འཁོར་བའི་ཉིན་གཅིག

དབུས་ཕྲུག་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-07-09

     བྱང་ཆུབ་ལྗོན་ཤིང་དང༌། ཐང་ཤིང༌། ཤིང་ཏོག་ཨ་མའི་སྡོང་པོ་ལ་སོགས་པའི་ལྗོན་གསེབ་ནས་བྱ་བྱིའུའི་གྲེ་གྱུར་གྱི་གླུ་དབྱངས་ནི་རབ་ཏུ་སྙན་པས་སྐྱེ་བོ་ཀུན་གྱི་ཡིད་དབང་དབང་མེད་དུ་འགུག་པར་བྱེད། མཁའ་རླུང་གཙང་ཞིང་གནམ་ངོ་དྭངས་པའི་དེ་རིང་གི་ཞོགས་པ་ནི་ཧ་ཅང་སྐྱིད་ཉམས་ལྡན། ང་རང་སྙན་ངག་ཀློག་དེབ་ཅིག་ཁྱེར་ཏེ་རྒྱུན་ལྡན་བཞིན་སློབ་གྲྭའི་ཉེ་འགྲམ་གྱི་སྤྱི་སྤྱོད་མེ་ཏོག་ལྡུམ་ར་དེའི་ནང་ལུས་སྦྱོང་དང༌། མཁའ་དབུགས་གཙང་སེལ་བྱེད་རྒྱུ་ལྷན་སྙན་ངག་རྩ་བ་སྐྱོར་སྦྱང་བྱེད་པར་བསྐྱོད། ངོ་མ་བཟོ་བཀོད་ཕུན་སུམ་ཚོགས་པའི་མེ་ཏོག་ལྡུམ་ར་དེའི་ནང༌། ཡང་ཅུན་མེ་ཏོག །སྒྲོལ་མ་མེ་ཏོག །སྐལ་བཟང་མེ་ཏོག །སེ་ཆེན་མེ་ཏོག་ལ་སོགས་ཆེས་བགྲང་གིས་མི་ལངས་ཤིང་ད་དུང་མིང་མི་ཤེས་པའི་མེ་ཏོག་སྣ་ཚོགས་ཀྱིས་ཁེངས་ཤིང༌། སློབ་གྲྭའི་ཁོར་ར་ཁོར་ཡུག་གང་སར་དྲི་ཞིམ་མེ་ཏོག་གི་བསུང་ངད་ཅི་དགར་འཐུལ་ཡོང༌། མེ་ཏོག་གི་རོ་བཅུད་ལེན་པའི་སྦྲང་ནོར་བུ་སོགས་སྦྲང་བུའི་རིགས་དང༌། ཕྱེ་མ་ལེབ་ཀྱི་རིགས་མི་འདྲ་བ་སྣ་ཚོགས་རང་དགར་ཕར་ཚུར་འཕུར་ལྡིང་གིས་ཅི་དགར་རོལ་བཞིན་འདུག །ངོ་མ་སྐབས་དེར་ང་རང་ཡང་གཤོག་རྩལ་ཡོངས་སུ་རྫོགས་པའི་གཡུ་སྦྲང་ཆུང་ཆུང་ཞིག་ཡིན་ན་སྙམ།
    དེ་ནས་དེ་ཙམ་ཐག་མི་རིང་བའི་རྒྱ་སེ་མེ་ཏོག་དམར་པོ་ཚོམ་བུ་ཞིག་གི་ཉེ་འགྲམ་དུ་ང་རང་རྐུབ་སྟེགས་ཤིག་ལ་ངལ་གསོ་བཞིན་བསྡད། སྐབས་དེར་ཁ་དོག་དམར་སེར་ཅན་གྱི་སྦྲང་ནོར་བུ་ཆེན་པོ་ཞིག་ཟིར་སྒྲ་དང་བཅས། ངའི་གཞོགས་གི་རྒྱ་སེ་མེ་ཏོག་དེའི་སྟེང་བབས་ཤིང་མགོ་བོ་གུག་ཙམ་གུག་ཙམ་གྱིས་མེ་ཏོག་གི་ཟེའུ་འབྲུར་མཆུ་ཏོ་གྲངས་མེད་བསྣུན་ཏེ་མེ་ཏོག་གི་ཟིལ་མངར་བཏུས་ཤིང་རྒྱང་དུ་འཕུར། གཡས་གཡོན་མེ་ཏོག་གི་འདབ་ལོ་གང་སར་འོ་བྱེད་ཀྱིན་སླར་ཡང་ངའི་ཉེ་འཁོར་གྱི་མེ་ཏོག་སྟེང་དུ་བབས། འདི་ནི་འཇིག་རྟེན་གྱི་བདེ་སྐྱིད་དང༌། རང་དབང༌། ལྷག་དོན་འཕུར་རྩལ་ཆེ་བའི་སྦྲང་ནོར་བུ་ཞིག་གི་ཕུགས་འདུན་ཡང་ཡིན་པས་བདེ་སྣང་མི་སྐྱེས་པ་ཅི་ལ་སྲིད། གློ་བུར་དུ་ཁང་བྱིའུ་ཞིག་ལྕང་མའི་ཡལ་སྟེང་དུ་འཕུར་འོང་སྟེ་མེ་ཏོག་གི་རྩི་བཅུད་འཐུ་བཞིན་པའི་སྦྲང་ནོར་བུར་མིག་ཟུང་ཧྲིག་ཧྲིག་གིས་བལྟས་ཏེ་ཟ་འདོད་ཀྱིས་མཆུ་རྩེ་ལན་མང་བརྡར། སྐབས་དེར་ས་ཕྱོགས་གང་ཞིག་ནས་འཕུར་འོང་བ་མི་ཤེས་པའི་བྱ་ཁྲ་གཅིག་གིས་ཁང་བྱིའུ་དེ་མིག་གིས་མཐོང་སར་མེད་པར་དེད། འོན་ཀྱང་སྦྲང་ནོར་བུ་ནི་ད་དུང་དོགས་འཆར་ཏིལ་འབྲུ་ཙམ་ཡང་མེད་པར་རྒྱ་སེ་མེ་ཏོག་གི་འདབ་ངོས་སུ་ལུས་པོ་འགུལ་ཙམ་འགུལ་ཙམ་བྱེད་ཀྱིན་མེ་ཏོག་གི་རྩི་བཅུད་འཐུ་བཞིན་འདུག །ཨ་ཨའ། འཇིག་རྟེན་འདིར་སྐྱེ་འགྲོ་སུ་ཞིག་གིས་རང་ཉིད་ལ་འདི་ལྟབུའི་ཉེན་ཁ་ཡོད་པར་བསམ་སྲིད་དམ། དེ་ལས་ལྡོག་ཏེ་ཁ་ཟས་ཁམ་བུ་གང་པོ་རང་ཉིད་ཀྱི་ཚེ་སྲོག་དང་བདེ་སྐྱིད་ལ་འགྲེལ་ཅིང༌། གཟི་བརྗིད་དང་མངའ་ཐང་ཁོ་ནའི་རྒྱན་དུ་རློམས་ཏེ་ད་དུང་ཞེན་ཆགས་ཀྱི་མཚན་མ་ལྷག་པར་ཆེ། དེ་མུར། སླར་ཡང་བྱི་འུའི་རིགས་གཞན་ཞིག་བདེ་ལྕགས་འཁྱུག་པོས་ངའི་མིག་མདུན་དུ་འཕུར་འོངས་ཤིང་མེ་ཏོག་གི་རོ་བཅུད་འཐུང་བཞིན་པའི་སྦྲང་ནོར་བུ་དེ་མཆུ་ཡིས་བསྒྲུགས་ཏེ་འཕུར་སོང༌།
      སྐབས་དེར་གང་ཞིག་གིས་རྐྱེན་བྱས་སམ་མི་ཤེས། གང་ལྟར་སྟབས་མི་ལེགས་པར་ང་རང་གི་གྲོད་ཁོག་ལ་ན་ཟུག་སྐྱུར་མོ་ཞིག་ལང་གིན་ད་དུང་སུ་ཞིག་ལ་ཕྱིར་འདང་རྒྱག་བཞིན་པའི་ངའི་རྣམ་ཤེས་ཀྱི་འགྲོན་པོ་ཚུར་འཁོར་སྐབས་ཞོགས་པའི་སྤྲོ་འཆམ་གྱི་བདེ་སྣང་མ་ལུས་པ་ཡུད་ཙམ་གྱིས་བཅོམ་ཞིང་ཉལ་ཁང་དུ་མི་ལོག་ཐབས་མེད་དུ་གྱུར། འཇིག་རྟེན་འདིར་སུ་ཞིག་ཀྱང་རང་རང་གི་མཚན་སྙན་དང༌། བདེ་སྐྱིད་ཀྱི་ཆེད་ཤི་ལ་ཁད་དུ་འཕག་འཚག་རྒྱག་ཅིང། ཐ་ན་རང་སྲོག་ཀྱང་གཏོང་བས་ང་རང་ཡང་འདི་ལྟར་འདུག་ཁོམ་མ་བཟོད་པར་ཆུ་ཚོད་བཅུ་པར་ཐུན་ཇ་བཏུང་རྗེས་དགོངས་ཤོག་ཤིག་བྲིས་ཏེ་སློབ་གྲྭ་ནས་མལ་ལེ་གསུམ་ཙམ་ཡོད་པའི་གཞུང་གི་སྨན་ཁང་དུ་བསྐྱོད།
       ཧ་ཅང་མི་ཆེ་བའི་སྨན་ཁང་གི་སྒོ་འགྲམ་ན་དབུལ་ཕྱུག་འདྲ་མིན་གྱི་མི་སྣ་མང་པོ་སྨན་ཁང་གི་སྒེའུ་ཁུང་དེར་མིག་ཟུང་ཧྲིག་གེར་ཅེར་ནས་འཚང་ཁ་ཤིག་ཤིག་ངང་ཤོག་བྱང་ལེན་པར་འབད་བཞིན་འདུག །འདུ་རྫི་ཆེ་བའི་མི་ཚོགས་ཀྱི་དབུས་ན་ལག་ཏུ་ཤོག་དངུལ་བཅུ་ཐོགས་ཤིང་ཤ་སྐམ་རུས་སྐམ་གྱི་ཉམ་ཐག་རྒས་པོ་ཞིག་བུད་མེད་ཅིག་གིས་སྐྱོར་ཏེ་སྨན་རིན་སྟེར་རོགས་གནང༌། སྨན་རིན་སྟེར་རོགས་གནང་ཞེས་ཞུ་འབོད་བྱེད་ཀྱིན་འདུག །སྐབས་དེར་གཟུགས་སྟོབས་ཆེ་ལ་ཤ་མདངས་རྒྱས་པའི་ཕོ་གཞོན་ཞིག་གིས་སྤྲང་པོ། ཕར་རྒྱུགས། ཞེས་ཚིག་ངན་གྱིས་ལན་འགའ་བརྡུངས། ངས་གོ་ཐོས་ལྟར་ན་ཁོ་པའི་གཟའ་ཟླ་ཡོན་ཚད་མཐོ་ལ་མཐོ་རིམ་ཕྱུག་བདག་གི་གཞོན་ནུ་མ་མཚར་ཅན་ཞིག་རེད་ཟེར། རིང་མིན་ཁོང་གཉིས་ཨ་རིར་སྐྱོད་འཆར་ཡོད་སྐད། སྐབས་དེར་སྨན་པ་ཞིག་ཐད་ཀར་ཁོ་པའི་མདུན་དུ་འོངས་ནས་ཡི་གེ་ཞིག་ཁོ་པར་སྤྲད་སོང༌། དེ་མ་ཐག་ཁོ་པ་ངོ་མདངས་རྦད་དེ་གྱུར་ཅིང་ལུས་ཞུམ་ཞུམ་གྱིས་སྨན་པའི་མདུན་དུ་ངུ་ངག་གིས་ཞུ་བ་ཇི་ལྟར་བྱས་ཀྱང་སྨན་པ་དེས། དགོངས་པ་མ་ཚོམ། ཞེས་བརྗོད་ཀྱིན་ཕྱི་ལྟ་ཡང་མ་བྱས་པར་ཤར་རེར་རྡོ་སྐས་ཤིག་ནས་ཐོག་ཁར་བུད་སོང༌། ལུས་ལ་གོས་དཀར་གྱོན་ཅིང་མགོ་བོར་ཞྭ་མོ་དཀར་པོ་གྱོན་པའི་སྨན་ཞབས་པ་རྣམས་ནད་པ་དབོར་འདྲེན་གྱི་བྲེལ་མྱུར་ཧ་ཅང་ཆེ། ཡུད་ཙམ་ནས་ངའི་མདུན་ཐད་ཀྱི་ཁང་པ་ཞིག་ནས་སྨན་ཞབས་ཚོས་རས་དཀར་ཟླུམ་པོར་གཡོགས་པའི་ཕུང་པོ་ཞིག་ལག་དྲུད་འཁོར་ལོའི་ནང་འདྲེན་འོང་གིན་འདུག །དེའི་རྒྱབ་ཏུ་དེང་རབས་ཀྱི་བཟོ་བཀོད་དམིགས་བསལ་ཅན་གྱི་གྱོན་གོས་དང༌། གསེར་དངུལ་སོགས་ཀྱིས་མགུལ་དང་ལག་ངར་སོགས་རབ་ཏུ་བརྒྱན་པའི་མི་སྣ་ལྔ་དྲུག་མགོ་བོ་སྨད་ཅིང༌། མིག་ཆུ་འཛར་འཛར་བར་མ་ཆད་པའི་ངུ་འབོད་བྱེད་བཞིན་འོང༌།
        དེ་ནས་ང་རང་སྨན་པར་གཏུགས་སྐབས་མིག་ཤེལ་གྱོན་པའི་སྨན་པ་བགྲེས་སོང་དེས་བརྟག་དཔྱད་བྱས་མཐར་མགོ་བོ་གཡུག་བཞིན་ཁྱེད་རང་ལ་ཟས་དུག་ཕྱིན་འདུག་ཟེར། ཏག་ཏག་ཉིན་གཉིས་ཀྱི་སྔོན་ངའི་སློབ་གྲོགས་ཤིག་གི་གཅེན་པོའི་གཉེན་སྒྲིག་མཛད་སྒོའི་སྐབས། བྱ་ཤ་དང༌། ཉ་ཤ །རུས་སྦལ་ཤ་ལ་སོགས་པ་ཧ་ཅང་གྲ་རྒྱས་པའི་གསོལ་སྟོན་དེས་ཡིན་ཁོ་ཐག་རེད། ངའི་མིག་ལམ་དུ་མཐོང་ཕྱོགས་ཤིག་ལ་ནད་པ་ལ་ལ། ཟས་བཅུད་མི་འདང་བས་བྱས་ཟེར་ནག་ཅིག་སྐམ་རིད་དུ་གྱུར་ཏེ་ལྟོ་བ་རྒལ་པར་འབྱར། འགའ་ཞིག་སྨྱོ་ནད་ཀྱིས་ཟིན་ཟེར། ཐོབ་དང་གོ་ས་རིགས་རུས་ལ་སོགས་པའི་གཏམ་འཆོལ་འབའ་ཞིག་སྨྲ། ལ་ལ་རྒྱགས་ཤིང་ཁྲག་ཤེད་ཀྱིས་གནར་ཏེ་དབུགས་ཆད་ལ་ཁད་དུ་སྣང༌། དེ་དག་ནི་ཟས་དྲག་པས་བྱས་ཟེར། གང་ལྟར་ཅི་ཞིག་གིས་བྱས་སམ་དབང་པོ་སྐྱོན་ཅན་སོགས་ནད་པའི་རིགས་མི་འདྲ་བ་ཧ་ཅང་མང༌།
        ང་རང་ཕྱི་དྲོ་སྨན་ཁང་ནས་སློབ་གྲྭར་ལོག་སྐབས་ལམ་ཟུར་དུ་གད་སྙིགས་ཕུང་གསོག་བརྒྱབ་ཡོད་པའི་ཉེ་འཁྲིས་ན་རས་གུར་རྩབ་རལ་ཞིག་ནང་ཕྲུ་གུ་འགའ་ས་མཆོངས་གནམ་མཆོངས་ཀྱིས་རོལ་རྩེད་དང་གླུ་དབྱངས་ལེན་གྱིན་འདུག །སློབ་གྲྭའི་ཉེ་འགྲམ་དུ་སླེབས་དུས་ཤི་མ་ཐག་པའི་བྱ་ཁྲ་ཞིག་ལ་ཁྱི་མོ་གཉིས་ཀྱིས་ཕར་འཐེན་ཚུར་འཐེན་གྱིས་མཆེ་བ་གཙིགས་བཞིན་རྩོད། སྐབས་དེར་ཕྲག་པ་གཡོན་པར་ཁུར་བུ་བཏེག་ཅིང་ལག་གཡས་པར་དབྱུག་གུ་འཆང་བའི་སློང་མོ་བ་གཞོན་ནུ་གཉིས་ཀྱིས་ཁྱི་མོ་དེ་གཉིས་བརྡུངས་པས། ཁྱི་མོ་ཝང་ཝང༌། ཞེས་སྡུག་སྐད་ཤོར་ཏེ་མཇུག་མ་རྐུབ་འོག་ཏུ་བཅུག་ནས་ཕྱིར་ལྟ་བྱེད་ཀྱིན་བྲོས། ཁོང་གཉིས་གད་མོ་ཐ་གེར་དགོད་ཀྱིན་ཆས་སོང༌། ཧའ་ཧའ། འདི་ནི་འཁོར་བའི་ཉིན་གཅིག་དང༌། སྐྱིད་མ་སྡུག་གི་འཇིག་རྟེན་གྱི་གྲུ་ཟུར་ཞིག་ནས་མཐོང་བའི་གཟིགས་མོ་ཡིན། རང་ཉིད་ཀྱིས་རང་ཉིད་མི་མཐོང་ཞིང་ཚོན་ཁྲ་ཅན་གྱི་མིག་ཤེལ་གྱོན་པའི་འཇིག་རྟེན་འདིར་ང་ཚོས་ཇི་ལྟར་བྱས་ཏེ་མདུན་སྐྱོད་བྱེད་དགོས་སམ།
         མདོར་ན་ང་རང་ལ་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ཀྱིས་ཕྱོགས་གང་ས་ནས་རྡུང་རྡེག་གཏོང་བ་དང༌། ད་དུང་གྲོད་ཁོག་ལ་ན་ཟུག་རྒྱག་བཞིན་པར་ངས་སླར་ཡང་ཆེས་མཐའ་འཇུག་གི་འཇིག་རྟེན་གསར་པ་ཞིག་འཚོལ་སྙེག་སླད་ཁུ་སིམ་མེར་ཉལ་ཁང་དུ་ལོག་ཅིང་ལྕགས་སྨྱུག་ཟད་པོ་དེ་བླངས་ནས་སླར་ཡང་མནོ་གསམ་གྱི་རྦ་ཀློང་ཁྲོད་དུ་འཛུལ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁོར་བའི་ཉིན་གཅིག

2009-07-09 དབུས་ཕྲུག་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།