གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཀྱི་འཛུམ་བག

2010-11-29 13:13:00 དཔལ་རྩེ། ཀློག་གྲངས། མཆན ཡོད།

དུས་དེ་ནས་བཟུང༌།
ཁྱོད་ཀྱི་ལང་ཚོ་བདག་ལ་དུག་བཞིན་གཙེས།
ཚེ་འདིར་མ་མྱངས་པའི་ཚོར་བ་ཅི་ཡང་མེད་ཀྱང༌།
དུས་དེ་ནས་བཟུང༌།
ཁྱོད་ཀྱི་འཛུམ་བག་དེ་ཁོ་བོའི་མནར་གཅོད་དངོས།

བརྩེ་འདུན་གྱི་མཚམས་སྤྲིན་གསལ་བར་ཤར་ཆེད།
ལྷག་བསམ་གྱི་འོ་མ་ཕངས་མེད་མཆོད་ཀྱང༌།
སྙིང་གི་ལྷ་མོ།   ཁྱོད་ལ་ཚོར་འགུལ་མེད་འདི་ཅི།

བློ་ཡི་འཁྱེར་སོ་ཁྱོད་ཀྱིས་གཏན་དུ་བཟུང༌།
སྙིང་གི་རྨ་ཁ་ཁྱོད་ཀྱིས་ཆེ་ཆེར་བཤགས།
སྡུག་གི་ཁ་བའང་ཁྱོད་ཀྱིས་དྲག་ཏུ་ཕབ།
བདག་སེམས་ཀྱི་ས་གཞི་ཁྱོན་ཆུང་བས།
གདུང་བའི་ཁུར་ཆེན་བཟོད་པར་དཀའ།

ད་ནི་འདྲེན་བྱེད་ཀྱི་མཐོང་རྒྱུན་ཆད་ཅིང༌།
ཐོས་འཛིན་གྱི་ཚོར་བ་ཉམས་ན།
སྙིང་གི་ལྷ་མོ།  ངས་ཁྱོད་ལ་བཀའ་དྲིན་ཞུ།
དུས་དེར།
ཁྱོད་ཀྱི་འཛུམ་བག་བདག་གི་ལག་རྟེན་ཡིན་ལ།
ཁོ་བོའི་ངག་ནས་བཟླས་ཤིང་ཟློ་བཞིན་པའང་ཁྱོད་ཀྱི་རྫུན་ཚིག་གོ

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།