོགས་བྱུང”ཞེས་ལབ་པ་ཡིན།དངོས་གནས་ང་རང་ལྟོགས་བྱུང་།
“ང་ཡང་ལྟོགས་བྱུང་།དེ་རིང་ཟ་མ་ལེན་རྒྱུ་མང་སོང་བས་ལྷག་མ་ངས་ཁྱེར་ཡོད་པ་མིན་ནམ།ཁྱེད་རང་ཟ་སར་ཡོང་ཐུབ་ཚེ།ངས་དེ་དག་ཚ་པོ་བཟོ་ཆོག”
ངས་སྐད་ཆ་དེ་གོ་མ་ཐག་རྙི་ནས་ཐར་པའི་རི་དྭགས་ལྟར་ཐེ་ཚོམ་མེད་པར་སྒོར་རྒྱུགས།སྐབས་དེར་གཏིང་འཁོར་སྔར་ནས་གཏོང་འཚམས་བཞག་འདུག་པས།གླ་གཏོང་རླངས་འཁོར་ཞིག་བོས་ཏེ་མོའི་སྡོད་གནས་སུ་ཐོན་པ་ན་མོས་ཀྱང་སྒོ་ནས་སྒུག་འདུགངེད་གཉིས་མོའི་མལ་ཤག་ཏུ་སོང་སྟེ་ཟས་ལྷག་དག་ཟོས་ཤིང་།ནམ་རྒྱུན་དང་འདྲ་བར་ལབ་གླེང་སྣ་ཚོགས་བྱས་མཐར་ང་རང་ཕྱིར་མལ་ཤག་ཏུ་འགྲོ་གྲབས་བྱེད་དུས།གདོན་གྱིས་བརླམས་པའམ་ལྷས་དཔུང་གཉེན་མཛད་པ་གང་ཡིན་མི་ཤེས་པར། ཕྱིར་རོལ་དུ་ཆར་བ་དྲག་ཏུ་འབབ་བཞིན་འདུག་པས་ང་ཕྱིར་རང་ཤག་ཏུ་ལྡོག་མི་ཐུབ་པར་མོའི་མལ་ཤག་ཏུ་ཞག་སྡོད་བྱེད་དགོས་བྱུང་།
ངེད་གཉིས་ཀྱིས་སུ་ཞིག་ནེམ་ཁྲིའི་སྟེང་དུ་ཉལ་བ་དང་སུ་ཞིག་ཉལ་ཁྲིར་ཉལ་བར་རྩོད་པ་བྱས་བྱས་མཐར་གཉིས་པོ་ཉལ་ཁྲིའི་སྟེང་དུ་ཉལ་ཁེབས་ཁ་ཁ་རེ་གོན་ནས་ཉལ་རྒྱུ་ཁ་འཆམ།
“ཁྱོད་ངའི་ཉལ་སའི་ནང་དུ་ཉལ་ན་རུང་རྒྱུ་མ་རེད་དེ།ད་འདི་ལས་ཐབས་ཤེས་མི་འདུགཁྱེད་ཀྱིས་འདི་གོན་དང་གསར་པ་ཡིན།”
མོས་གོས་སྒམ་ལས་ཉལ་ཁེབས་སྲབ་མོ་ཤིག་བླངས་ཞོར་དེ་ལྟར་ཟེར།ངས་མོ་ལ་རུང་མི་རུང་གི་སྐོར་ནས་ལན་གང་ཡང་འདེབས་མ་ཤེས།
ངེད་གཉིས་ཉལ་ཁྲི་གཅིག་གི་སྟེང་དུ་ཉལ་ཞིང་རང་རང་གི་བྱིས་དུས་ཀྱི་འཚོ་བ་དང་སོ་སོའི་ཕ་ཡུལ་གྱི་གནས་ཚུལ་སོགས་ཕུན་ཚུན་ལབ་གླེང་བྱེད་དུས།ཉལ་ཁྲི་ཆུང་དྲགས་པ་དང་།ཚ་གདུག་ཆེ་དྲགས་པ།ད་དུང་དེའི་ཁར་སོ་སོའི་གོན་པའང་ཕུད་མེད་པས་ངས་མོའི་ཐོད་པར་རྔུལ་ཆུས་བརླན་འདུག་པ་མཐོང་ལ།ང་ཡང་སྔ་མོ་ནས་ཕྱིའི་ལུས་པོ་དང་ནང་གི་སེམས་པ་ཡོད་ཚད་ཚ་ལམ་ལམ་དུ་གྱུར་ཡོད་པ་རྟོགས།མཚམས་ཤིག་ནས་ངེད་གཉིས་མ་བགྲོས་གཅིག་མཐུན་གྱིས་ཕུན་ཚུན་འཐམ་འཁྱུད་དང་མཆུ་སྒྲོས་སྦྱོར་བའི་ལས་ལ་ཞུགས།མོའི་པད་འདབ་ལྟ་བུའི་མཆུ་སྒྲོས་ནེམ་ཤ་ཅན་དང་།འཇམ་ཞིང་རྒྱས་པའི་སྨྱོས་བུམ་ཟུང་གིས་ང་རང་སྐད་ཅིག་ཉིད་དུ་དགའ་བདེའི་དཔལ་ལ་འདྲེན་ཞིང་ལས་ཀ་གང་ཞིག་མྱུར་དུ་འབྱུང་འདོད་ཀྱིས་གཅུན།
“ད་དེ་འདྲ་མི་བྱེད།དྲང་མོ་བཤད་ན། ང་རང་ཁྱོད་ལ་དངོས་གནས་དགའ་ཡང་།ངས་ཁྱོད་ཀྱི་སྡོམ་པ་འཕྲོག་མི་རུང་།”མོས་གློ་བུར་དུ་ཅི་ཞིག་དྲན་ཏེ་སྔངས་འཚབ་དང་བཅས་མགོ་བོ་ཕྱིར་བཀྱེད་ནས་དེ་ལྟར་ཟེར།
“ངས་སྡོམ་པ་ལར་ནས་བསྒྲུབས་མ་མྱོང་།ཤོར་རྒྱུ་ཞིག་གང་ན་ཡོད།”ངས་མོ་ལ་དེ་ལྟར་བཤད་དུས་རང་གི་ཁ་ནས་ཐོལ་བྱུང་དུ་ཐོན་པའི་སྐད་ཆ་དེར་དོགས་པ་ཆེན་པོ་སྐྱེས།
“ཁྱོད་ཀྱིས་སྐད་ཆ་དྲང་བཤད་ཡིན་ནམ།ཁྱོད་ཀྱིས་ང་ལ་རྫུན་མི་ལབ་པ་དང་མགོ་སྐོར་མི་གཏང་བའི་དམ་བཅས་ཡོད་པ་མིན་ནམ།”
“ང་ཁྱོད་ལ་ཧ་ཅང་དགའ་བས།ངས་ཁྱོད་མགོ་སྐོར་ཅི་ལ་གཏོང་།དངོས་གནས་ཡིན།”
“……”
ངས་ད་དུང་གསལ་ལེར་དྲན་པ་ཞིག་ལ།སྲུང་མ་ཐུབ་ཚེ་སྡོམ་པ་གཞན་ལ་ཕུལ་ཆོག་པ་སྔ་མོ་ནས་ཤེས།ངེད་གཉིས་ལས་ཀ་དེའི་དངོས་གཞིར་མ་ཞུགས་པའི་གོང་དུ་ངས་སྡོམ་པ་ཕུལ་ས་ཞིག་ལ་འདང་བརྒྱག་མོད།དེ་ནི་ངེས་པར་དུ་སྨྲ་ཤེས་ཤིང་དོན་གོ་བ།ཤེས་པ་རང་བཞིན་དུ་གནས་པ་ཞིག་ཡིན་དགོས་པ་འདུལ་གཞུང་ལས་གསུང་།ཡིན་ཡང་ཁ་རུ་ཁ་ཐུག་དེར་ངའི་ཉེ་འགྲམ་དུ་ཆ་རྐྱེན་འདི་དག་ཚང་བའི་སྡོམ་པ་ཕུལ་ས་གཞན་ཞིག་མེད།ངས་དམིགས་པ་མོ་ལ་གཏད་དེ“དེ་རིང་ནས་བཟུང་སྡོམ་པ་ཁྱོད་ལ་ཕུལ་བ་ཡིན”ཞེས་ཁ་ཕུགས་ནས་ལན་གཅིག་བཟླས་ཤིང་ལས་ཀ་དངོས་ལ་ཞུགས།
ཕལ་ཆེར་སྐར་ཆ་ཁ་ཤས་ལས་མ་འགོར་བར་ངའི་གཅིན་ལམ་ནས་ཚ་ཤག་ཅིག་དང་བཅས་ཅི་ཞིག་ཕྱིར་ཤོར་སོང་།
“ཁྱོད་ཀྱིས་ལས་ཀ་འདི་བྱས་མྱོང་མི་འདུག”
སྐབས་དེར་མོས་ང་ལ་དེ་ལྟར་ཟེར་ཞིང་གདོང་ལ་སྐྱོ་ཉམས་བསྡུས་ནས་ངུས་བྱུང་།མོའི་མིག་ཆུ་རྣ་རྩ་བརྒྱུད་ནས་ཐད་ཀར་ངའི་སེམས་སུ་བཞུར་བྱུང་།སེམས་ཀྱི་ཕྱི་ནང་ཀུན་འཁྱག་སོབ་སོབ་བྱས་སོང་། ངས་རང་གི་རྒྱུད་ཀྱི་སྡོམ་པ་དང་ལུས་ཀྱི་དྭངས་མ་གཉིས་པོ་འདི་ལྟར་གྲ་སྒྲིག་ཡོད་ཡོད་འདྲ་ལ་མེད་མེད་འདྲ་བར་མོ་ལ་ཕུལ་ཟིན་དུས།ལུས་ཀྱི་རྔུལ་ཆུ་དག་དྲོན་མོ་ནས་འཁྱག་པར་གྱུར་ཅིང་རིམ་གྱིས་ལུས་ཡོང་འདར་སིག་སིག་བྱེད་ཞོར་ལོ་ན་བགྲེས་པའི་ཡབ་ཡུམ་གཉིས་ཀྱི་ཞལ་རས་མིག་ལམ་དུ་ཤར་བྱུང་།ང་ཕ་ཡུལ་ནས་ལམ་ལ་ཆས་ཁར་ཁོང་གཉིས་ཀྱིས་བསྒོ་བ་དག་ཀྱང་ཡིད་ཀྱི་གཏིང་རིམ་ནས་བྲག་ཅ་བཞིན་གྲགས་བྱུང་།
“གཙོ་བོ་སེར་མགོ་ཐོན་ཀ་ཞོག”
2026.1.30ཉིནབྲིས།2026.4.13ཉིན་བཅོས། 2026.6.2ཉིན་བསྐྱར་དུ་བཅོས།
2026ལོའི《གངས་དཀར་རི་བོ》དེབ་དྲུག་པར་བཀོད།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།

