གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་འཁོར་ཟི་ལིང་གི་ཕྱོགས་སུ་བསྐྱོད།

2009-12-08 11:02:00 རི་སྔོན་བླ་མ་ཐར། ཀློག་གྲངས། མཆན ཡོད།

 

ཁྲོག་ཁྲོག་གི་ཆོམ་སྒྲ་དང་བཅས་མེ་འཁོར་གཞི་ནས་ལམ་ལ་ཆས་བྱུང

ལམ་ལ་ཆས་པ་ནས་བཟུང

ང་རང་གི་བློ་ཁ་རང་དབང་མེད་པར་གཞན་ཅི་ཞིག་གི་ཕྱོགས་སུ་འགྲོ་ལ

མེ་འཁོར་གྱི་སྒེའུ་ཁུང་དག་ལས་ཡང་ཡང་མངོན་པའི

མུ་མཐའ་བྲལ་བའི་སྔོ་བསང་ཀྱི་ནམ་མཁའ་ཆེན་པོ་འདིའི་འོག་ན

འུར་ཟིང་དང་མི་ཚོགས་ཀྱི་འཚང་ཁས་གྲུབ་པའི་འབབ་ཚིགས་རེ་རེ་བརྒྱུད་དེ

རིམ་བཞིན་ཁྱོད་དང་བར་ཐག་ཇེ་ཉེར་འགྲོ་བཞིན་པའི་སྣང་བ་འཆར་བྱུང

 

མེ་འཁོར་འདིས་འཕྲེད་དུ་ཉལ་བའི་རི་རྒྱུད་དང་བྱེ་ཐང

ནགས་ཚལ་དང་སྔོ་ལྗང་གི་སྤང་ཐང་དུ་མ་བརྒྱུད་ནས་ཐག་རིང་དུ་བསྐྱོད

ལམ་གྱི་གཡས་གཡོན་དག་ལ་མཚོ་དང་མཚེའུ་ཁ་ཤས་དལ་ཅག་གེར་འཁྱིལ་ཞིང

རྒྱང་རིང་གི་མཁའ་དབྱིངས་སུ་སྤྲིན་དཀར་གྱི་འདབ་མ་རེ་རེ་མངོན་པར་བཀྲ

རྟོག་བཏགས་ཀྱི་མེ་འཁོར་ཆེན་པོ་འདིའི་ནང་དུ་བསྡད་དེ་ཕ་རོལ་ཏུ་བཅར་དུས

གནས་འདིའི་རང་བྱུང་གི་མཛེས་སྡུག་ཡོད་ཚད་ཀྱིས་ང་ཡི་ཡིད་སེམས་རབ་ཏུ་འཕྲོག་སོང

 

ངས་ལམ་བར་ནས་ཆར་ཟིམ་ཁྲོད་ཀྱི་དབེན་འཇགས་ཀྱི་འབྲོག་ཐང་དང

ལ་ཁའི་དར་ལྕོག་ཁ་ཤས་མཐོང་གི་འདུག

ཆུ་ལེན་བུ་མོ་དང་དཀར་དམར་སྔོ་ལྗང་གི་མེ་ཏོག་ཚོམ་བུ་ཚོམ་བུ་མཐོང་གི་འདུག

ད་དུང་ཡུན་རིང་ལ་དགུང་སྔོན་ནམ་འཕང་གཅོད་པའི་འདབ་ཆགས་ཁྱུ་ཞིག་མཐོང་གི་འདུག

མེ་འཁོར་འདི་ལྟར་མུ་ནས་མུ་ལ་ཁྱོད་ཕྱོགས་སུ་བསྐྱོད་པའི་འགྲོས་དང་བསྟུན་ནས

ངའི་ཡིད་ལ་ཧ་ཅང་ཆུང་ངུའི་དུས་ཀྱི་བརྗེད་པར་དཀའ་བའི་འདས་དོན་རྣམས་འཆར་བྱུང

རང་ཉིད་ཀྱི་ཆེས་ཐོག་མའི་འོ་དང་བརྩེ་དུང་ཡང་དྲན་བྱུང

 

རྒྱུ་མ་མང་པོ་ཞིག་གིས་གྲུབ་པའི་ང་རང་སྟེ  མེ་འཁོར་འདིས

བཟོད་བསྲན་ཆེན་པོས་ཉི་ཤར་ནས་ཉི་ནུབ་ཀྱི་བར་དུ་ཁུར་བོ་ལྕི་མོ་ཞིག་དྲུད་ནས་འགྲོ་བཞིན་འདུག

ཡིད་དུ་འོང་བའི་འཇིག་རྟེན་གྱི་བཟོ་བསྐྲུན་དང་བར་སྣང་ན་རེས་མོས་སུ་འཁོར་བའི་ཉི་ཟླ་སྐར་གསུམ

མི་དང་མི་ཕན་ཚུན་བར་གྱི་མཛའ་བརྩེའི་འགྲོ་འོང་དང་གདུག་རྩུབ་ཆེ་བའི་རྙོག་འཛིང་གི་བསླུ་བྲིད་སྣ་ཚོགས

ཁ་སང་གི་ལོ་རྒྱུས་དང་ཐོག་མ་ནས་མེད་པའི་སྙན་ངག་གི་བློས་བསླངས་གསར་བ་རེ་དྲུད་ནས

ནམ་ཡང་ཐང་ཆད་རྒྱུ་མེད་པར་རང་་གི་སྟོབས་ཤུགས་ཡོད་ཚད་ཕྱི་རུ་ངོམ

 

མིའི་རིགས་ཀྱི་རྫོགས་མཐའ་བྲལ་བའི་དམག་འཁྲུག་དང་ནད་ཡམས་ཀྱི་རྨ་ཁ

འདོད་ཧམ་དང་གཡོ་སྒྱུའི་མིག་ཟུང་ཆེ་ཆུང་དེ་དག

སྐྱོ་སྣང་གི་དུ་བ་སྔོ་ཤུར་ཤུར་དང་བཅས་མེ་འཁོར་འདིའི་འཁོར་ལོ་དག་འཁོར་གྱིན

སྔར་བཞིན་འཇིག་རྟེན་གྱི་གྲུ་ག་ཞིག་ན་བྲེལ་འཚུབ་ངང་ཁྱོད་ཕྱོགས་སུ་བསྐྱོད

 

རྒྱང་རིང་གི་གནམ་ས་འདྲེས་མཚམས་ནས་ཉི་མ་ནུབ་རིར་ཡོལ་མ་ཐག

ངས་རྒྱ་ཆེ་ཞིང་གཏིང་ཟབ་པའི་མུན་ནག་གི་མཚན་མོ་ཞིག་ལ་གདོང་ཐུག་བརྒྱབ

 

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།