འདི་ན་ཉི་འོད་མེད།
འདི་ནི་ཁ་བྱང་ལྟའི་ཁང་བུ་ཡིན་པས
འདི་ན་ཉི་འོད་མེད
དགེ་ཆོས “སྨྱོན་པས”མེ་ཏོག་ཆུན་པོ་འདི་རུ་རྙིད་ལ་བལྟས་ཚེ
ང་ཚོས་ཁང་པའི་སྒོ་དེ་ཅིས་ཀྱང་བརྗེ་དགོས་པ་མ་ཡིན་ནམ
འདི་ནི་ཁ་བྱང་ལྟའི་ཁང་བུ་ཡིན་པས
འདི་ན་ཉི་འོད་མེད
རང་གྲོལ “སྐྱུར་གོང”གི་རྦབ་ཆུ་འདི་རུ་འཁྱགས་པར་བསམ་ཚེ
ང་ཚོས་ཁང་པ་དེར་སྒེའུ་ཁུང་ཅིག་ཅིས་ཀྱང་གཏོད་དགོས་པ་མ་ཡིན་ནམ
འདི་ནི་ཁ་བྱང་ལྟའི་ཁང་བུ་ཡིན་པས
འདི་ན་ཉི་འོད་མེད
ཡུན་རིང་སྟོང་བར་ལུས་པའི་གྲང་སིབ་སིབ་ཀྱི་ཁྲི་དེ་དྲན་ཚེ
ང་ཚོས་ཁང་པའི་གནས་དེ་ཅིས་ཀྱང་སྤོ་དགོས་པ་མ་ཡིན་ནམ
འདི་ནི་ཁ་བྱང་ལྟའི་ཁང་བུ་ཡིན་པས
འདི་ན་ཉི་འོད་མེད
ནམ་མཁའ་སྟོང་བའི་མཐོང་མདོག་འདི་མཐོང་ཚེ
ང་ཚོས་ཁང་པ་འདི་ལ་ཉི་འོད་ཅིས་ཀྱང་འཕྲོ་ཐུབ་པ་བྱེད་དགོས
རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག