སྒྲོལ་མ།
བདག་གི་སེམས་ལ་ཆར་བ་བབས
དེ་རུ་མེ་ཏོག་ཅིག་བཞད་ཀྱིན་པའི་སྒང་ཡིན་ལ
མེ་ཏོག་དེའི་མིང་ལ་སྒྲོལ་མ་ཟེར
སྒྲོལ་མ ཁྱོད་ཀྱི་ལང་ཚོ་ཡིས
ཞོགས་དུས་ཀྱི་ཟིལ་བ་འཁུར་ནས
ཐག་རིང་ཐག་རིང་གི་སྦྲང་ཆུང་ཞིག་དབང་མེད་དུ་བཀུགས་སོང
ཟླ་བ་ནི་ར་རི་ཡིས་ཡོངས་སུ་གཏམས་པས
དེ་ནི་ཁྱོད་ག་ལ་ཡིན་ཏེ་མིན་ནོ
ཁྱོད་ནི་ཇོ་མོ་གླང་མའི་གངས་རྡུལ་ཏེ
ཁྱོད་ནི་ཆུ་གཏེར་ཆེན་པོའི་སྒྲ་དབྱངས་ལས་འཁྲུངས་པའི་ལྷ་མོ་ཡིན་ནོ
འོ བདག་གི་ལྷ་མོ
ས་སྒང་ནི་དེ་འདྲ་མཐོ་ལ
ཁྱོད་ནི་དེ་ལས་ཀྱང་མཐོ་བས
སྤྲིན་དཀར་གྱི་ཕུང་བོ་ནི་ཁྱོད་ཀྱི་དར་ཟབ་ཀྱི་ལྭ་བ་མ་ཡིན་ནམ
ཉིན་མཚན་ཀུན་ཏུ་དྲན་པའི་ཁྱོད
ལང་ཚོ་ཡི་ནུ་འབུར་ཟུང་བྲང་ཁར་ལྕི་ཞིང
དཀྱུས་རིང་མིག་ཟུང་ནི་ཐེ་ཀོར་གྱི་སྙན་ཚིག་དང་འདྲ་བར
རོ་བཅུད་དེ་ཉམས་སུ་མྱངས་ཚར་རྒྱུ་མི་འདུག
ཨ སྒྲོལ་མ་ཁྱོད་ཀྱི་མིག སྒྲོལ་མ་ཁྱོད་ཀྱི་མཆུ་སྒྲོས
སྒྲོལ་མ་ཁྱོད་ཀྱི་ཡོད་ཚད
མི་ཚེ་གང་བོའི་བརྩེ་དུང་གི་བག་དྲོའི་ཁྲོད
སྦྲང་ཆུང་དེ་ཡིས་ཚིམ་པ་མེད་པར་མྱོང་རོལ་བྱེད་ན་འདོད་ཨང
རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག