ཁྲི་ཤོར་རྒྱལ་མོ།
ས་དང་ནམ་མཁའ་སྦྲེལ་བའི་བར་སྣང་འདི
ངའི་མིག་གིས་མཐོང་ཚད་ཁོ་ན་ཡིན་ནམ
ཉི་འོད་དང་དུས་ཚོད་ཀྱིས་འཇུམས་པའི་ང་རྒྱལ་ཞིག་ཡིན
ཁེར་རྐྱང་གི་གླིང་ཕྲན
ངས་མ་མཐོང་ཡང་བྱ་ཁྱུས་བསྐོར་ཡོད་ཟེར
ཉི་ནུབ་ཀྱི་སྔ་གཞུག་འདིར
ཁོ་ཚོས དབེན་འཇགས་ཀྱི་གནས་དེ་རུ་ཅི་ཞིག་གླེང་གིན་ཡོད
ས་གཞི་ལ་ཁྲག་ལྟ་བུའི་ཕྱིར་མིག་ལྷུང་དུས
ད་དུང་ཞི་བདེའི་མཆོད་རྐོང་སྦར་མཁན་ཚོ
ས་སྲོད་ཀྱི་བྱ་ཁྱུ་དང་མཉམ་དུ་གང་ལ་འཕུར་འགྲོ་ཨང
ཁོད་ཡངས་པའི་རླབས་ངོགས་སུ
ང་རང་གྲིབ་གཟུགས་རིང་བོ་དེའི་སྣེ་རུ་འགྲེང་ཚེ
དབང་མེད་དུ་མཐེ་བོང་ལ་ལྟ་བཞིན
ལོ་ཟླའི་གཉེར་རིས་ལ་འཐིམ་པའི་གོད་ཆག་རེ་གཉིས་དྲན
སེམས་ཀྱིས་འདང་ཚད་ཅིག་དུས་ཀྱི་མགོ་རྔ་ཡིན་པས
ཨམ་ཕྲག་སྔོན་གིན་གཏེར་འབུལ་བྱེད་དོན་མི་འདུག
རོ་བསྐ་བའི་ཨ་སྔོན་ཆུང་ངུ་འདི་མེ་ལོང་ཞིག་ཡིན་ན
མཚན་ལྗོངས་གཤགས་པའི་སྐར་མདའ་རེའི་རྗེས་སུ
གནའ་སྔ་མོའི་སྐྱོ་གར་ལྟ་བུའི་བག་མེད་ལོངས་སྤྱོད་དག་འཆར་ཐུབ
དེའི་ཕྱིར མཐིང་མདོག་གི་རྔམ་བརྗིད་འདིའི་གདོང་ནས
ང་ལ་སོམ་ཉི་ཅི་ཡང་མེད་པར་བྲང་གཞུང་བརླན་གཤེར་གྱི་ང་རྒྱལ་ལ་སྦྱར
ད་དུང ཀོ་གྲུ་ལྟ་བུའི་ལྷམ་ཆུང་རླབས་རྩེར་བསྐྱོན་བཞིན
ཉི་འོད་འོག་རྒྱང་རིང་ནས་ལོག་ཀྱང་རྒྱང་རིང་ལ་བཞུད་སོང
རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག