ཤམ་བྷ་ལའི་བུ་མོ།
-དབྱངས་ཅན་ལྷ་མོའི་གླུ་གཞས་ལ་ཉན་པའི་ཚོར་སྣང་།
ཞོགས་པའི་ཉི་ཟེར་གྱིས།
ཁྱོད་ཀྱི་མེ་ཏོག་གི་ཞལ་ཁེབས་བཀྱགས་ཤིང་།
མེས་པོའི་ལྷ་ཆབ་སྔོན་མོས།
ཁྱོད་ཀྱི་མཛེས་སྡུག་གི་ངང་གཤིས་ཡང་ཡང་བརླན།
དབྱངས་ཅན་ལྷ་མོ། ས་དོག་འདིས།
ཁྱོད་ཀྱི་རྐང་རྗེས་ཆུང་ཆུང་བསྐྱོར་ཉིན་ནས།
ཁྱོད་ཀྱི་མཁུར་ཚོས་བརྟོལ་བའི་ཨ་མའི་གླུ་སྐད་ཅིག
དྭངས་གཙང་གི་སེམས་པའི་སྒྲོམ་བུར་ཉར་ནས་ལོ་ཟླ་ག་ཚོད་ཕྱིན།
ཡུན་རིང་གི་རྗེས་སུ། བྱིའུ་ཆུང་མང་བོ་ཞིག་ཁྱོད་ཀྱི་ལྗོན་པར་སྙེག
ཁུ་བྱུག་གི་མགྲིན་པའང་ཁྱོད་ཀྱི་ཕྱོགས་སུ་འཕུར་དཀྱོགས།
སྤྲིན་དཀར་གྱི་ངོགས་སུ་ལྷོད་ཀྱིས་འཕུར་བའི།
སྦྲང་ཆར་གྱིས་ཡང་ཡང་བཀྲུས་པའི་ཁྱོད་ཀྱི་གླུ་ངག་འཇམ་པོ།
སུ་ཞིག་གི་སྙིང་ཁར་འཁྱིལ་བའི་ཁྲག་དྲོན་ལ་གཏན་དུ་འདྲེས།
རིག་བྱེད་གཏམ་རྒྱུད་ཀྱི་གསང་ལམ་འགྲིམ་པའི་དབྱངས་ཅན་མ།
ཁ་བའི་དྭངས་གཙང་གིས་བསྐྱེད་པའི་ལྷ་མོ་ལགས།
ཁྱོད་ནི། རྩྭ་ཐང་དང་གངས་ཆབ་ཀྱི་དྲན་པའི་ཀློང་ན།
རླུང་བུས་ཀྱང་ཟིན་ཐབས་བྲལ་བའི་སྐྲ་ལོ་ཤམ་ཤམ།
གསང་བའི་དབྱངས་འགྲོས་ཀྱིས་འཁྱིལ་བའི་ཟུར་མིག་འཁྱུག་འཁྱུག
ལང་ཚོའི་འཇོ་སྒེག་ལ་འཁྲིལ་བའི་དར་གོས་ལྷབ་ལྷུབ།
ཕ་མཐའ་བྲལ་བའི་ཚེ་སྲོག་གི་འགྱུར་ཁུགས་རེ་རེ།
ཞིམ་མངར་གྱི་རྒུན་ཆང་དང་ཨ་མའི་ནུ་ཞོ་ལྟར་བཞུར་པས།
ཟད་ཅིང་ཆད་ལ་ཉེ་བའི་ཚོ་ཁག་ཅིག་གི
རྣམ་ཤེས་ཀྱི་དབུགས་རྒྱུན་རེ་རེ་སླར་ཡང་མཐུད།
ཐུགས་རྗེ་ཆེ། ཤམ་བྷ་ལའི་བུ་མོ།
ས་གཞི་དང་ནམ་མཁའ་མུན་པས་སྦྲེལ་བའི་མཚན་མོ་རེར་ཡང་།
བརྩེ་བ་ཁྲི་ཕྲག་གིས་འདར་བའི་ཁྱོད་ཀྱི་སྐར་ཚོམ་གྲངས་མེད།
སུ་ཞིག་གི་རྨི་ལམ་དང་དྲན་པའི་གཙང་བོར་ཡང་ཡང་འཐོར།
དབྱངས་ཅན་ལྷ་མོ། ད་ལྟ་སྙན་ངག་པ་ཞིག་ཀྱང་།
ཁྱོད་ཀྱི་གླུ་སྐད་དང་རོལ་དབྱངས་ཀྱི་སྣེ་ན། ཁུ་སིམ་མེར།
དགའ་སྐྱོ་འདྲེས་མའི་དུངས་པ་སྲབ་མོ་ཞིག་གིས་སེམས་བསྐྱོར་ཏེ།
ཁྱོད་ཀྱི་རི་ཀླུང་དང་གཏམ་རྒྱུད་ཀྱི་ངོགས་སུ་འཐིམ་པར་རྩོམ།
རྩོམ་ཁུངས། ༢༠༠༦ལོའི་སྦྲང་ཆར།