རྨ་ཆེན་གངས་རི།
རྨ་ཆེན་གངས་རི
བདག་གི་མཁའ་དབྱིངས་མཐོན་པོར་བཏེགས་པའི
ཀ་བ་ཇི་བཞིན བདག་གི་ཁོར་ཡུག་དང་མཐོང་ལམ
གསལ་བར་བྱེད་པའི་ཉི་འོད་ཇི་བཞིན
ངས དགུན་དུས་ཧྲིལ་བོ་ཞིག་གི་བསམ་གཞིགས་ཁྲོད
ཁྱོད་ཀྱི་གཏན་ཚིགས་ཚོར
ངས རྒྱུ་སྐར་འཁྲིགས་པའི་མཚན་ལྗོངས་ཤིག་གི་མཛུབ་རྩེ་ནས
ཁྱོད་ཀྱི་འཛུམ་མདངས་རྙེད
རྨ་ཆེན་གངས་རི
བགྲང་བྱ་ཁྲི་ཕྲག་གི་སྦས་སྐུང་ཟབ་མོ
ཁྱོད་ཀྱི་རྫ་སྲུབས་ནས་འཕྱུར་ཞིང
དཔའ་བོའི་གཡུལ་འཁྲུག་གི་མཛད་རྗེས་ཟླུམ་པོ
ཁྱོད་ཀྱི་ལུང་གྲོག་ནས་བཞུར
རྨ་ཆེན་གངས་རི
འབྲོང་རྒོད་རུ་དམར་གྱིས
བཙན་རྫོང་བཟུང་སའི་རྫ་འགག་དོག་པོ
ཁ་དཀར་རྐྱང་གིས་བང་རྩལ་འགྲན་སའི་སྤང་ལྗོངས་ནེམ་པོ
ཉི་མ དབུ་ཐོད་དུ་འཆང་ཞིང
ཟླ་གཞོན་ཕྲག་གོང་ལ་བསུས་པའི་དཔའ་རྒོད་འཕྱོར་པོ
ཁྱོད་ཀྱི རྟོགས་བརྗོད་དང་རེ་སྨོ་ཡོད་ཚད
རྨ་ཀླུང་རིང་མོའི་རོལ་དབྱངས་ཀྱིས་ཁྱེར་ཏེ
ཞི་བདེ་རྒྱ་མཚོར་ལེགས་སྐྱེས་སུ་ཕུལ་བ་ཡང
སྒྲོ་འདོགས་མིན ཁྱོད་ཡོད་པ་ནས་བཟུང
ཆོས་རྒྱལ་མེས་དབོན་གྱི་བང་སོ་ང་ཡི་སྙིང་ཁོང་ནས་འབུས་ཤིང
ཁ་བའི་དར་རྒུད་ཀྱི་རྨ་ཁ་ང་ཡི་རུས་སྟེང་ནས་འཕག
རྨ་ཆེན་གངས་རི
ངའི་ཡིད་ཀྱི་མཆོད་ཁང་ན་འབར་བའི མར་མེ་སེར་པོ
ངའི་མིག་གི་མཁའ་དབྱིངས་སུ་བཀྲ་བའི་མེ་ཏོག་དཀར་པོ
ཁྱོད་མཐོང་བས
བདག་གི་ཕུགས་བསམ་གྱི་འཇིག་རྟེན་ལ
བདག་གི སྨོན་ལམ་གྱི་ཁ་བཏགས་ལ་རྩུབ་རེག་བྲལ
རྨ་ཆེན་གངས་རི
བདག་གི་ཚེ་སྲོག་གི་བཞུར་རྒྱུན་དྭངས་མོ
ངས་ནམ་ཡང ཁྱེད་ལ་སྙན་ངག་གི་བདེན་དཔང་བརྗོད
ངས་ནམ་ཡང ཁྱེད་ཉིད་དབུ་ཐོད་ཀྱི་ཞྭ་བཞིན་བཀུར
རྨ་ཆེན་གངས་རི
ཁྱེད་ཉིད་ནམ་ཡང
བདག་ཡིད་ཀྱི་སྐྱེད་ཚལ་དུ་བརྟན་པོར་བཞུགས་རོགས
རྩོམ་ཁུངས། སྙན་ངག་དེབ