གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ནི་སྐར་ཕྲན་ཞིག་ཡིན།

2013-06-10 21:08:00 བཀྲ་ཤིས་ལྷ་མོ། ཀློག་གྲངས། མཆན ཡོད།

  དབེན་ཞིང་འཇགས་པའི་དོ་ནུབ།  ང་རང་མལ་ཐུལ་གྱི་གཏིང་རིམ་དུ་འཛུལ་ནས་ག་ལེར་གཉིད་གྲབས་ཡིན་མོད།   མཚན་མོ་འདིར་ཉིན་མོར་མཐོང་ཐུབ་པའི་བྱ་བྱེའུ་རྣམས་ཀྱང་གཉིད་ཁུག་ཟིན་པས་གྲགས་འགུལ་ཅི་ཡང་མེད་ལ།  ཡོད་ཚད་ཁུ་སུམ་མེར་གནས་པའི་དོ་ནུབ་ཀྱི་འཇིག་རྟེན་དུ་ནམ་རྒྱུན་ཁ་བརྡ་བྱེད་རྒྱུར་དགའ་བའི་སློབ་གྲོགས་དག་ཀྱང་སྔ་མོ་ནས་རྨི་ལམ་གྱི་ཞིང་ཁམས་སུ་བསྐྱོད་ཟིན།  ཡིན་ཡང་། ངའི་མིག་ལམ་ན་ད་དུང་གཟིམ་རྒྱུ་མེད་པའི་སྐར་ཚོགས་ཁྱུ་གཅིག་ཀེམ་ཀེམ་གཡོ་བའི་ཉམས་ཆུང་གི་མིིག་འབྲས་དུ་མ་དང་འདྲ་བར་རེ་བ་ཁྲི་ཕྲག་གིས་བདག་ལ་ཅེར་འདུག
  གྲངས་རྩིས་ཀྱིས་དཔག་པར་དཀའ་བའི་ཁྲ་ལམ་ལམ་གྱི་སྐར་ཚོགས་དེ་དག་ནི་ཆུ་ལུད་ཀྱིས་སྟོང་བའི་ས་བོན་དང་མཚུངས་ལ། ལམ་ལམ་དུ་འཚེར་བའི་མུ་ཏིག་དང་ཡང་གཉིས་སུ་མེད་ཅིང་།    མུ་མཐའ་དང་ཐོགས་རེག་བྲལ་བའི་བར་སྣང་དེ་རུ་མེས་པོ་ན་རིམ་གྱིས་བཏབ་པའི་རྟོགས་དཀའ་བའི་གསང་གནས་རེ་རེའང་ཡིན་སྲིད།    ང་གཅིག་པུ་དང་ཡང་ན་ང་ཚོ་ཐུན་མོང་གི་མིང་ཡོད་པ་དང་མེད་པའི་སྐར་མ་ཆུང་ཆུང་གི་ཚོགས་པ་དེར་གཏན་ནས་མཐོང་ཆུང་བྱེད་ཐབས་མེད་ལ།     དེ་བས་ཀྱང་འཛུམ་ཞིང་བཀྲ་བའི་སྐར་ཚོགས་ཀྱི་རྐང་འགྲོས་དེ་ལ་ག་དུས་ཡིན་ཡང་མཚམས་འཇོག་མེད་པར་ཆེམ་ཆེམ་གྱི་འོད་མདངས་འཕྲོ་ཞིང་།    ཧ་ཅང་རྒྱང་རིང་རྒྱང་རིང་གི་སྙེག་ཡུལ་ཞིག་ཏུ་དམིགས་པ་དང་མཚུངས་བར།  འོད་མདངས་ཀྱིས་དྲེགས་པའི་རྒྱུ་སྐར་དག་གིས་ལག་རྡང་སྦྲེལ་ཚེ།  དེ་ནི་ཉ་རྒྱས་ཟླ་བས་ཀྱང་དོ་ཟླ་མེད་པའི་མཛེས་སྡུག་ཅིག་ཏུ་འགྱུར་ཐུབ་ཅིང་།  འཁོར་སྐར་ཆུང་ཆུང་དེ་དག་གནས་པའི་རྒྱུ་མཚན་གྱིས་མཚན་མོའི་བར་སྣང་དེ་ནི་སྔར་བས་ཀྱང་ཡིད་དབང་འཕྲོག་པའི་ཞིང་ཁམས་ཞིག་དུ་གྱུར་ནས།  ཁེར་རྐྱང་གིས་བགྲོད་པའི་ཟླ་བ་དེ་ལའང་གཞན་ལས་ལྷག་པའི་སྔར་མེད་གྱི་གཟི་མདངས་ཤིག་མངོན་པར་ཐོན་ཡོད་པ་འདིས།  ང་དང་ང་ལྟ་བུའི་གཉིད་དུ་ཡུར་བའི་སྐྱེ་བོ་མང་དག་ཅིག་ལ་ཆེས་གཏིང་རིམ་ནས་གསལ་བའི་སེམས་དོན་གྱི་སྒྲོན་མེ་སྦར་བྱུང་།
དག་དག་སྐབས་འདི་ལ།  ང་ཡང་དེའི་ཁྲོད་ཀྱི་སྐར་ཕྲན་ཞིག་དུ་གྱུར་ནས་རང་ཉིད་ལ་གཏོགས་པའི་མཐོངས་དབྱིངས་ནས་རང་ལུས་འོད་དུ་འཚེར་བཞིན། མུན་པ་དང་རྨོངས་པ་ལ་གདོང་ཕྱོགས་ཏེ།   བསྙེངས་བྲལ་གྱི་མིག་ཟུང་ཕུར་ཚུགས་སུ་ཅེར། སེམས་སུ་འདི་འདྲའི་ཡིད་ཆེས་ཤིག་བསྲེལ་ནས་སྲིན་འབུ་མེ་ཁྱེར་ཞིག་གི་ཚུལ་གྱིས་རང་ལུས་ཕྱེད་གཤགས་སུ་མ་སོང་ན།  རང་ལུས་འོད་དུ་བཀྱེ་རྒྱུ་ནི་ངའི་མི་ཚེ་འདིའི་དད་འདུན་ཡིན།
  སླར་ཡང་ང་རང་བསམ་གཞིག་ཁྲི་ཕྲག་གི་གཏིང་རིམ་ནས་སད་དུས།  རྒྱུ་སྐར་རྣམས་སྔར་བཞིན་འོད་ལམ་ལམ་དུ་འཚེར་བ་དང་།  དེ་དག་ནི་མཐོ་སྒང་གི་མཁའ་དབྱིངས་སུ་རྨི་ལམ་གྱིས་བསྒྲོན་པའི་གསེར་མདོག་གི་སྒྲོན་མེ་རེ་རེའང་ཡིན་སྲིད་ཅིང་། མཐོ་སྒང་གི་བརྩོན་ལེན་དང་འཚོལ་ཞིབ་བྱེད་བཞིན་པའི་ཕུགས་འདུན་རེ་རེ་ཡིན་ལ།  ང་ཚོའི་བྱ་བཞག་དང་། འདོད་བློ། དུང་ཞེན།  མདོར་ན་མི་ཡུལ་འདིའི་མཛེས་སྡུག་ལྡན་པ་ཡོད་ཚད་ཀྱང་དེ་དག་དང་ཐ་དད་དུ་དབྱེ་ཐབས་མེད་པས།  སྐར་ཕྲན་རེ་རེ་ལའང་ཚེ་སྲོག་ལྡན་ནོ།།  ཆུ་འཛིན་དང་སྨུག་སྤྲིན་གྱིས་ཡོངས་སུ་གཡོགས་པའི་མག་མོག་གི་སྐར་ཕྲན་དག་ནི་རབ་རིབ་དུ་གྱུར་ཏེ།  ཐག་ཉེ་ནས་ཐག་རིང་ཞིག་ཏུ་གཡོ་ཞིང་། སླར་ཡང་ཐག་རིང་ནས་ཐག་ཉེ་ཞིག་ཏུ་གསལ་བོར་རྒྱུ་དུས་སུ།  ངས་གཞི་ནས་རྟོགས་སོང་བ་ནི་ནམ་མཁའ་ན་སྐར་ཕྲན་མཆིས་ལ།  ས་གཞི་ནའང་སྐར་ཕྲན་མཆིས་པའི་གནས་ལུགས་དེ་རེད།
       ༢༠༡༣  ལོའི་སྤྱི་ཟླ་ ༤  བའི་ཚེས་  ༢༤   ཉིན་གྱི་མཚན་མོར་མི་ཉག་རྫོགས་ཆེན་སློབ་གྲྭའི་གྲུ་ཟུར་ཞིག་ཏུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།